འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་རྟོག་ཞིབ་ཐེངས་མང་གནང་ཞིང་བྱ་འགུལ་གལ་ཆེན་ལ་ཞུགས་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཧྲང་ཧེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་ལྔ་ལ་ཞུགས་ཏེ་མཛུབ་སྟོན་གལ་ཆེན་གནང་བ་དང་ལས་འགན་གལ་ཆེན་རྩིས་སྤྲོད་དང་འགན་འཁྲི་གལ་ཆེན་བཀོད་སྒྲིག་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། ཧྲང་ཧེ་ཡིས་བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་པའི་འགན་འཁྲི་ཁུར་ཏེ། རླབས་ཆེན་གྱི་ཏང་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཟབ་མོ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་བྱེད་པ། ཕན་འབྲས་མཐོ་བའི་བཅོས་སྐྱོང་བཅས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་དགོས།
ལམ་ཐག་རིང་པོར་བསྐྱོད་ཀྱང་ཐོག་མའི་དམིགས་ཡུལ་བརྗེད་མི་རུང་།
ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་ཀྱང་འགོར་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་གྱི་སྣེ་ཁྲིད་དེ་ཆེད་དུ་པེ་ཅིན་ནས་ཧྲང་ཧེ་དང་ཀྲེ་ཅང་ཅ་ཞིན་དུ་ཕེབས་ཏེ། ཧྲང་ཧེ་རུ་ཚོགས་པའི་ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཡུལ་དང་ཀྲེ་ཅང་ཅ་ཞིན་ནན་ཧུའུ་གྲུ་དམར་ལ་གཟིགས་ཞིབ་གནང་བ་དང་། ཏང་བཙུགས་པའི་ལོ་རྒྱུས་ལ་ཕྱིར་དྲན་དང་ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་ནས། སྐབས་གསར་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ཐུན་མོང་གིས་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་དད་སེམས་གསལ་བསྒྲགས་བྱས། སྤྱི་ཁྱབ་ཧྲུའུ་ཅིས་རང་རེའི་ཏང་གི་ལོ་རྒྱུས་ནི་ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་དང་པོ་ནས་མགོ་བཙུགས་པ་ཞིག་ཡིན་པས། ང་ཚོས་ལམ་ཐག་རིང་པོར་བསྐྱོད་ཀྱང་ཐོག་མའི་དམིགས་ཡུལ་བརྗེད་མི་རུང་ཞེས་གསུངས།
“ཏང་འཛུགས་སྐབས་ཀྱི་རིག་དངོས་ཚང་མ་ནི་ཧ་ཅང་རྩ་ཆེན་དང་གནས་ཚུལ་ཚང་མ་ནི་བསམ་གཞིག་བྱེད་རིན་ཡོད་པ་ཞིག་ཡིན་པས། ང་ཚོས་དུས་རྟག་ཏུ་དྲན་གསོ་དང་བསམ་བློ་ཞིབ་མོ་བཏང་སྟེ་དེའི་ཁྲོད་ནས་རང་རེའི་ཏང་གི་ཐོག་མའི་བསམ་འདུན་ཤེས་པར་བྱེད་དགོས”ཞེས་པའི་མངགས་བཅོལ་ནན་མོ་ལག་བསྟར་བྱས་ནས། ཧྲང་ཧེ་ཡིས་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་སྲུང་སྐྱོང་ལེགས་པར་བྱེད་པ་དང་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་ལེགས་པོར་སྤྱད་དེ། གསར་བརྗེའི་གནས་རྙིང་དང་གསར་བརྗེའི་རིག་དངོས་ཁྲོད་ཀྱི་རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་གང་ལེགས་སྒོས་མངོན་པར་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོར་བརྗོད་དགོས།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན། 