སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཀན་སུའུ་ཡི་ལེའུ།
2022.06.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་རུ་ཐེངས་གཉིས་ལ་གཟིགས་ཞིབ་མཛད་པར་ཕེབས་ཏེ། ཀན་སུའུ་ཡི་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཀན་སུའུ་ཡི་འཕེལ་རྒྱས་ལ་ངེས་གནས་གཏན་འཁེལ་དང་། འཆར་གཞི་བཀོད་པ།  ཁ་ཕྱོགས་གསལ་སྟོན་བཅས་གནང་བ་རེད།

ཀན་སུའུ་ཡི་མི་དམངས་བྱེ་བ་གཉིས་ས་ཡ་ལྔ་ཡིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས།  བདེ་སྐྱིད་དང་མཛེས་སྡུག་གི་ཀན་སུའུ་གསར་པ་བསྐྲུན་པ་དང་མི་དམངས་འབྱོར་ཕྱུག་དང་ཀན་སུའུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ།   དུས་རབས་གསར་པའི་ཀན་སུའུ་ཡི་འཆར་གཞི་གསར་པ་རིས་སུ་བཀོད་ཡོད།

མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་ཏང་གི་བྱ་གཞག་ཡིན།

གནམ་འོག་གི་ས་ཆ་སྐྱོ་ཤོས་སུ་གྲགས་པ་ནི་སྔོན་ཆད་ཀན་སུའུ་ཡི་ས་ཆ་མང་པོ་ཞིག་གི་གནས་ཚུལ་དངོས་རེད། འཐུང་ཆུ་དཀོན་པ་དང་ཕྱིར་སྐྱོད་པའི་ལམ་མེད་པ་བཅས་ཀྱི་དཀའ་སྡུག་དེ་ཕལ་ཆེར་སྡེ་བ་དབུལ་པོར་ཚང་མར་ཁྱབ་ཡོད།

2013ལོའི་ཟླ2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཏེན་ཞིས་གྲོང་ཁྱེར་ཝེ་ཡོན་རྫོང་ཡོན་ཀུའུ་ཏུའེ་སྡེ་བ་དང་ལིན་ཞ་ཧོས་རིགས་རང་སྐྱོང་ཁུལ་ཏུང་ཞང་རིགས་རང་སྐྱོང་རྫོང་པུའུ་ལིན་ཀོའུ་སྡེ་བར་ཕེབས་ནས་ཏང་ཡོན་རྒན་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

ཀན་སུའུ་ནི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ལྕི་བའི་ཞིང་ཆེན་གྱི་གྲས་ཤིག་ཡིན་ཞིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་བཟང་མིན་དང་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་པ་བཟང་མིན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅིས་སྐུ་ངོ་མས་གཟིགས་ཞིབ་གནང་བ་རེད།

2019ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཝུའུ་ཝུའེ་གྲོང་ཁྱེར་ཀུའུ་ལང་རྫོང་ཧོང་ཧྭ་ཐན་སྐྱེ་ཁམས་གནས་སྤོས་ཁུལ་གྱི་ཧྥུའུ་མེན་སྡེ་གསར་དུ་ཕེབས་ནས། ཏང་གི་བྱ་གཞག་མཐའ་དག་ནི་མི་དམངས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་ཏང་གི་བྱ་གཞག་ཡིན་ཞེས་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ལ་བཅངས་པའི་བརྩེ་སེམས་ལས། ཀན་སུའུ་ཡི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད། ཀན་སུའུ་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ཁྲོད་ཧུར་ཐག་གིས་ཞུགས་པ་རེད། རིམ་པ་བཞིན་འགན་འཁྲིའི་ཡི་གེ་བཀོད་པ་དང་། དམག་བཀའ་དང་ལེན་ཞུ་ཡིག་ཕུལ་བར་མ་ཟད། རོགས་སྐྱོར་འགན་འཁུར་བ་འབུམ་གསུམ་ཁྲི་དྲུག་དང་སྡེ་བའི་བཅའ་སྡོད་རོགས་སྐྱོར་མི་སྣ་ཁྲི་བདུན་སྟོང་བཞི་ལྷག་དབུལ་སྐྱོར་གྱི་ཡུལ་དངོས་སུ་བསྐྱོད་དེ།  ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་ལས་ལ་ཞུགས།  2020ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་པོ་ས་ཡ་ལྔ་འབུམ་ལྔ་ཁྲི་གཉིས་  དབུལ་ཕོངས་ལས་ཐར་བར་མ་ཟད། དུས་ཡུན་རིང་བོར་མང་ཚོགས་ཕྱིར་འགྲོ་དཀའ་བ་དང་འཐུང་ཆུ་དཀོན་པ་སོགས་ཀྱི་གནད་དོན་ཡང་ཐག་གཅོད་ལེགས་པོ་བྱས་པ་རེད།

