མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ལས་འགན་ལྕི་མོ་དེ་སྔར་བཞིན་རོང་འབྲོག་ཁུལ་དུ་གནས་ཡོད། དེ་ནི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་མཚོ་སྔོན་ཞིང་ཆེན་གྱིས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཞིབ་འཇུག་དང་བསྡོམས་ཚིག་གཙོ་བོ་ཡིན་པ་རེད། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱུང་རྗེས། ང་ཚོའི་མདུན་དུ་ལྷགས་པའི་གནད་དོན་གཙོ་བོ་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་ལས་དོན་དང་ཕན་ཚུན་འབྲེལ་མཐུད་ལེགས་པོ་ཡོང་བར་བྱ་རྒྱུ་དེ་རེད།
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་ནི་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། དབུལ་ཐར་མཁྲེགས་གཏོར་དང་བསྡུར་ན་གྲོང་གསེབ་དར་སྤེལ་གཏོང་རྒྱུ་ནི་ས་ཁོངས་ཡོངས་དང་། མི་སྣ་ཡོངས། ཕྱོགས་ཡོངས་བཅས་ཀྱི་དར་སྤེལ་ཞིག་ཡིན་པ་དང་། བྱ་ཡུལ་སྔར་ལས་རྒྱ་ཆེ་ལ་ཁྱབ་ཁོངས་སྔར་ལས་ཡངས་བ། བླང་བྱ་སྔར་ལས་མཐོ་བ། དཀའ་ཚེགས་སྔར་ལས་ཆེ་བ་བཅས་ཡིན་པ་རེད། ང་ཚོས་དམིགས་འབེན་གཅིག་གཏན་འཁེལ་བྱས་ཏེ་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་གསར་པ་སྤོ་བ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་དོན་དངོས་རང་བཞིན་གྱི་གྲུབ་འབྲས་གསར་བ་ལེན་དགོས།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། “ཞིང་གསུམ”བྱ་བའི་གཙོ་གནད་ནི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་བྱེད་པ་དང་འབྲེལ་མཐུད་ལེགས་པོ་ཡོང་བར་བྱེད་རྒྱུ་དེ་རེད། གཅིག་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་རྗེས། དབུལ་ཕོངས་ལས་ཐར་ཐུབ་པའི་རྫོང་ལ་དབུལ་ཐར་གྱི་ཉིན་ནས་བཟུང་ལོ5ཡི་བར་བརྒལ་དུས་ཡུན་བཀོད་སྒྲིག་བྱེད་པ་དང་། མི་འདོར་བ་བཞིའི་བླང་བྱ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་བསམ་བློ་ལྷོད་གཡེང་མི་གཏོང་བ་དང་། འགན་འཁྲིར་འགྱུར་ལྡོག་མི་གཏོང་བ། ནུས་ཤུགས་ཇེ་ཆུང་དུ་མི་གཏོང་བ་བཅས་བྱས་ཏེ། བར་བརྒལ་དུས་ཡུན་ནང་གི་རོགས་སྐྱོར་སྲིད་ཇུས་གཙོ་བོ་དང་། མ་དངུལ་གྱི་རྒྱབ་སྐྱོར། རོགས་སྐྱོར་སྟོབས་ཤུགས་བཅས་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་འགན་ལེན་བྱེད་དགོས། གཉིས་ནས་གོང་འོག་འབྲེལ་མཐུད་ནུས་ལྡན་ཡོང་བའི་སྲིད་ཇུས་མ་ལག་དོན་འཁྱོལ་བྱེད་རྒྱུ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ། འགོ་ཁྲིད་སྒྲིག་སྲོལ་དང་། བྱ་བའི་མ་ལག འཕེལ་རྒྱས་འཆར་འགོད། སྲིད་ཇུས་བྱེད་ཐབས། དཔྱད་ཞིབ་རྐྱེན་སྲོལ་སོགས་འབྲེལ་མཐུད་ནུས་ལྡན་བྱེད་པ་གཙོ་གནད་དུ་འཛིན་དགོས། ས་གནས་ཁག་གིས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བར་བརྒལ་དུས་ཡུན་གྱི་རྐྱེན་སྲོལ་དང་། སྲིད་ཇུས། ལས་དོན་བཅས་འབྲེལ་མཐུད་བྱེད་པའི་འཆར་གཞི་ཡག་པོ་བཟོས་ནས་སློབ་གསོ་དང་། ལས་ཞུགས། སྨན་བཅོས། སྡོད་ཁང་སོགས་ཀྱི་ཐད་རོགས་སྐྱོར་བྱེད་ཐབས་ཞིབ་རྒྱས