སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཡུན་ནན་གྱི་ལེའུ།
2022.06.30 ཁུངས། མི་དམངས་དྲ་བ། ཀློག་གྲངས། 16

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་གཟིགས་ཞིབ་ཐེངས་གཉིས་གནང་སྟེ། ཡུན་ནན་འདི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་འཁྲིད་པ།  ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་བཅས་སུ་བསྐྲུན་པར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པར་ཁྲིད་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཡུན་ནན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ། སྤུས་ཚད་མཐོ་བའི་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཧུར་ཐག་གིས་བསྐྲུན་བཞིན་ཡོད།

བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྲོད་ནས་མི་རིགས་ཁག་གི་མི་དམངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་ཕན་ཁེ་ཐོབ་པར་བྱེད་དགོས།

2015ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་གཟིགས་ཞིབ་གནང་སྐབས། ཡུན་ནན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་ཞེས་གསུངས་པ་རེད།

ལོ་རྒྱུས་དང་རང་བྱུང་ཁོར་ཡུག་སོགས་ཀྱི་དབང་གིས་དབུལ་ཕོངས་དེ་སྔོན་ཆད་ཡུན་ནན་གྱི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དང་མཉམ་དུ་གནས་ཡོད། དབུལ་ཕོངས་ལས་ཐར་རྒྱུ་ནི་མི་རྣམས་ཀྱི་མི་རབས་ནས་མི་རབས་བར་གྱི་ཕུགས་འདུན་ཡིན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས།  དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྗེས། ཡུན་ནན་གྱིས་ཡུལ་བབ་དང་བསྟུན་པ་དང་། མི་རིགས་དང་བསྟུན་ནས་སྲིད་ཇུས་ལག་བསྟར་དང་། གནད་སྨིན་རོགས་སྐྱོར།  དཔེ་དབྱིབས་གསར་སྐྲུན་བཅས་བྱས་ཡོད། 2020ལོའི་ཟླ11པར་ཡུན་ནན་གྱི་བར་བརྒལ་མི་རིགས་དང་མི་གྲངས་ཅུང་ཉུང་བའི་མི་རིགས11ཚང་མ་དབུལ་ཕོངས་ལས་ཡོངས་སུ་ཐར་ཏེ་མི་རིགས་ཚང་མ་དབུལ་ཐར་གྱི་རྣམ་པ་མངོན་འགྱུར་བྱུང་ཡོད།

2018ལོའི་ལོ་མཇུག་ཏུ། ཏུའུ་ལུང་རིགས་ཀྱིས་མི་ཚང་མ་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་།    2019ལོའི་ཟླ4ཚེས10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུའུ་ལུང་ཅང་ཡུལ་ཚོའི་མང་ཚོགས་ལ་འཕྲིན་ལན་སྤྲིངས་ནས། ཡུལ་མི་ཚོར་དབུལ་ཐར་ནི་གོམ་སྟབས་དང་པོ་དེ་ཡིན་པས།    འཚོ་བ་བཟང་བོ་གཞུག་ན་ཡོད་ཅེས་སྐུལ་ལྕག་གནང་བ་རེད།

ཏུའུ་ལུང་ཅང་ཡུལ་ཚོར་སྐྱོད་སྐབས་སྔོན་ཆད་ཀྱི་རྩྭ་སྤྱིལ་ཁང་དེ་ད་ལྟ་ཏུའུ་ལུང་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྡོད་ཁང་གསར་པར་གྱུར་ཡོད་ལ།  ཨར་འདམ་གྱིས་ལས་པའི་ལམ་ངོས་ཧ་ཅང་གཙང་ལ་གྲལ་དག་པ་ཞིག་རེད།  2021ལོར་ཡུལ་ཚོ་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི་གཅིག་སྟོང་ལྔ་ཙམ་ཟིན་པ་དང་།  ཁྱིམ་ཚང་རེའི་ཆ་སྙོམས་གསོག་དངུལ་སྒོར་ཁྲི་བཞི་ལས་བརྒལ་ཡོད་པར་མ་ཟད། 85%ཡན་གྱི་ཁྱིམ་ཚང་ལ་རླངས་འཁོར་ཡོད་པ་རེད།