ཡོན་ཀུའུ་ཏུའེ་སྡེ་བའི་སྡེ་མི་ཙིན་ཡུས་ཁྲིན་ལ་སྔོན་ཆད་ས་ཞིང་འདེབས་སྐབས་སེམས་ཁྲལ་གཉིས་ཡོད་པ་སྟེ། གཅིག་ནི་ཞིང་ལས་ཐོན་རྫས་དབོར་མ་ཐུབ་ཚེ་འཚོང་ཐབས་བྲལ་བ་དང་། གཉིས་ནི་རིན་གོང་མཐོན་པོ་མེད་པ་དེ་རེད། ཨར་འདམ་ལམ་ལས་པ་ནས་བཟུང་། ཁོས་འཁོར་རྒྱུག་ས་ཞིང་དུ་ལུག་མཉེ་མེ་ཏོག་དང་ཀླུ་བདུད་རྡོ་རྗེ་སོགས་བཏབ་སྟེ།  འདེབས་འཛུགས་ཁྱིམ་ཚང་ཆེན་པོར་གྱུར། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀའོ་ལེན་པེན་གྱིས་བཤད་རྒྱུར།   2013ལོའི་ཡར་སྔོན་དུ།  ཡོན་ཀུའུ་ཏུའེ་སྡེ་བར་ཨར་འདམ་ལམ་སྤྱི་ལེ་གཉིས་ཙམ་ལས་མེད།  ད་ལྟ་སྡེ་བའི་ལམ་ཚང་མ་ཨར་འདམ་ལམ་ཡིན་པས་ཕྱིར་སྐྱོད་ན་སྟབས་ཧ་ཅང་བདེ་ལ། 2018ལོར་ཡོན་ཀུའུ་ཏུའེ་སྡེ་བའི་དབུལ་ཞྭ་ཕུད་པ་དང་། 2021ལོར་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་གཉིས་ལ་བསླེབས་ཡོད་ཟེར།

2021ལོ་ནས་བཟུང་། ཀན་སུའུ་ཡིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།  དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་བྱས་པས།  ནོར་ལུག་དང་སྔོ་ཚལ། སིལ་ཏོག  སྨན་རྩྭ་བཅས་ཁྱད་ལྡན་ཐོན་ལས་ཀྱི་མ་ལག་དྲུག་ཐོག་མར་ཆགས་ནས།  ཀན་སུའུ་ཡི་ཞིང་སྡེའི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་ཡོད།

མང་ཚོགས་ཀྱིས་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་པའི་ཆེད་དུ།   ཀན་སུའུ་ཡིས་འགོ་རྩོམ་ས་གསར་པ་ནས་དབུལ་ཐར་ས་ཁུལ་གྱི་འཕེལ་རྒྱས་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།  ནོར་སྲིད་མ་དངུལ་དེ་རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་ཚིས་འཛུགས་སྐྲུན་ཐད་གཅིག་སྡུད་སྒོས་བཏང་བ་དང་། དམངས་ཚིས་འགྲོ་གྲོན་གྱིས་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བསྡུར་ཚད་ཟིན་ཚད་ལོ་རེར80%ལྷག་རྒྱུན་འཁྱོངས་བྱས་ཤིང་། རིམ་པ་ལྔའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་དང་།  རྒན་གསོའི་སྒྲིག་གཞི་རྫོང་ཡོངས་ལ་ཁྱབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་བཅས་ཀན་སུའུ་ཡི་ས་གཞི་ཆེན་པོར་བདེ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད།

སྐྱེ་ཁམས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན།

ཟླ6པར་མདོ་ལ་རི་བོའི་བྱང་འདབས་ཀྱི་ཏ་མ་ཡུན་རྩྭ་ཐང་དུ་ནེའུ་གསིང་གཡུ་ཡིས་བརྒྱན་ནས་སྐྱེ་སྟོབས་ཀྱིས་ཁེངས་ཡོད། ལོ་གསུམ་སྔོན་གྱི2019ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་ཕེབས་ནས་མདོ་ལ་རི་བོའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་།  སྐབས་ཤིག་རིང་ཚད་ལས་བརྒལ་ནས་གསར་སྤེལ་བྱས་པར་བརྟེན།   ས་འཁྱགས་དང་། སྔོ་ཁེབས། སྐྱེ་ཁམས་བཅས་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བས། ཀན་སུའུ་ཡི་ལས་བྱེད་པ་རྣམས་རྨོངས་གཉིད་ལས་སད་པ་རེད།