《ཧྲང་ཧེ་གྲོང་ཁྱེར་གྱི་གསར་བརྗེའི་ཐོན་ཁུངས་རྒྱུན་འཛིན་དར་སྤེལ་དང་སྲུང་སྐྱོང་བེད་སྤྱོད་ཀྱི་སྲོལ་ཡིག》ལག་བསྟར་བྱས་པ་དང་། ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་། ལོ་དེར་གསར་བརྗེའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་བཟོ་སྐྲུན་དེ་ཧྲང་ཧེ་གྲོང་ཁྱེར་གྱི་དམངས་སེམས་བཟོ་སྐྲུན་ཁག་བཅུ་དྲུག་གི་ནང་དུ་བཅུག ད་ལོར། ཀྲུང་གུང་ཏང་གི་ཚོགས་ཆེན་ཐེངས་དང་པོའི་དྲན་གསོ་ཁང་སོགས་ལ་བརྟེན་ནས་ཇུས་འགོད་བྱས་པའི་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་ཐོག་མའི་གསར་གཏོད་འགྲེམས་སྟོན་ཆེན་མོ་རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་བྱས།
“ཏང་འཛུགས་སྐྲུན་བྱ་བའི་དཀའ་གནད་གཞི་རིམ་དུ་ཡོད་ལ། ཆེས་བཀྲག་མདངས་འཚེར་ས་དེ་ཡང་གཞི་རིམ་དུ་ཡོད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་ཏང་འཛུགས་སྐྱོང་བྱེད་པར་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་ལ། དུས་བསྟུན་མདུན་སྐྱོད་བྱས་ཏེ་རྒྱུན་ཆད་མེད་པར་དུས་བབ་གསར་པ་དང་འཚམ་པར་བྱེད་པ་དང་གཞི་རིམ་ཏང་འཛུགས་སྐྲུན་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། ཏང་ཡོན་གྱི་བྱ་བ་སྒྲུབ་ས་དང་འཚོ་བ་རོལ་ས་གང་དུ་ཡོད་ན་ཏང་རྩ་འཛུགས་ཀྱང་དེ་གར་ཁྱབ་པར་བྱས་ཏེ། ཏང་ཡོན་གང་དུ་ཡོད་ན་ཡང་རྩ་འཛུགས་དང་ཁྱིམ་ཚང་འཚོལ་ཐུབ་པ་བྱེད་དགོས། ཧྲང་ཧེ་ཡིས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་བྱེད་པའི་ཐད་མུ་མཐུད་དུ་འཚོལ་ཞིབ་དང་སྔོན་ལ་བསྐྱོད་དགོས་ཞེས་གསུངས།
ལུའུ་ཅ་ཙུའེ་དངུལ་རྩའི་གྲོང་དུ་ཚོང་དོན་ཐོག་ཁང་ཉིས་བརྒྱ་གྱ་ལྔ་དང་བྱ་བའི་མི་སྣ་འབུམ་ལྔ་ལྷག་ཙམ་ཡོད། དངུལ་རྩའི་གྲོང་གི་ཐོག་ཁང་གི་ཏང་འཛུགས་སྐྲུན་གྱིས་ས་ཚིགས་དང་ལས་རིགས་ཏང་འཛུགས་སྐྲུན་གྱིས་འབྲེལ་མཐུད། ཚོང་ལས་ཁུལ་གྱི་ཏང་འཛུགས་སྐྲུན་གྱིས་གཅིག་སྡུད་དང་ས་ཁོངས་ཅན་གྱི་ཏང་འཛུགས་སྐྲུན་གྱིས་ཡུག་སྦྲེལ་བཅས་འཛུགས་སྐྲུན་བྱེད་ཐུབ་པ་བྱུང་ཡོད། ཧྲང་ཧེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ལུའུ་ཅ་ཙུའེ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཞའོ་ཅན་གྱིས་བཤད་རྒྱུར། ཏང་ཡོན་བྱེད་སྒོའི་རྐང་འཛིན་པར་གསོ་སྐྱོང་དང་བྱེད་སྒོའི་རྐང་འཛིན་པ་ཏང་ཡོན་དུ་གསོ་སྐྱོང་བྱས་ཡོད། ལོ་གསུམ་ལྷག་ཙམ་རིང་བྱེད་སྒོའི་རྐང་འཛིན་པ་བརྒྱ་ཙམ་ཏང་ནང་ཞུགས་རྒྱུའི་རེ་འདུན་ཡོད་པས་ད་ལྟ་ཏང་ཡོན་ལྔ་བརྒྱ་ལྷག་ཙམ་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པར་གྱུར་ཡོད་ཟེར།
