ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་ལ་གཟིགས་ཞིབ་ཐེངས་གསུམ་གནང་ནས། ཧའེ་ནན་ཞིང་ཆེན་ལ་སྔར་ལས་མཐོ་བའི་ལངས་གནས་དང་། སྔར་ལས་ཡངས་པའི་གཟིགས་རྒྱང་། སྔར་ལས་ཆེ་བའི་སྟོབས་ཤུགས་བཅས་ཀྱི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བར་མཛུབ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཆུང་ཀྲིག་གི་མི་དམངས་མང་ཚོགས་ཀྱིས་དངོས་འཛིན་དངོས་སྒྲུབ་ཀྱིས་མཛེས་སྡུག་གི་ཧའེ་ནན་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད།
ཧའེ་ནན་འདི་ཉིད་དུས་རབས་གསར་པའི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དཔེ་སྟོན་ཞིག་ཏུ་འགྱུར་བར་བྱེད་དགོས།
ད་ལོའི་ཟླ4པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧའེ་ནན་ཞིང་ཆེན་དུ་གཟིགས་ཞིབ་མཛད་པར་ཕེབས་པ་རེད། གྲུ་ཁ་དེ་ནས་གྲུ་ཁའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། གྲུ་ཁ་འཕེལ་རྒྱས་གཏོང་རྒྱུ་དེ་དབྱང་ཕུའུ་དཔལ་འབྱོར་གསར་སྤེལ་ས་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་དང་ཕན་ཚུན་ཟུང་འབྲེལ་དང་ཕུན་ཚུན་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཧའེ་ནན་གྱི་བཅོས་སྒྱུར་སྒོ་འབྱེད་བྱེད་ཐབས་དང་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ལས་ཕན་ཁེ་ཐོབ་པའི་ཧའེ་ནན་གྲུ་ཁའི་མཁའ་འགྲུལ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་ཡིས། མཁའ་ལམ་དྲ་བའི་བཀོད་སྒྲིག་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། 2019ལོ་ནས་བཟུང་དོས་སྒམ་འདོན་འཇུག་བྱེད་ཚད་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པ་དང་། ན་ནིང་ཚད་གཞི་ལྡན་པའི་དོས་སྒམ་ས་ཡ་གཅིག་ལས་བརྒལ་ཡོད། གོམ་སྟབས་རྗེས་མར་ཀུང་སི་དེས་གྲུ་ཁའི་དུས་སྐབས་གཉིས་པའི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་གྲུ་ཁའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།
གྲུ་ཁ་ཞིག་གི་འཕེལ་རྒྱས་ནི་ཧའེ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་དང་། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་གཟིགས་ཞིབ་མཛད་ཐེངས་རེར་ཧའེ་ནན་གྱི་བཅོས་སྒྱུར་སྒོ་འབྱེད་ལ་མཛུབ་སྟོན་གལ་ཆེན་གནང་བ་རེད། 2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་དཔལ་འབྱོར་དམིགས་བསལ་ས་ཁུལ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས། རྗེས་ཐོན་ལེགས་ཆ་མང་བ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་བས། རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་བསྐྲུན་རྒྱུ་དེ་འགག་རྩར་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་ཞེས་གསུངས་པ་རེད། 2018ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་གྱི་གླིང་ཕྲན་ཧྲིལ་པོར་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པར་རྒྱབ་སྐྱོར་དང་། ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པར་རིམ་བཞིན་འཚོལ་ཞིབ་དང་སྐུལ་འདེད་བརྟན་པོ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་། ད་ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཧའེ་ནན་དུས་རབས་གསར་པའི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དཔེ་སྟོན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