2020ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་གཟིགས་ཞིབ་གནང་སྐབས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་སྟེ།  བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མི་དམངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་ཕན་ཁེ་ཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཐིན་ཁྲུང་གྲོང་ཁྱེར་སན་ཅ་སྡེ་བའི་ཀྲུང་གྲེ་སི་མོ་ལ་ཝ་རིགས་སྡེ་བ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་སྤེལ་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཡུལ་མི་ཚོ་དབུལ་ཕོངས་ལས་ཐར་བ་ནི་བདེ་སྐྱིད་འཚོ་བའི་ཕྱོགས་སུ་སྐྱོད་པའི་གོམ་པ་དང་པོ་ཡིན་ཞིང་། དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་བའི་འགོ་ཚུགས་ས་ཞིག་ཡིན་ཞེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བརྩི་སྲུང་ནན་མོ་བྱས་ནས།  ཡུན་ནན་གྱིས་དབུལ་ཐར་མི་གྲངས་ཀྱི་ཡོང་འབབ་མུ་མཐུད་དུ་འཕར་བའི་ལོ་གསུམ་འགུལ་སྤྱོད་འཆར་གཞི་ལག་བསྟར་བྱས་པས།  དབུལ་ཐར་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་སོང་ཡོད།   ད་ལོའི་དུས་ཚིགས་དང་པོར་ཡུན་ནན་གྱི་དབུལ་ཐར་རྫོང་གི་ཞིང་པ་མི་རེའི་ཆ་སྙོམས་ ཡོང་འབབ་སྒོར3651ཟིན་ནས7%འཕར་ཏེ།  ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད།

2020ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐིན་ཁྲུང་གྲོང་ཁྱེར་ཧི་ཧྲོན་གནའ་གྲོང་དུ་གཟིགས་ཞིབ་གནང་སྐབས། ཧི་ཧྲོན་དཔེ་མཛོད་ཁང་དུ་ཕེབས་ནས་གནའ་གྲོང་གི་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་མཛད་པ་དང་།  གནའ་བོའི་དར་གོས་ལམ་བུའི་ཐོག་གི་ཕུལ་བྱུང་སྲོལ་རྒྱུན་ལ་གཟིགས་ཞིབ་གནང་བར་མ་ཟད། གནའ་བོའི་སྲང་ལམ་དུ་ཕེབས་ནས་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་གསུང་གླེང་མཛད་པ་རེད།

ཉེ་བའི་ལོ་འགའི་རིང་། ཡུན་ནན་ཞིང་ཆེན་གྱིས་ཁྱད་ལྡན་སྡེ་བ་དང་གྲོང་རྡལ་འཛུགས་སྐྲུན་གྱི་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། ཁྱད་ལྡན་ཡུལ་ཚོ་དང་གྲོང་རྡལ་སུམ་ཅུ་དང་ཁྱད་ལྡན་སྡེ་བ་བདུན་བརྒྱ་དང་བརྒྱད་ཅུ་འཛུགས་སྐྲུན་བྱས་ཤིང་། དེའི་ནང་ཁྱད་ལྡན་སྡེ་བ247ལ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་སྡེ་བ་ཞེས་མིང་བཏགས་པ་རེད།

མིག་སྔར་ཡུན་ནན་གྱི་གྲོང་ཁྱེར11རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་དང་། རྫོང33རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་།  ལས་ཁུངས51རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ལས་ཁུངས་བཅས་ལ་བསྐྲུན་ཡོད།

མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། 2015ལོའི་ཟླ་དང་པོར་ཡུན་ནན་དུ་གཟིགས་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་སྔར་ལས་མངོན་གསལ་གྱི་གོ་གནས་སྟེང་བཞག་སྟེ། མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག  ཡུན་ནན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་མཁན་གྱི་ངེས་གནས་གསར་པ་གསལ་སྟོན་གནང་བ་རེད། 2020ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་གཟིགས་ཞིབ་མཛད་སྐབས། ཡུན་ནན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་རང་ཉིད་ཀྱི་ལེགས་ཆ་ལྡན་པས།   གནད་འགག་ནི་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་ཞེས་ཡང་བསྐྱར་ནན་གྱིས་བསྟན་པ་རེད།

2015ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨར་ཧའེ་མཚོ་འགྲམ་དུ་ཕེབས་ནས་བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་གཟིགས་ཞིབ་གང་ལེགས་གནང་བར་མ་ཟད། ཨར་ཧའེ་སྲུང་སྐྱོབ་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་རྗེས་ངེས་པར་དུ་ཨར་ཧའེ་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་། ཏ་ལིས་ཁུལ་གྱིས་རིམ་རྩིས་བྱས་ན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གཉིས་དུང་ཕྱུར་དགུ་ལྷག་བཏང་ནས། ཨར་ཧའེ་བཅོས་སྐྱོང་དང་། མཚོ་འགྲམ་དུ་ཡོད་པའི་སྡོད་ཁང་ཆིག་སྟོང་བརྒྱད་བརྒྱ་ལྷག་བཤིག་པ། མཚོ་འགྲམ་གྱི་ས་ཞིང་མུའུ་སྟོང་གཅིག་ལྷག་སོར་འཇོག་བཅས་བྱས་ཡོད། ད་ལྟ་སྤྱིའི་རིང་ཚད་ལ་སྤྱི་ལེ129ཡོད་པའི་ཨར་ཧའེ་མཚོ་སྐོར་གྱི་སྐྱེ་ཁམས་བར་ཁྱམས་ལམ་ཡོངས་སུ་ཤར་གཏོང་བྱས་ཡོད་པ་དང་།  མཚོ་སྐོར་དུ་གྲོང་ཁྱེར་བསྐྲུན་པ་དང་མཚོ་སྐོར་ལ་གཞིགས་ནས་བཀོད་སྒྲིག་བྱེད་པའི་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2020ལོ་དང2021ལོར་ཨར་ཧའེ་ཡི་ཆུའི་སྤུས་ཚད་བསྟུད་མར་ལོ་གཉིས་ལ་ཇེ་བཟང་ཡིན་པ་རྒྱུན་འཁྱོངས་བྱས་ཡོད།