རྒྱལ་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་གདོང་མཆོང་པ་ཡག་པོ་ཞིག་བྱེད་དགོས།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཧྲང་ཧེ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཧྲང་ཧེ་ཡིས་མུ་མཐུད་དུ་རྒྱལ་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་གདོང་མཆོང་པ་ཡག་པོ་བྱས་ནས། རྒྱལ་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གོའི་ཧྲང་ཧེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བསྐྲུན་རྒྱུ་ནི། ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། དུས་བབ་གསར་པའི་འོག་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་རྟོག་ཞིབ་གནང་སྐབས། ཧྲང་ཧེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་ནི་ཚོད་ལྟའི་ཞིང་ཁ་ཆེན་པོ་ཞིག་ཡིན་པས། སོན་བཟང་འདེབས་གསོ་དང་རྨོ་འདེབས་ཞིབ་ཚགས། བདག་སྐྱོང་ཞིབ་ཚགས། ལོ་ལེགས་ཡོང་བ་བཅས་བྱེད་དགོས་པ་མ་ཟད། སོན་བཟང་འདེབས་གསོའི་ཉམས་མྱོང་ཁྱབ་གདལ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། ཕུའུ་ཏུང་གིས་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་བྱས་ཏེ། འགན་འཁྲི་ལྕི་ཤོས་འཁུར་ཕོད་པ་དང་དཀའ་ཚེགས་ཆེ་ཤོས་ལ་གཏུགས་ཕོད་པ་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་གཏོད་གདོང་ལེན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མཁན་གྱི་སྣེ་ཁྲིད་པ། རང་སྟོན་བཞིའི་ལག་ལེན་གྱི་དཔེ་བཟང་བ་བཅས་སུ་གྱུར་པར་བྱས་ཏེ། ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་བགྲོད་ལམ་བཅས་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་ལ་མངོན་པར་བྱེད་དགོས་ཞེས་གསུངས།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕུའུ་ཏུང་ཁུལ་གསར་གྱི་ཆུ་ཚད་མཐོ་བའི་བཅོས་སྒྱུར་སྒོ་འབྱེད་ལ་རྒྱབ་སྐྱོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྣེ་ཁྲིད་ཁུལ་དུ་སྐྲུན་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ཕུའུ་ཏུང་ཁུལ་གསར་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་འགན་གལ་ཆེན་གསར་པ་བཀོད་སྒྲིག་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ཧྲང་ཧེ་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་མ་རྐང་ཚད་ཡོད་ཀུང་ཟིས་གྲུ་ཁའི་གཉེར་སྐྱོང་དོ་དམ་ནུས་པ་དང་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་རིང་དུ། ཧྲང་ཧེ་གྲུ་ཁས་ལས་མཚམས་ཉིན་གཅིག་ཀྱང་བཞག་མེད། ཟླ་ལྔ་བའི་ཟླ་མཇུག་བར། ཧྲང་ཧེའི་གྲུ་ཁར་ཉིན་རེར་དོས་སྒམ་འདོན་འཇུག་བྱེད་ཚད་དུས་རྒྱུན་ལས་བརྒྱ་ཆའི་གོ་ལྔ་འཕར་ཡོད། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཧྲང་ཧེ་གྲུ་ཁར་དོས་སྒམ་ཚད་ལྡན་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གསུམ་ཁྲི་ལྔ་འདོན་འཇུག་བྱས་ནས་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད།