ད་ལྟ་ཧའེ་ནན་གྱིས་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་འཛུགས་སྐྲུན་བྱེད་པར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་སྟེ། རྒྱལ་ཁོངས་སུ་ཡུལ་སྐོར་བྱེད་མཁན་ཐོངས་མཆན་འགོད་མི་ དགོས་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་། གླིང་ཕྲན་ནས་འབྲལ་སྐབས་ དངོས་ཟོག་ཉོས་པའི་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ། ལོ་རེར་ཡུལ་སྐོར་བར་སྣེ་ལེན་བྱས་ཚད་བརྟན་འཇགས་ངང་འཕར་བ་བཅས་རེད། མིག་སྔར་ཧའེ་ནན་ཞིང་ཆེན་གྱིས་རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་གནས་མཆོག་བསྐྲུན་བཞིན་ཡོད།
ཧའེ་ནན་ཞིང་ཆེན་གྱིས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བསྐྲུན་ནས། ཕྱི་རྒྱལ་གྱི་མ་དངུལ་ཁྲོམ་རར་འཇུག་འཐུས་ཀྱི་ཆ་རྐྱེན་ཇེ་ལྷོད་དུ་བཏང་བས། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་ལྔ་བརྒྱའི་གྲས་ཀྱི་ཁེ་ལས་བཅུ་ཕྲག་ཁ་ཤས་ཧའེ་ནན་ཞིང་ཆེན་དུ་བཀུག་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བརྩི་སྲུང་བྱས་ཏེ། ཧའེ་ནན་ཞིང་ཆེན་གྱིས་ ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་གཙོར་འཛིན་པའི་སྲིད་ཇུས་ཡིག་ཆ150ལྷག་སྔ་རྗེས་སུ་དོན་འཁྱོལ་བྱས་པ་བརྒྱུད། རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་མ་ལག་རགས་ཙམ་ཆགས་པར་ ཕན་འབྲས་མངོན་གསལ་ཐོབ་ཡོད། སྒོ་ཁྲལ་མི་བསྡུ་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་མིག་སྔར་རིམ་རྩིས་བྱས་ན་ཁེ་ལས་ལ་དཔྱ་ཁྲལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ལྷག་ཇེ་ཉུང་དུ་བཏང་བ་དང་། ལས་སྣོན་གྱི་འཕར་སྣོན་རིན་ཐང་དང་དངོས་ཟོག་ནང་འཚོང་གི་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། མིག་སྔར་རིམ་རྩིས་བྱས་ན་དཔྱ་ཁྲལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་ཇེ་ཉུང་དང་ཡང་ན་མེད་པར་བཟོས་ཡོད། 2021ལོའི་ལོ་མཇུག་བར་ཁྱོན་སྡོམ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ126གི་མ་དངུལ་གཏོང་མཁན་གྱིས་ཧའེ་ནན་ཞིང་ཆེན་དུ་མ་དངུལ་བཏང་ཡོད།
ཧའེ་ནན་གྱི་དཔལ་འབྱོར་ཐད་གསོན་ཤུགས་གསར་པ་མངོན་པ་སྟེ། འཛད་སྤྱོད་ཀྱི་སྦས་ཤུགས་ཆེན་པོ་མངོན་ནས། 2021ལོར་གླིང་ཕྲན་དང་བྲལ་བའི་ཁྲལ་སྤྲོད་མི་དགོས་པའི་ཚོང་ཁང་གི་ཚོང་བྲིན་ཚད་སྒོར་ཐེར་ཆེན་དྲུག་ལས་བརྒལ་བ་དང་། ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ནས། 2021ལོར་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་དངུལ་གཏོང་ཁེ་ལས་དུས་མཚུངས་ལས92.6%འཕར་བ་དང་། རྒྱལ་སྤྱིའི་ཁྲོམ་ར་མུ་མཐུད་དུ་འཕེལ་རྒྱས་བྱུང་ནས་ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་ཀྱི་ཉོ་ཚོང་བསྡོམས་གྲངས100%ལས་བརྒལ་ཡོད།
འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་ཐབས་ལམ་ཞིག་རེད།
ད་ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་དུ་གཟིགས་ཞིབ་མཛད་སྐབས། ཧའེ་ནན་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས་ན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་ཐབས་ལམ་ཡིན་པ་ནན་གྱིས་བསྟན་ལ། ཚན་རྩལ་གསར་བསྐྲུན་དང་གྲུབ་འབྲས་གཞན་སྒྱུར་གྱི་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
2019ལོར་སན་ཡ་ཡ་ཀྲིག་ཝན་ཚན་རྩལ་གྲོང་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། མིག་སྔར་སྤྱི་པའི་རང་བཞིན་དང་སྒོ་འབྱེད་རང་བཞིན་གྱི་ཚན་ཞིབ་ལས་སྟེགས་གལ་ཆེན12བསྐྲུན་ཡོད། 2021ལོར་ཧའེ་ནན་ཞིང་ཆེན་ཡ་ཀྲིག་ཝན་ས་བོན་ཚོད་ལྟ་ཁང་ བཙུགས་པ་དང་། ཡོན་ཧྲི་ཚོགས་པ་དང་གསར་གཏོད་ཚོགས་པ46ནང་འདྲེན་བྱས་ཡོད།
ཧའེ་ནན་ནི་རྒྱ་མཚོའི་ཞིང་ཆེན་ཞིག་རེད། 2018ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སན་ཡ་གྲོང་ཁྱེར་དུ་བཙུགས་པའི་ཀྲུང་གོ་ཚན་རིག་གླིང་མཚོ་གཏིང་ཚན་རིག་དང་བཟོ་སྐྲུན་ཞིབ་འཇུག་ཁང་དུ་གཟིགས་ཞིབ་མཛད་སྐབས། མཚོ་གཏིང་ཚན་རྩལ་ལས་དོན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་རེད། ཀྲུང་གོ་ཚན་རིག་གླིང་མཚོ་གཏིང་བཟོ་སྐྲུན་ཚོད་ལྟ་ཁང་གི་མཐོ་རིམ་ལག་རྩལ་པ་ཀྲིག་ཧའོ་ཡིས་བཤད་རྒྱུར། ལོ་བཞི་ལྷག་གི་རིང་། ང་ཚོས་རྒྱ་མཚོའི་ཚན་རྩལ་མཁྲེགས་གཏོར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཇེ་ཟབ་ཏུ་ཕྱིན་པ་དང་། ཚོད་ལྟ་ཁང་གིས་མཚོ་གཏིང་ཚན་རྩལ་གསར་བསྐྲུན་གྱི་དགོས་མཁོར་གཞིགས་ནས་ཚན་ཞིབ་སྒྲིག་ཆས་བརྒྱ་ཕྲག་ཁ་ཤས་སྒྱུར་བཀོད་དང་རིམ་སྤོར་བྱས་ཡོད་ཟེར།
ཉེ་བའི་ལོ་གཉིས་ཀྱི་རིང་ལ། ཧའེ་ནན་གྱི་མཚོ་གཏིང་ཚན་ཞིབ་ཀྱི་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ་དང་། འབད་འཐབ་པ་རྟགས་ཅན་གྱི་མཚོ་གཏིང་མི་སྡོད་ཆུར་འཛུལ་ཡོ་བྱད་མཚོ་གཏིང་དུ་ཚོད་ལྟ་དང་ཚན་ཞིབ་བཀོལ་སྤྱོད་ཀྱི་ལས་འགན་ཡོངས་འགྲུབ་བྱས་པ་རེད།
ཧའེ་ནན་ཝུན་ཁྲང་དུ་ཡོད་པའི་ཀྲུང་གོ་ཝུན་ཁྲང་མཁའ་སྐྱོད་འཕུར་གྲུ་འཕེན་གཏོང་བྱེད་གནས་ནི་ཀྲུང་གོའི་མཚོ་འགྲམ་གྱི་མཁའ་སྐྱོད་འཕུར་གྲུ་འཕེན་གཏོང་བྱེད་གནས་དང་པོ་ཡིན་ཞིང་། འཛམ་གླིང་གི་འཕྲེད་ཚད་དམའ་བའི་འཕེན་གཏོང་བྱེད་གནས་ཉུང་ཤས་གྲས་ཀྱི་གཅིག་ཀྱང་ཡིན་པ་རེད། 2016ལོ་ནས་བཟུང་མཁའ་གྲུ་དང་པོ་དང་། མཁའ་འདྲི་དང་པོ། ཟླ་བའི་ལྷ་མོ་ལྔ་པ། མཁའ་གྲུ་གཉིས་པ། མཁའ་གྲུ་གསུམ་པ། མཁའ་གྲུ་བཞི་པ་སོགས་རྒྱལ་ཁབ་ཀྱི་མཆོག་ནོར་རེ་རེ་བཞིན་འདི་ནས་མཁའ་དབྱིངས་སུ་བཏང་ཡོད། མིག་སྔར་ཧའེ་ནན་གྱིས་མེ་ཤུགས་འཕུར་མདའི་འཁོར་འབྲེལ་དང་། སྲུང་སྐར་འཁོར་འབྲེལ། གྲངས་གཞིའི་འཁོར་འབྲེལ་བཅས་འཕེལ་རྒྱས་གཏོང་བར་དམིགས་ནས། ཚན་རྩལ་གསར་བསྐྲུན་གྱི་ལས་སྟེགས་གལ་ཆེན་མགྱོགས་མྱུར་ངང་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་ནས། ཧའེ་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ཞིང་། 