ཀན་སུའུ་ཡིས་བློ་ཐག་རྦད་ཆོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཤུགས་ཆེན་པོས་བཅོས་སྒྲིག་བྱས་ཏེ། ཀན་སུའུ་ཡི་མདོ་ལ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཏེར་ལས་དབང་ཆ144ཚང་མ་རིགས་དབྱེ་ནས་ཕྱིར་འཐེན་དང་། ཆུ་ཤུགས་གློག་ཁང42ཚང་མ་རིགས་དབྱེ་ནས་ཐག་གཅོད། ཡུལ་སྐོར་སྒྲིག་བཀོད་རྣམ་གྲངས25ཕྱོགས་ཡོངས་ནས་བཅོས་སྒྲིག་བཅས་བྱས་ཏེ། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལས་འགན་དུས་བཀག་ལྟར་ཡོངས་འགྲུབ་བྱས་པ་རེད།   2019ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཞིབ་བཤེར་རྩིས་ལེན་གནང་སྟེ། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོབ་ལས་དོན་གྱི་དུས་མཚམས་རང་བཞིན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས ང་ཚོ་དུས་མཚམས་འདི་བར་འཕེལ་རྒྱས་བྱུང་བས་ལྷོད་གཡེང་གཏན་ནས་བྱེད་མི་རུང་བར།   སྐྱེ་ཁམས་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས་ཞེས་མངགས་བཅོལ་ཟབ་མོ་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཀན་སུའུ་ཡིས་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ། སྐྱེ་ཁམས་ཐོན་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་བ་དང་།  ལྗང་མདོག་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བ་མངོན་འགྱུར་བྱས་ཡོད།

རླུང་གློག་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཀན་སུའུ་ཡིས་ཐཱན་གཉིས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་ཇུས་འགོད་བྱས་ནས།  རླུང་འོད་གློག་གསུམ་གྱི་གསར་སྤེལ་བཀོད་པ་ཇེ་ལེགས་སུ་བཏང་ཡོད། ཅིག་ཆོན་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་རླུང་གློག་རྟེན་གཞི་བསྐྲུན་པ་དང་ཧྭ་ནུན་ཀན་སུའུ་ལུང་ཏུང་གི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་མང་གསབ་རེས་ཕྱོགས་བསྡུས་ནུས་རྒྱུའི་རྟེན་གཞི་བསྐྲུན་ཞིང་། རྣམ་གྲངས་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་ཁྲག་ཁྲིག་གཅིག་ཡན་ཟིན་ཡོད།

2021ལོར་ནུས་རྒྱུ་གཙང་མ་དང་། ནུས་རྒྱུ་གྲོན་ཆུང་།  ཁོར་ཡུག་སྲུང་སྐྱོབ། སྔོན་ཐོན་བཟོ་སྐྲུན་སོགས་མཚོན་བྱེད་ཡིན་པའི་སྐྱེ་ཁམས་ཐོན་ལས་ཆེན་པོ་བཅུའི་འཕར་སྣོན་རིན་ཐང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་ཁྲོད་བཟུང་བའི་བསྡུར་ཚད27%ལ་བསླེབས་ཡོད།  ནུབ་བྱང་གི་རྒྱལ་ཁབ་རིམ་པའི་ཁུལ་གསར་ཐོག་མ་ཡིན་པའི་ལན་ཀྲིག་ཁུལ་གསར་གྱིས་སྐྱེ་ཁམས་ཐོན་ལས་འབོར་ཆེན་གཞིས་ཆགས་པར་ཡིད་དབང་བཀུག་པ་དང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་བསྟུད་མར་ལོ་ལྔར་རྒྱལ་ཁབ་རིམ་པའི་ཁུལ་གསར་གྱི་མདུན་གྲལ་དུ་སླེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ལ་མ་ཡུམ་ཆུ་བོ་བཅངས་ཤིང་། 2019ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལན་ཀྲིག་ནས་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འགན་འཁུར་བློ་མཐུན་ལ།  ཐོག་མར་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་། ས་ཆུ་སྲུང་འཛིན། སྦགས་བཙོག་འགོག་བཅོས་བཅས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་དགོས་པ་དང་། ལན་ཀྲིག་གིས་རྨ་ཆུའི་ཆུ་གཟུགས་དྭངས་གཙང་ཡོང་བར་སྔོན་ལ་ཤུགས་སྣོན་དང་སྣེ་ཁྲིད་ཡག་པོ་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།

རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་། སྐྱེ་ཁམས་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་བསྟར་བྱས་པར་མ་ཟད།  ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། 2021ལོར་ཀན་སུའུ་ས་ཁོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་རྒྱལ་ཁབ་ས་ངོས་ཆུའི་བཅད་ཁ41ལ་དཔྱད་ཞིབ་བྱས་ནས་ཆུ་སྤུས་ལེགས་པའི་བསྡུར་ཚད92.68%ཟིན་ཡོད། ཀན་སུའུ་ཡིས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་སྐུལ་འདེད་ཏན་ཏིག་བཏང་བས། སྐྱེ་ཁམས་མ་ལག་གི་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་སོང་ཡོད།

རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་གོ་སྐབས་དང་རང་ངོས་འཕེལ་རྒྱས་ཀྱི་འབྲེལ་མཚམས་སུ་ལངས་ནས། ཀན་སུའུ་ཡིས་རྒྱལ་ཁབ་ཀྱི་དགོས་མཁོ་དང་། ཀན་སུའུ་ཡི་ནུས་པ། མང་ཚོགས་ཀྱི་རེ་སྒུག  མ་འོངས་པའི་ཁ་ཕྱོགས་བཅས་དང་འདྲེས་ནས་གསར་དར་ཐོན་ལས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་བྱེད་པ། ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་ལ་ཤུགས་སྣོན་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།

ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཉམས་པ་མེད་པའི་རྩ་བ་སྲུང་སྐྱོབ་ཡག་པོ་བྱེད་དགོས།

2019ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཏུན་ཧོང་མའོ་ཀའོ་བྲག་ཕུག་ལ་གཟིགས་ཞིབ་གནང་ཞིང་།   ཁོང་གིས་ཏུན་ཧོང་རིག་གནས་ལས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་མངོན་གྱི་ཡོད་ལ།  ཏུན་ཧོང་རིག་གནས་ལ་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་སྙིང་བཅུད་དང་རིག་གནས་ཀྱི་བློ་རྒྱ་མངོན་པར་བྱས་ནས།  རིག་གནས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་རིག་གནས་ཀྱི་གདེང་ཚོད་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལ་བརྩི་སྲུང་བྱས་ཏེ།  ཉེ་བའི་ལོ་ཤས་རིང་ཕྱོགས་སོ་སོས་འབད་བརྩོན་བྱས་པ་བརྒྱུད། ཏུན་ཧོང་ཞིབ་འཇུག་ཁང་གི་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་སོགས་ཀྱི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་། ཕྱིར་ཤོར་བའི་ཏུན་ཧོང་གི་རིག་དངོས་གྲངས་འཛིན་ཅན་གྱི་སླར་གསོའི་བཟོ་འགོད་ལག་བསྟར་བྱས་བ་དང་།  བྲག་ཕུག་གི་གནའ་རྫས་རྟོག་ཞིབ་སྙན་ཞུ་རྩོམ་སྒྲིག་དང་ཏུན་ཧོང་གི་ཚད་ལྡན་ཡིག་ཆ་རིགས་དབྱེ་ལེགས་སྒྲིག་དང་དཔེ་སྐྲུན་སོགས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བཏང་ཞིང་། 《ཏུན་ཧོང་སྒྱུ་རྩལ་ཚིག་མཛོད་ཆེ་མོ》སོགས་རིག་གཞུང་གི་ཆེད་རྩོམ་གལ་ཆེན་དཔེ་སྐྲུན་བྱས་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུན་ཧོང་ཞིབ་འཇུག་གླིང་དུ་བཞུགས་མོལ་གནང་སྐབས་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་དཔེ་མཚོན་དང་། ཏུན་ཧོང་རིག་པའི་ཞིབ་འཇུག་གི་མཐོ་སར་བཏོན་པའི་བླང་བྱ་གལ་ཆེན་དེ་རྒྱུན་མཐུད་འབད་འཐབ་ཁྲོད་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་ངེས་པར་དུ་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་མཐོང་ཆེན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནམ་ཡང་ཉམས་པ་མེད་པའི་རྩ་བ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅིས་ཀློག་པ་པོའི་དཔེ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་གཟིགས་ཞིབ་གནང་སྐབས་དེ་གར་ཡོད་པའི་རིག་གནས་ལས་བྱེད་པར་མི་དམངས་ལ་ཕུལ་བྱུང་གི་བསམ་པའི་རིག་གནས་བརྩམ་ཆོས་སྔར་ལས་མང་བ་མཁོ་འདོན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བློ་ལ་བརྟན་པོར་བཅངས་ནས། ཀན་སུའུ་ཡིས་ཀྲུང་གོའི་དཔལ་ཡོན་རྒྱུན་འཛིན་གསར་གཏོད་ཁུལ་དང་། ལྕགས་རི་རིང་པོ། རྒྱང་སྐྱོད། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་བཅས་བསྐྲུན་པར་སྔར་ལས་སྐུལ་འདེད་བཏང་ནས།  རིག་དངོས་གྱང་ངོས་དང་བྲག་ཕུག་ལས་ཐོན་ཏེ་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་དང་རིག་གནས་མཆོག་ནོར་གྱི་ཤུགས་རྐྱེན་ཐེབས་རྒྱ་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཉམས་པ་མེད་པའི་རྩ་བ་སྲུང་སྐྱོབ་ཡག་པོ་བྱས་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།