རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།
2022.06.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་མདོ་དབུས་མཐོ་སྒང་ལ་གཟིགས་ཞིབ་ཏུ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། མངགས་བཅོལ་ནན་མོ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་བ་དང་། ཡུལ་དུས་གལ་ཆེན་གྱི་མཚམས་ཚིགས་འདིར་འགྲེངས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བའི་གྲུབ་འབྲས་ཅི་འདྲ་ཡིན་པའི་ཐད་ནས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨེན་ཀོང་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཞང་གོ་ཡིས་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ། གྲུབ་འབྲས་དང་འཕེལ་རྒྱས་གླེང་ཞིང་འཆར་འགོད་བརྗོད།

ཝང་ཨེན་ཀོང་གིས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་ཡུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་སྐྲུན་མགོ་ཚུགས་པའི་ཚུན་དུ། རྒྱལ་ཡོངས་ནས་ཐོག་མར་རང་བྱུང་སྲུང་སྐྱོབ་བྱེད་ཡུལ་ཧྲག་སྡེབ་ལེགས་བསྒྱུར་ལེགས་གྲུབ་བྱུང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཡོངས་སུ་གྲུབ་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་དངོས་སུ་གླིང་ཁུལ་བཙུགས་ཏེ། རྒྱལ་ཡོངས་ཀྱི་སྐོར་ཐེངས་དང་པོ་དང་རིམ་གྲས་དང་པོ། རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་ཞིང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་གནས་ཡུལ་དེ་རྒྱལ་ཁབ་ཀྱི་དཔྱད་འཇོག་ཞིབ་བཤེར་གྱི་ཚད་ཐིག་ལ་ལོངས་ཤིང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་བྱ་བར་ཆོག་མཆན་ཐོབ་པ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དུས་རིམ་དང་པོའི་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། མཚོ་བོད་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་གི་ཚོམས་འཛུགས་པའི་ཕྱོགས་སུ་དོན་དངོས་རང་བཞིན་གྱི་གོམ་པ་སྤོས་ཤིང་། རྒྱལ་ཡོངས་སུ་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་ཡུལ་གྱི་མ་ལག་བསྐྲུན་ཏེ། རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ“མཚོ་སྔོན་གྱི་ཇུས་གཞི”བཏོན་ཅིང“མཚོ་སྔོན་གྱི་བློ་གྲོས”ཕུལ་ཞེས་བཤད།

རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་ཡུལ་མ་ལག་བསྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་ཀློང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་པས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་གྲུབ་འབྲས་མངོན་གསལ་ཡིན། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་གྲུབ་འབྲས་ཀྱིས་སྔར་ལས་མང་བའི་མི་དམངས་མང་ཚོགས་ལ་ཁེ་ཕན་བསྐྲུན་ཏེ། དམངས་འཚོ་ལེགས་བཅོས་གྲུབ་འབྲས་མངོན་གསལ་བླངས་ཡོད། འཕེལ་རྒྱས་ཀྱི་ཁྲོད་ནས་སྲུང་སྐྱོང་དང་། སྲུང་སྐྱོང་གི་ཁྲོད་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་བྱེད་ཡུལ་སྣ་ཚོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་འོས་འཚམས་ཀྱིས་བཀོལ་སྤྱོད་བྱས་པས། ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་ཡིན། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་འདྲེས་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་པས། མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་མངོན་གསལ་བླངས། ཞིང་ཆེན་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་དང་། སྨད་རྒྱུད་ལ་ཆུ་མགོའི་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དགུ་ལས་བརྒལ་ཞིང་། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་ནགས་ཚལ། བརླན་སའི་སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་ཕན་ལས་རྐང་འབུམ་གཅིག་ཁྲི་བལི་ལྷག་བཀོད་སྒྲིག་བྱས་ལ། དེའི་ཁྲོད་སྐྱེ་ཁམས་དབུལ་སྐྱོར་བདག་སྐྱོང་གི་སྤྱི་ཕན་ལས་གནས་ཁྲི་བཞི་དང་སྟོང་དགུ་ལྷག་ཡོད་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་དུ“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”མངོན་འགྱུར་བྱུང་། དུས་མཚུངས་སུ། ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཞིང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་གཏན་འཇགས་ངང་འཕར་བར་སྣེ་ཁྲིད་དེ། སྐྱེ་ཁམས་སྲུང་སྐྱོང་གིས་ཁྲིད་ཕྱོགས་བྱས་པའི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་སྲོལ་གྲུབ་ལ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཡོངས་སུ་ཐོག་མར“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”དང་སྡེ་ཁུལ་གྱིས་མཉམ་སྐྲུན་མཉམ་རོལ་གྱི་དཔེ་དབྱིབས་བསྐྲུན་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་མ་ལག་ཇེ་སྡུག་ཏུ་གྱུར་བ་ནས་མུ་མཐུད་ལེགས་ཕྱོགས་སུ་འགྱུར་བའི་ཁྱོན་ཡོངས་རང་བཞིན་དང་། དཀྱོགས་མཚམས་རང་བཞིན་གྱི་འགྱུར་ལྡོག་བྱུང་།

“རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཅངས་ཏེ། “འགོ་ཁུངས་འགན་འཁྲི”ཕྲག་ཏུ་འཁུར་བ་དང་། རྗེས་མར་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་ཡིན་ལ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལྟར། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་ཡུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་སྟེང་ནས་མདུན་དུ་བསྐྱོད་པར་འབད་བརྩོན་བྱ་རྒྱུ་ཡིན་ཞིང་། ཚད་གཞི་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་དང་། སྲུང་སྐྱོབ་བྱེད་ཡུལ་མ་ལག་སྔར་ལས་ལེགས་བསྒྱུར། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ། ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཛེས་པའི་ཀྲུང་གོའི་མཚར་སྡུག་མིང་བྱང་འགྲེམ་སྟོན་བྱ་རྒྱུ་ཡིན།

ཝང་ཞང་གོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ལ་མཚོ་སྔོན་གྱི་འཕེལ་རྒྱས་བཅངས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་ཐུགས་ཁུར་གནང་བཞིན་ཡོད། ཁོ་རང་མཚོ་སྔོན་གྱི་འཐུས་མིའི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ལ་ཞུགས་ཤིང་། མཚོ་བོད་མཐོ་སྒང་ལ་གཟིགས་ཞིབ་ཏུ་ཐེངས་གཉིས་ལ་ཕེབས་ཏེ། གསུང་བཤད་གལ་ཆེན་གནང་ཞིང་མཆན་བཀོད་མཛུབ་སྟོན་སྤེལ་བས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཞིང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་དང་། འཛད་མཐའ་མེད་པའི་སྟོབས་ཤུགས་སྦྱིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ལེགས་པོ་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱ་རྒྱུ་ནི། མཚོ་སྔོན་གྱི་གཞོལ་ཐབས་མེད་པའི་འགན་འཁྲི་དང་ནོར་འཛོལ་ཕྲ་མོ་ཙམ་ཡང་འབྱུང་མི་རུང་བའི་ལས་འགན་གལ་ཆེན་ཡིན་ཞེས་བཤད།

མངགས་བཅོལ་ནན་མོ་སེམས་ལ་བཅངས་ནས། འགན་འཁྲི་ཕྲག་ཏུ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ། ང་ཚོ་དང་ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་འབད་འབུངས་ཡར་བརྩོན་དང་། སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ་ཡིན་ལ། གསར་གཏོད་ལྡན་པའི་སྒོ་ནས་ཐོག་མའི་གསར་གཏོད་རང་བཞིན་གྱི་བཅོས་བསྒྱུར་རབ་དང་རིམ་པ་བྱས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་གྲུབ་པ་དང་། “དར་ཆ་གཅིག་གིས་སྣེ་ཁྲིད་དང་། སྡེ་ཁག་གཅིག་གིས་དོ་དམ། རིགས་གཅིག་གིས་ཧྲག་སྡེབ། ལམ་ལུགས་གཅིག་གིས་བཅོས་སྐྱོང་། ཁྱིམ་གཅིག་ལས་རྐང་གཅིག་གིས་བདག་སྐྱོང་། གཞི་གཅིག་ཅན་གྱི་མ་ལག་གིས་ལྟ་ཞིབ་ཚད་ལེན། དཔུང་སྡེ་གཅིག་གིས་ཁྲིམས་འཛིན། སྟོབས་ཤུགས་གཅིག་གིས་སྐུལ་འདེད། སྙིང་སྟོབས་གཅིག་གིས་འདེགས་སྐྱོར”བཅས་ཀྱི“གཅིག་ཅན་དགུ”ཡི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དཔེ་དབྱིབས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ་གྲུབ། 2021ལོའི་ཟླ10པའི་ཚེས12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཐེངས་བཅོ་ལྔ་པའི་ཆིངས་ཡིག་འཇོག་པའི་ཕྱོགས་ཀྱི་ཚོགས་ཆེན་གྱི་མགོ་ཁྲིད་ཚོགས་འདུའི་སྟེང་ཀྲུང་གོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་སྐོར་ཐེངས་དང་པོ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་། ས་ཁོངས་དབྱེ་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་ལྷག་ནས་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་དགུ་ལྷག་ལ་ཇེ་ཆེར་སོང་བ་དང་། རྨ་ཆུའི་འགོ་ཁུངས་ཀྱི་ཡོས་ཀྱི་སླང་ལེབ་དང་འབྲི་ཆུའི་མགོ་ཁུངས་ཀྱི་སྐུ་ལ་དར་མདུང་། འདམ་ཆུའི་ས་ཁོངས་སོགས་དངོས་སུ་བཙུགས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནང་བཞག་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་ཁྱོན་ཡོངས་སྲུང་སྐྱོབ་དང་མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་།

མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི། “རྒྱལ་ཁབ་ཀྱི་དོན་ཆེན”ཡིན། ལས་གཞི་སོ་སོས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་འགན་དོན་འཁྱོལ་ཞིབ་མོ་དང་། མི་དང་རི་སྐྱེས་སྲོག་ཆགས་ཀྱི་འགལ་བ་ཐག་གཅོད་གང་ལེགས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་བདག་དབང་མངགས་བཅོལ་ལས་ཚབ་ནང་རྐྱེན་ཚོད་ལྟ་ལག་བསྟར་བྱེད་མགོ་རྩོམ་པ་བཅས་བྱས་ཤིང་། གནམ་ས་བར་སྣང་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་བཙུགས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདེ་འཇགས་ཚད་མཐའ་ནན་སྲུང་བྱེད་པ་དང་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་ལེགས་པར་འཆད་རྒྱུ་ཡིན།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།