ཨར་ཧའེ་ཡི་འགྱུར་ལྡོག་ནི་བཅོས་སྐྱོང་གི་འདུ་ཤེས་དང་འཕེལ་རྒྱས་གཏོང་སྟངས་ཀྱི་འགྱུར་ལྡོག་ལས་བྱུང་བ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལས། བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་སྔོ་ལྗང་གི་རི་ཆུ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་པའི་ངོས་ཟིན་ཟབ་མོ་བྱུང་ཡོད།  ལོ་འདི་དག་གི་ནང་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་མིའི་སེམས་སུ་ཟུག་ཡོད་ཅེས་ཨར་ཧའེ་མཚོ་འགྲམ་དུ་འཚོ་བ་རོལ་བཞིན་པའི་ཏ་ལིས་གྲོང་ཁྱེར་ཝན་ཆའོ་གྲོང་རྡལ་ཀུའུ་ཧྲིན་སྡེ་བའི་སྡེ་མི་ལིས་ཏི་ཁྲང་གིས་དེ་ལྟར་བཤད།

ཨར་ཧའེ་ལས་གཞན། ཡུན་ནན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྣེ་ཁྲིད་མཁན་གྱི་དམིགས་ཚད་བཏོན་ནས།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།

མཐོ་སྒང་གི་མཚེའུ་གཅིག་བཅོས་སྐྱོང་བྱེད་པ་ནས་འབབ་རྒྱུད་བཅོས་སྐྱོང་བྱེད་པའི་བར་འགྱུར་ལྡོག་བྱུང་ནས། 2021ལོར་ཆུ་སྤུས་བརྟན་བརླིང་ངང་ཇེ་བཟང་དུ་སོང་བ་དང་། ཀྲུང་གོའི་ལྷོ་ནུབ་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གཞི་རྒྱུའི་ཐོན་ཁུངས་མཛོད་བསྐྲུན་ནས། རིམ་རྩིས་བྱས་ན་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས166བསྐྲུན་པ་དང་། ས་གནས་རིམ་པའི་གྲོང་ཁྱེར16གི་ཁོར་ཡུག་གི་མཁའ་དབུགས་ལེགས་པའི་དམིགས་ཚད་དེ་བསྟུད་མར་ལོ་ལྔར《ཁོར་ཡུག་གི་མཁའ་དབུགས་སྤུས་ཚད་ཚད་གཞིའི》རིམ་པ་གཉིས་པའི་ཚད་གཞིར་སླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ ཚད98.6%ཟིན་ཡོད་པ་རེད།

མིག་སྔར་ཡུན་ནན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དང་རྫོང12དང་།   སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་སྐྲུན་རྟེན་གཞི6བསྐྲུན་པ་དང་། ལྗང་མདོག་ནུས་རྒྱུ་དང་། ལྗང་མདོག་ཟས་རིགས།  བདེ་ཐང་འཚོ་བ་བཅས་ཀྱི་མིང་བྱང་གསུམ་བསྐྲུན་པའི་ཁྲོད་ལྗང་མདོག་ནུས་རྒྱུ་དེ་ཡུན་ནན་གྱི་རྐང་འཛིན་ཐོན་ལས་ཆེ་ཤོས་སུ་གྱུར་པ་དང་། 2021ལོར་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་ཆས་ཀྱིས་གློག་འདོན་ཚད་སྟོང་ཝ་བྱེ་བ་དགུ་ས་ཡ་ལྔ་ལས་བརྒལ་ཡོད།

2021ལོར《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་རིམ་དང་པོའི་ཚོགས་འདུ་ཁུང་མེན་གྲོང་ཁྱེར་དུ་བདེ་བླག་ངང་འཚོགས་པ་དང་།  གླང་ཆེན་བྱང་ལ་བསྐྱོད་ནས་ཕྱིར་ལྷོ་རུ་ལོག་པ་དེ་ཀྲུང་གོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྣམ་པ་གསར་པ་བསྐྲུན་དགོས།