་བཟོས་ཏེ། བར་བརྒལ་དུས་ཡུན་ནང་སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས་ཀྱི་སྲིད་ཇུས་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་ཡང་བསྐྱར་དབུལ་བོར་མི་འགྱུར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་རྐྱེན་སྲོལ་དོན་འཁྱོལ་ནན་མོ་བྱེད་དགོས། ཡུལ་གཞན་དུ་གནས་སྤོའི་རྗེས་མཐུད་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་ས་ཁུལ་གྱི་གཙོ་གནད་ཚོགས་སྤྱི་འབུར་དུ་ཐོན་པར་བྱས་ཏེ། གཞི་ཁྱོན་ལྡན་པའི་ཡང་བསྐྱར་དབུལ་པོར་འགྱུར་བའི་མཐའ་ཚད་བརྟན་སྲུང་བྱེད་དགོས། བཞི་ནས་འབྲེལ་མཐུད་མ་དངུལ་དང་ཤར་ནུབ་རོགས་ལས་མ་དངུལ་བེད་སྤྱོད་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ། འདེགས་སྐྱོར་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་འགན་ལེན་བྱེད་པ་དང་། རིགས་དབྱེ་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། གཙོ་གནད་རོགས་སྐྱོར་རྫོང་ནི་གཙོ་བོ་སྲ་བརྟན་དམ་འཛིན་དང་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། གཙོ་གནད་རོགས་སྐྱོར་རྫོང་དང་། ཚོད་ལྟའི་སྡེ་བ། གནས་སྤོས་གཅིག་སྡུད་བཀོད་སྒྲིག་ཁུལ་བཅས་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་དམིགས་པ་དང་། གྲོང་གསེབ་འཛུགས་སྐྲུན་ལ་དམིགས་པ། གྲོང་གསེབ་བཅོས་སྐྱོང་ལ་དམིགས་པ་བཅས་བྱས་ནས། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་དང་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས། གྲོང་གསེབ་ཀྱི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པའི་སྣ་མང་ཅན་གྱི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་གྱི་ལས་ཞུགས་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས།
གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དང་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་སྲིད་ཇུས་ཀྱི་མ་ལག་དང་། བྱ་བའི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་ལས་དོན་ཁྲོད་ཆགས་པའི་རྩ་འཛུགས་ཀྱི་སྐུལ་འདེད་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན། སྲིད་ཇུས་ཀྱི་རྒྱབ་སྐྱོར། མཉམ་ལས་རོགས་སྐྱོར། དཔྱད་ཞིབ་ལྟ་སྐུལ་ སོགས་ཀྱི་བྱ་བའི་རྐྱེན་སྲོལ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་ཁྲོད་སྤྱོད་དགོས། སྲིད་གཞུང་གི་ནུས་པ་དང་། ཁྲོམ་རའི་ནུས་པ། ཞིང་པའི་གཙོ་ནུས་བཅས་ཟུང་འབྲེལ་དམ་པོ་བྱེད་པའི་བྱ་བའི་རྐྱེན་སྲོལ་འཛུགས་དགོས་པ་དང་། འགན་འཁྲི་དོན་འཁྱོལ་རྐྱེན་སྲོལ་དང་། དཔྱད་ཞིབ་ལྟ་སྐུལ་རྐྱེན་སྲོལ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་རྐྱེན་སྲོལ། སྤྱི་ཚོགས་སྐུལ་སློང་རྐྱེན་སྲོལ། ཤར་ནུབ་རོགས་ལས་དང་དམིགས་འཛུགས་རོགས་སྐྱོར་རྐྱེན་སྲོལ། གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་རྐྱེན་སྲོལ་སོགས་འཐུས་ཚང་དུ་གཏོང་དགོས། ནུས