ཉིས་སྟོང་ཉེར་གཅིག་ལོར། ཧྲང་ཧེ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་བཞི་དང་བྱེ་བ་གསུམ་ས་ཡ་གཉིས་ཟིན་པ་དང་། ཀྲུང་གོའི་སྙིང་ཏིག་སོགས་སྲ་བརྟན་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་འགག་སྒོའི་དངོས་ཟོག་ཚོང་དོན་བསྡོམས་འབོར་སྒོར་མོ་ཐེར་ཆེན་གཅིག་ཡན་ཟིན་ནས་གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་ཨང་དང་པོ་རྒྱུན་འཁྱོངས་བྱེད་ཐུབ་ཡོད། ཧྲང་ཧེ་ཡི་ཚོང་གཉེར་ཁོར་ཡུག་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཞིང་གྲོང་ཁྱེར་གྱི་ནུས་པ་དང་ལྟེ་བའི་འགྲན་ནུས་མངོན་གསལ་གྱིས་ཆེ་རུ་ཕྱིན་པ་དང་གྲོང་ཁྱེར་གྱི་མཉེན་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།
གྲོང་ཁྱེར་ཆེན་པོ་བཅོས་སྒྲིག་བྱེད་པའི་དེང་རབས་ཅན་གྱི་ལམ་བུ་གསར་པར་བསྐྱོད་དགོས།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕུའུ་ཏུང་ཁུལ་གསར་གྲོང་ཁྱེར་འཁོར་སྐྱོད་ཕྱོགས་བསྡུས་དོ་དམ་ལྟེ་གནས་སུ་ཕེབས་ནས། ཧྲང་ཧེ་རུ་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་རྟོག་ཞིབ་གནང་པ་དང་། ཧྲང་ཧེ་ཡིས་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་ཆེན་པོའི་དོ་དམ་ལམ་བུ་གསར་པར་བསྐྱོད་པ་དང་གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པའི་ཐུགས་རེ་བཏོན།
ཕུའུ་ཏུང་ཁུལ་གསར་གྲོང་ཁྱེར་འཁོར་སྐྱོད་ཕྱོགས་བསྡུས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཁྲིན་ཝེ་ཝེ་ཡི་སེམས་ན་སྐབས་དེ་དུས་ཀྱི་གནས་ཚུལ་ད་དུང་གསལ་པོར་འདུག སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ལས་ང་ཚོར་གྲོང་ཁྱེར་གྱི་དོ་དམ་ཞིབ་ཚགས་ཅན་ལ་ཤུགས་སྣོན་དང་གྲོང་ཁྱེར་གྱི་བྱེད་ནུས་གཙོ་བོ་ཡག་པོ་བསྐྲུན་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་འདི་དག་རིང་ང་ཚོས་ཕྱོགས་གཅིག་ནས་དེང་རབས་ཀྱི་ཚན་རྩལ་བྱེད་ཐབས་སྤྱད་དེ་རིག་ནུས་ཅན་མངོན་འགྱུར་བྱེད་པ་དང་ཕྱོགས་གཞན་ཞིག་ནས་རྒྱུན་ཆད་མེད་པར་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད་ཟེར།
ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་རྟོག་ཞིབ་གནང་སྐབས། གནད་འགག་གི་བྱ་བ་དམ་འཛིན་བྱས་ཏེ་སྲིད་དོན་ཞབས་ཞུའི་དྲ་གཅིག་ཀུན་སྒྲུབ་དང་གྲོང་ཁྱེར་འཁོར་སྐྱོད་དྲ་གཅིག་གཅིག་གྱུར་དོ་དམ་དམ་འཛིན་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་གྲོང་ཁྱེར་བཅོས་སྐྱོང་གི་གནད་དོན་མངོན་གསལ་ལ་དམིགས་ནས་ཁ་ཐོར་རྣམ་པའི་ཆ་འཕྲིན་མ་ལག་བསྡུ་སྒྲིལ་བྱས་ཏེ། དངོས་འཐབ་ཁྲོད་དུ་སྤྱོད་གོ་ཆོད་པ་དང་གཞི་རིམ་ལས་བྱེད་པ་སྤྱོད་པར་དགའ་བ། མང་ཚོགས་ཀྱིས་ཕན་པ་ཚོར་ཐུབ་པ་བཅས་བྱེད་དགོས་པ་ནན་གྱིས་གསུངས།