2021ལོར་མཐོ་གསར་ལག་རྩལ་ཐོན་ལས་ཚུད་པའི་གཙོ་ཁྲིད་ཐོན་ལས་ཆེ་གྲས་བཞི་ཡིས་དཔལ་འབྱོར་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་བཅུ་ཆའི་བརྒྱད་ཙམ་ཟིན་ཡོད། 2020ལོ་ནས་ད་ལྟའི་བར་མ་དངུལ་སྒོར་ཐེར་ཆེན་གཉིས་བཏང་ནས་སོན་གསོ་དང་། མཚོ་གཏིང་། མཁའ་སྐྱོད་བཅས་ཚན་རྩལ་གསར་བསྐྲུན་གྱི་མཐོ་ས་ཆེན་པོ་གསུམ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད།
སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས།
ཧའེ་ནན་ཞིང་ཆེན་དུ་གཟིགས་ཞིབ་མཛད་ཐེངས་རེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་སྔོ་ཞིང་དྭངས་བའི་རི་ཆུ་དང་རྒྱ་མཚོ། ནམ་མཁའ་བཅས་ནི་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་སྐྲུན་པའི་མ་རྩ་ཆེ་ཤོས་དེ་ཡིན་པས། ཧའེ་ནན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་བསྐྲུན་པ་དང་ཧའེ་ནན་གྱི་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་སྐྲུན་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་ལ། ཧའེ་ནན་གྱི་ལས་དོན་དེ་རྒྱལ་ཁབ་ཀྱི་དོན་ཆེན་དུ་བརྩི་དགོས་ཞེས་གསུངས་པ་རེད།
རི་བོ་སྔོ་ཞིང་ལྗང་ལ། མཚོ་མོ་དྭངས་ཤིང་གཙང་། 2021ལོར་ཧའེ་ནན་གྱི་གཙོ་གནད་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལེགས་ཚད100%ཟིན་པ་དང་མཚོ་འགྲམ་མཚོ་ཁོངས་ཀྱི་ཆུའི་སྦགས་བཙོག་གི་རྒྱུ་རྐྱེན་གཞི་རྩའི་ཆ་ནས་མེད་པར་བཟོས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཟླ4པར་ཧའེ་ནན་ཞིང་ཆེན་དུ་གཟིགས་ཞིབ་མཛད་སྐབས། ཚ་ཁུལ་གྱི་ནགས་ཚལ་སྲུང་སྐྱོབ་ནན་མོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
2013ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སན་ཡ་ཡ་ལུང་ཝན་ཉེ་འགྲམ་གྱི་པོ་ཧིག་སྡེ་བ་ནས་འབྱོར་འབྲིང་ཡིན་མིན་དེ་གཙོ་བོ་མང་ཚོགས་ལ་བལྟ་དགོས་ཞེས་གསུངས་པ་རེད། མིག་སྔར་ཧའེ་ནན་ཞིང་ཆེན་གྱིས་མཛེས་སྡུག་གི་གྲོང་གསེབ་1674བསྐྲུན་ཡོད་པ་དང་། པོ་ཧིག་སྡེ་བ་ནི་དེའི་གྲས་ཀྱི་གཅིག་ཡིན་པ་རེད། ལོ་དགུའི་་རིང་ལ། སྔོན་ཆད་ཀྱི་བ་ཚྭ་ཅན་གྱི་ས་གཞི་འདི་ད་ལྟ་ཕྱུག་འགྱུར་གྱི་ས་རྒྱུ་གཤིན་པོ་ཞིག་ཏུ་གྱུར་ནས་དེ་གར་བཞད་པའི་རྒྱ་སེ་མེ་ཏོག་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པར་མ་ཟད། སྡེ་བའི་དམངས་སྲོལ་མགྲོན་ཁང་མང་པོ་བསྐྲུན་ཏེ་ཡུལ་མི་ཚོས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱེད་བཞིན་ཡོད།
མིག་སྔར། ཧའེ་ནན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་པའི་རྨང་གཞིའི་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་བརྩི་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་ནས། གྲོང་གསེབ་དར་སྤེལ་གཏོང་བའི་ཧའེ་ནན་གྱི་མ་དཔེ་ཧུར་ཐག་གིས་བསྐྲུན་བཞིན་ཡོད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།