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འདུ་ཤེས་འཛུགས་པ་དང་། འཕེལ་རྒྱས་ལས་གཞིར་ཇུས་འགོད་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་བེད་སྤྱོད་ཡག་པོ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་སྤྱི་དབང་མིན་པའི་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། དཔལ་འབྱོར་རྩ་འཛུགས་བཅས་ལ་སྐུལ་སློང་བྱེད་པ། ཁྲོམ་རའི་རྐྱེན་སྲོལ་གྱི་ནུས་པའི་འོག་གྲོང་གསེབ་དར་སྤེལ་མཉམ་སྐྲུན་མཉམ་སྤྱོད་བྱེད་པ། བཅོས་སྐྱོང་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ཀྱིས་གྲོང་གསེབ་ལ་ཞབས་འདེགས་ཞུ་རྒྱུར་ཁྲིད་སྟོན་བྱེད་པ། ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་དར་སྤེལ་གཏོང་བའི་བྱ་སྤྱོད་སྤེལ་བ། ཧྲུའུ་ཅི་དང་པོ་དང་སྡེ་བའི་བཅའ་སྡོད་ལས་བྱེད་རུ་ཁག་མུ་མཐུད་དུ་བདམས་མངག་བྱེད་པ། ཚན་རྩལ་ཆེད་མངགས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་འཇོན་མིའི་སྟོབས་ཤུགས་འདོན་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པར་སྐུལ་སློང་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྡོམ་ཤུགས་ཆེན་པོ་ཆགས་པ་བཅས་བྱེད་དགོས།
གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་གཙོ་གནད་དང་དཀའ་གནད་གསལ་བོ་བྱས་ནས་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས། ཞིང་ལས་དང་ཞིང་སྡེ་ནོར་སྲིད་འགན་སྲུང་གི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་དགོས། ནོར་སྲིད་ཀྱི་མ་དངུལ་གཏོང་བའི་སྲིད་ཇུས་དང་མ་དངུལ་གྱི་གཞི་ཁྱོན་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས། རིམ་པ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། རིམ་ཁག་དང་ཕྱོགས་སོ་སོའི་འགན་ འཁྲི་ཏན་ཏིག་ངང་བསྒྲུབས་ཏེ་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་དགོས། སྔོན་ལ་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྫོང་ཁོངས་གཙོ་གནད་དུ་བཟུང་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་དགོས། གཙོ་གནད་ལ་དམིགས་པ་དང་མཐའ་ཚད་གཉིས་བརྟན་སྲུང་བྱེད་དགོས་པ་སྟེ། གཅིག་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པའི་མཐའ་ཚད་བརྟན་སྲུང་བྱེད་དགོས་པ་དང་། གཉིས་ནས་ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གཞི་ཁྱོན་ལྡན་པའི་ཡང་བསྐྱར་དབུལ་པོར་འགྱུར་བའི་མཐའ་ཚད་བརྟན་སྲུང་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་གི་ལས་དོན་ཐད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག གཞི་གྲངས་གྲོང་གསེབ་འཕེལ་རྒྱས་སོགས་གཙོ་གནད་ལས་འགན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་ནི་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གཉིས་ཡིན་པ་རེད། གྲོང་གསེབ་དར་སྤེལ་གཏོང་བའི་གནད་འགག་ཆེ་ཤོས་ནི་ཐོན་ལས་དང་འཇོན་མི་དར་སྤེལ་གཏོང་རྒྱུ་དེ་ཡིན་པ་དང་། མ་དངུལ་བསྡུ་དཀའ་བ་དང་ས་ཆ་སྤྱོད་དཀའ་བ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་དཀའ་གནད་ཆེན་པོ་གཉིས་ཡིན་པ་རེད། ཐོན་ལས་དར་སྤེལ་གཏོང་བའི“འགག་རྩ”འདི་དམ་འཛིན་བྱས་ཏེ། ས་ཁོངས་མི་འདྲ་བར་གཞིགས་ནས་ཁྱད་སྟོབས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་སྤུས་ཚད་གཅིག་མཚུངས་ཅན་དུ་མི་འགྱུར་བ། གནས་འཛོལ་ཅན་དང་ཁྱད་པར་ཅན་གྱི་འཕེལ་རྒྱས་བསམ་ཕྱོགས་ལྟར་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཐོན་ལས་དང་ལས་ཞུགས་དེ་ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ཆེས་ནུས་ལྡན་གྱི་བྱེད་ཐབས་གཉིས་སུ་བརྩིས་ནས་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་ཞིང་ལས་དང་ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སློང་བྱེད་དགོས། བཅོས་སྒྱུར་བྱེད་པ་དེ་གཙོ་བོ་ཞིང་ལས་མཁོ་སྤྲོད་ཕྱོགས་ལ་དམིགས་པ་དང་། ཞིང་སྡེའི་ས་ཞིང་ལམ་ལུགས་ལ་དམིགས་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་པ། མཁར་གྲོང་མཉམ་དུ་ཕྱུག་འགྱུར་ཡོང་བར་དམིགས་པ་བཅས་བྱས་ནས། ཞིང་སྡེའི་ཐོན་ཁུངས་དེ་རྒྱུ་ནོར་དུ་འགྱུར་བ་དང་། མ་དངུལ་མ་རྐང་དུ་འགྱུར་བ། ཞིང་པ་མ་རྐང་དུ་འགྱུར་བ་བཅས་ཀྱི་འགྱུར་ལྡོག་གསུམ་གྱི་བཅོས་སྒྱུར་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་དགོས།
གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་མཉམ་འདྲེས་འཕེལ་རྒྱས་དང་། ཐུན་མོང་འཕེལ་རྒྱས། མཉམ་དུ་ཕྱུག་པོ་འགྱུར་བ་བཅས་མངོན་འགྱུར་བྱེད་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་མཐའ་མའི་དམིགས་འབེན་ཡིན། སྲོལ་རྒྱུན་གྱི་སྡེ་བ་དང་གྲོང་རྡལ་གྱི་གྲུབ་ཚུལ་ཚད་བརྒལ་ཡོང་བར་བྱས་ནས། རྫོང་ཁོངས་ཀྱི་སྲིད་འཛིན་ས་ཁོངས་དང་སྒྲིག་གཞིའི་དབྱེ་མཚམས་མེད་པར་བཟོ་བ་དང་། ཡུག་ཁུལ་སྡེ་ཁག་བྱས་ནས་གྲོང་གསེབ་ཀྱི་རྒྱལ་ཁོངས་བར་སྟོང་གི་འཆར་འགོད་བཟོ་སྒྲིག་བྱེད་པ། རྫོང་མཁར་དང་གྲོང་རྡལ་གཙོ་བོ། སྡེ་བ་གཙོ་བོ་བཅས་ཀྱི་འཕེལ་རྒྱས་ལམ་ཐིག་བསྐྲུན་པ། རྫོང་ཁོངས་སུ་སྐུལ་ཁྲིད་ཀྱི་ནུས་པ་ལྡན་པའི་སྒུལ་ཤུགས་གསར་པ་སྔར་ལས་མང་བ་སྐྱེད་སྲིང་བཅས་བྱེད་དགོས། སྡེ་བ་དང་ཁེ་ལས། སྡེ་བ་ཚང་མར་ཚོགས་པ་བཙུགས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། གྲོང་གསེབ་དར་སྤེལ་གཏོང་བའི་མཉམ་འབྲེལ་སྒྲིག་གཞི་གསར་འཛུགས། མཉམ་འབྲེལ་དང་འབྲེལ་མཐུད་ཀྱི་བྱེད་སྟངས་སྣ་ཚོགས་ཀྱི་མཉམ་འགུལ་འཕེལ་རྒྱས་འཚོལ་ཞིབ། གྲོང་རྡལ་གཙོ་བོས་མཐའ་སྐོར་གྱི་སྡེ་བ་གཅིག་གྱུར་གྱིས་སྡེབ་སྒྲིག་བྱེད་པ། སྔོན་ཐོན་གྱིས་རྗེས་ལུས་ལ་སྣེ་ཁྲིད་དང་། སྟོབས་ཆེ་བས་སྟོབས་ཆུང་ལ་སྣེ་ཁྲིད་བྱེད་པ། ཁྱིམ་ཚང་གིས་སྡེ་བར་སྣེ་ཁྲིད་ དང་གནད་གཅིག་གིས་ཁྱོན་ཡོངས་ལ་སྐུལ་ཁྲིད་བཅས་བྱས་ཏེ། དཔེ་མཚོན་གྱིས་ཁྲིད་སྟོན་དང་དྲ་ཐོག་སྦྲེལ་མཐུད། མཉམ་འབྲེལ་དར་སྤེལ་བཅས་ཀྱི་རྫོང་ཁོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།