མིག་སྔའི་བར་དྲ་གཅིག་ཀུན་སྒྲུབ་ལས་སྟེགས་ཀྱིས་སྤྱི་པའི་ཞབས་འདེགས་དོན་ཚན་སུམ་སྟོང་ལྔ་བརྒྱ་འབྲེལ་མཐུད་བྱས་པ་དང་། རིམ་རྩིས་བྱས་ན་བྱ་བ་སྒྲུབ་ཚད་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་དྲུག་ཟིན་ཡོད། དྲ་གཅིག་གཅིག་གྱུར་དོ་དམ་རིམ་པ་སྤར་ནས་གྲོང་ཁྱེར་དང་ཁུལ། ཁྲོམ་གཞུང་གྲོང་རྡལ་བཅས་རིམ་གསུམ་ལས་སྟེགས་དང་། གྲོང་ཁྱེར་དང་ཁྲོམ་གཞུང་གྲོང་རྡལ། དྲ་མིག སྡེ་ཁུལ་བཅས་རིམ་ལྔའི་ཉེར་སྤྱོད་སྒྲོམ་གཞི་བསྐྲུན་ཡོད།
ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲང་ཉིན་ཆུས་ཧུང་ཆའོ་ཁྲོམ་ཀུའུ་པེ་སྡོད་དམངས་ལྟེ་གནས་སུ་རྟོག་ཞིབ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་གྲོང་ཁྱེར་བཅོས་སྐྱོང་གི་གཙོ་གནད་དང་སྒྲིག་གཞི་ཚང་བའི་ཐོན་ཁུངས་ཁྲོམ་གཞུང་དང་སྡེ་ཁུལ་དུ་ཁྱབ་པར་སྐུལ་འདེད་གཏོང་བ་དང་གཞི་རིམ་གྱི་ཏང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ། སྡེ་ཁུལ་བཅོས་སྐྱོང་། སྤྱི་པའི་ཞབས་ཞུ་སོགས་འགན་འཁྲི་གཙོ་བོར་དམིགས་པ་ནས། ཞིབ་མཆན་འགོད་པ་དང་ཞབས་འདེགས། ཁྲིམས་འཛིན་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ས་ཁོངས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས།
ཀུའུ་པེ་སྡེ་ཁུལ་དུ་རྒྱལ་ཁབ་དང་ས་ཁུལ་ལྔ་བཅུ་ལྷག་ཙམ་གྱི་སྡོད་དམངས་ཡོད། ང་ཚོས་རྒྱལ་སྤྱིའི་སྡེ་ཁུལ་གྱི་ཞབས་ཞུ་དང་བཅོས་སྐྱོང་རྒྱུན་ཆད་མེད་པར་གསར་གཏོད་དང་ལག་བསྟར་བྱས་ནས། སྡོད་དམངས་ཁུལ་གྱི་ཏང་ཀྲི་པུའུ་དང་ཏང་ཡོན་རྐང་འཛིན་པས་སྣེ་ཁྲིད་དེ་སྤྱི་ཕན་བྱ་གཞག་སྒྲུབ་པར་སྤྲོ་བ་དང་སྡོད་དམངས་ཀྱི་ཁྲོད་ནས་སྙན་གྲགས་ཡོད་པ། འཇོན་ཐང་ལྡན་པའི་ཀྲུང་ཕྱིའི་སྡོད་དམངས་འཐུས་མི་གདན་དྲངས་ནས་དོན་གྲོས་པ་བྱེད་དུ་བཅུག་པ་དང་། སྣ་མང་ཕྱོགས་བསྡུས་ཀྱི་དོན་གྲོས་དྲ་རྒྱ་བཙུགས་ཏེ་ལས་གཞི་བཅུ་བདུན་གྱིས་ཞབས་འདེགས་ཞུ་བཞིན་ཡོད་ཅེས་ཀུའུ་པེ་སྡོད་དམངས་ལྟེ་གནས་ཀྱི་ཀྲུའུ་རིན་ཧྲིན་ཧུང་གིས་བཤད།
གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་རེད། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།
ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧེ་རུ་རྟོག་ཞིབ་གནང་སྐབས། གྲོང་ཁྱེར་འཆར་འགོད་དང་གྲོང་ཁྱེར་འཛུགས་སྐྲུན། གྲོང་ཁུལ་གསར་པ་འཛུགས་སྐྲུན་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་བཅས་ཚང་མར་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་པ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་སྟོང་བཀོད་སྒྲིག་ལུགས་མཐུན་བྱེད་པ། དོན་སྙིང་ཅན་དང་ཞིབ་ལས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། བྱ་བར་འཚམ་པ་དང་སྡོད་གནས་ལ་འཚམ་པ། སྤྲོ་སྐྱིད་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་ནས་མི་དམངས་ཀྱི་ཐོབ་སྣང་སྔར་ལས་ཆེ་རུ་བཏང་སྟེ། མི་དམངས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ཧྲང་ཧེ་ཡིས་མི་རྣམས་ལ་མི་ཚེའི་ཁྱད་མཚར་བསྐྲུན་པའི་གོ་སྐབས་ཡོད་པ་དང་མི་ཚང་མ་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་ལ་ཞུགས་ཐུབ་པ། མི་ཚང་མས་སྤུས་ཚད་མཐོ་བའི་འཚོ་བ་ལོངས་སྤྱོད་བྱེད་ཐུབ་པ། མི་ཚང་མས་དྲོ་སྐྱིད་དངོས་ཚོར་ཐུབ་པ། མི་ཚང་མའི་ཁོངས་གཏོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ་བཅས་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་མི་ཚང་མར་ཡོད་པ་ལྔའི་འབད་བརྩོན་གྱི་ཁ་ཕྱོགས་གཏན་འཁེལ་བྱས།
ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་གསུང་བཤད་གལ་ཆེན་ནང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་མང་ཚོགས་དང་ཐད་ཀར་དུ་འབྲེལ་བ་ཆེན་པོ་ཡོད་པ། མང་ཚོགས་ལ་མྱུར་དུ་མཁོ་གལ་ཆེ་ཤོས་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་བྱས་ནས། སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དང་སྤུས་ལེགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས།
མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། ཧྲང་ཧེ་ཡིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ཏེ། ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་ཡིས་ལོ་དྲུག་གི་རིང་བསྟུད་མར་བརྟག་ཞིབ་ཆེན་པོའི་བྱ་བ་སྒྲུབ་པར་བརྟེན། བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་ཕྱིན་པ་དང་འབྲེལ་བྱ་བའི་ཕན་འབྲས་ཆེ་རུ་ཕྱིན་ཡོད། མི་དམངས་ཀྱི་གྲོས་མགོ་བསྡུ་ལེན་བྱེད་པའི་གཏན་འབེབས་བཟོས་ཏེ་མང་ཚོགས་ཀྱི་བསམ་ཚུལ་བྱ་བའི་བྱེད་ཐབས་སུ་གྱུར་པ་དང་། སྡོད་དམངས་ཀྱི་ཐབས་མཆོག་འཕེལ་རྒྱས་ཀྱི་ཐབས་བཟང་དུ་གྱུར་པར་བྱས་ཡོད། གྲོང་ཁྱེར་དང་ཁུལ་རིམ་པ་གཉིས་ཀྱིས་རང་འགུལ་ངང་མི་དམངས་ཀྱི་གྲོས་མགོ་ཁག་བསྡུ་ལེན་བྱས་པ་མ་ཟད། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་འཐུས་སྒོ་ཇེ་ཚང་དུ་བཏང་།
ད་ལྟ་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས། རྒན་གསོའི་ཞབས་ཞུ་དང་དམངས་ཕན་ཞོགས་ཟས། སྤྱི་པའི་སྡོད་ཁང་རྙིང་པར་གློག་སྐས་སྒྲིག་སྦྱོར་བྱེད་པ་སོགས་དོན་དངོས་བཅུ་དྲུག་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བཞིན་ཡོད།
ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་ཡི་འགན་ཁུར་བློ་མཐུན་གཙོ་བོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྩལ་བའི་གཟི་བརྗིད་ལྡན་པའི་ལས་འགན་དེ་ཆེས་ཆེ་བའི་བྱ་བའི་སྟོབས་ཤུགས་སུ་བསྒྱུར་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ། འཛམ་གླིང་ལ་ཤུགས་རྐྱེན་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།