ཡུན་ནན་ནི་ནུབ་ལྷོའི་མཐའ་མཚམས་སུ་གནས་ཡོད་པས། ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་བར་འབྲེལ་མཐུད་བྱེད་པའི་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་དགེ་མཚན་ལྡན་ཡོད།

2015ལོའི་ཟླ་དང་པོ་དང2020ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་གཟིགས་ཞིབ་ཐེངས་གཉིས་གནང་སྟེ།  སྔ་རྗེས་སུ་ཡུན་ནན་ལ་ཨེ་ཤ་ཡ་ལྷོ་མར་ཕྱོགས་པ་དང་ཨེ་ཤ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས་སུ་འགྱུར་བར་འབད་བརྩོན་བྱེད་པ་དང་།  ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་ཧུར་ཐག་གིས་བསྐྲུན་པའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པར་ཐུགས་རེ་བཏོན་པ་དང་ཆབས་ཅིག བསམ་བློ་བཅིངས་འགྲོལ་དང་དུས་བསྟུན་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འདུ་ཤེས་རྙིང་པ་འདོར་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྣམ་པ་གསར་པ་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོས་བློ་ལ་བརྟན་པོར་བཅངས་ནས། ཡུན་ནན་གྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ། མཆོང་སྐྱོད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཧུར་ཐག་གིས་བསྐྲུན་བཞིན་ཡོད།

ཕྱོགས་ཡོངས་དང་ཕྱོགས་བསྡུས་ཅན་གྱི་སྒོ་འབྱེད་ལས་སྟེགས་མ་ལག་བསྐྲུན་ཞིང་། ཀྲུང་གོའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སྣེ་ཁྲིད་དུ་བྱས་ཏེ།  ཉོ་ཚོང་དང་དྲ་ཐོག་ཚོང་དོན་སོགས་རྒྱལ་མཚམས་ལས་བརྒལ་བའི་གསར་བསྐྲུན་བྱེད་ཐབས་བཏོན་པས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དུ2021ལོར་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་གཉིས་ཙམ་ཟིན་པ་དེ་དུས་མཚུངས་ལས7.8%འཕར་ཡོད།

ཀྲུང་གོ་དང་ལོ་ཝུའོ་བར་གྱི་ལྕགས་ལམ་ནི་ཀྲུང་གོ་དང་ལོ་ཝུའོ་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་ལས་གཞི་གལ་ཆེན་ཞིག་རེད། 2021ལོའི་ཟླ12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་ཀྲུང་གོ་དང་ལོ་ཝུའོ་བར་གྱི་མེ་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་སྐབས།   ལམ་ཐིག་བཟང་པོ་བསྐྲུན་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས་པ་རེད། བསྡོམས་རྩིས་ལས་མངོན་པ་ལྟར་ན། ན་ནིང་གི་ཟླ12པར་མེ་འཁོར་ཤར་གཏོང་བྱས་པ་ནས་ད་ལོའི་ཟླ6ཚེས2ཉིན་བར། ཀྲུང་གོ་དང་ལོ་ཝུའོ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་ཕྱེད་ནང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ས་ཡ་གསུམ་དང་འབུམ་གཉིས་ཁྲི་བདུན་དང་དངོས་ཟོག་ཏུན་ས་ཡ་བཞི་ལྷག་སྐྱེལ་འདྲེན་བྱས་ཤིང་།  འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཇེ་མང་དུ་སོང་ནས་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་ཆེན་མོའི་ནུས་པ་ཉིན་རེ་བཞིན་མངོན་བཞིན་ཡོད།

ད་ལོའི་ཟླ་དང་པོར་བཀྲམ་པའི《ཡུན་ནན་ཞིང་ཆེན་གྱིས་ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྱི་གྲོགས་པོའི་འབྲེལ་བ་དང་མགྱོགས་མྱུར་ངང་འབྲེལ་མཐུད་བྱེད་པའི་འགུལ་སྐྱོད་འཆར་གཞིའི》ནང་ཕྱོགས་ལྔའི་ཐད་ཀྱི་བྱེད་ཐབས་ཁག21བཏོན་ནས། ཕྱི་ཕྱོགས་ཉོ་ཚོང་བརྟན་བརླིང་ངང་འཕར་བ་དང་སྤུས་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་ཡོད།

སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་བཏང་།  ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་།  ཡུན་ནན་གྱི་དཔལ་འབྱོར་བསྡོམས་འབོར་ལ་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་བ་དང་། 2021ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བདུན་ལྷག་ཟིན་ནས7.3%འཕར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་འོག ཡུན་ནན་གྱིས་འབད་འབུངས་ལྷོད་མེད་སྒོས་སྔར་ལས་མཛེས་སྡུག་གི་མ་འོངས་བའི་ལེའུ་གསར་པ་རྩོམ་བཞིན་ཡོད། །

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།