---སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་བོད་ལྗོངས་ཀྱི་ལེའུ།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་བཏོན་ནས་བོད་ལྗོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཐད་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ནས་བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། བོད་ལྗོངས་ཀྱི་བྱ་བའི་ཐད་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།
བོད་ལྗོངས་ཀྱི་རིགས་སོ་སོའི་བུ་དང་བུ་མོ་ས་ཡ་གསུམ་དང་ཁྲི་དྲུག་ལྷག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་གིས་སྐྲུན་ཡོད།
“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་འཇགས་ཡོང་བར་བྱེད་དགོས།”
2021ལོའི་ཟླ7པར། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྟེ་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཐོབ་ཅིང་། ཁོང་གིས་བརྩེ་བ་ཟབ་མོས“གངས་ལྗོངས་མཐོ་སྒང་གི་བརྗིད་ཆེའི་མཛེས་སྡུག་ཉམས་འགྱུར་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་”ཞེས་གསུངས།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བོད་ལྗོངས་ཀྱི་བྱ་བར་འཐབ་འགོད་ཇུས་འདོན་གནང་བ་སྟེ། 2013ལོའི་ཟླ3པའི་ཚེས9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མིའི་ཚོགས་པའི་ནང་ཞུགས་སྐབས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་འཇགས་ཡོང་བར་བྱེད་དགོས་པའི”རྣམ་བཤད་གལ་ཆེན་གསལ་བོར་བཏོན་སྟེ། མཐའ་མཚམས་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་བོད་ལྗོངས་ཀྱི་བྱ་བའི་དམིགས་བསལ་གནས་བབ་ནན་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ2015ལོའི་ཟླ8པ་དང་2020ལོའི་ཟླ8པར་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཐེངས་བདུན་པར་ཞུགས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གསལ་བོར་བཏོན་ཏེ། དུས་རབས་གསར་པའི་བོད་ལྗོངས་བྱ་བ་བཟང་པོར་བསྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
2021ལོའི་ཟླ7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་རྟོག་ཞིབ་བྱེད་པའི་སྐབས་སུ། བོད་ལྗོངས་ལ་འཕེལ་རྒྱས་ཀྱི་འགན་འཁྲི་གསར་པ་བཀོད་སྒྲིག་གནང་བ་སྟེ། “བརྟན་འཇགས་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་ལ་ཤུགས་སྣོན་པའི་དོན་ཆེན་བཞི་དམ་འཛིན་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་སྟེང་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། གངས་ལྗོངས་མཐོ་སྒང་གི་ཡུན་རིང་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས”ཞེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ལྗོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་བརྟན་འཇགས་བྱ་བར་ནན་ཏན་གྱིས་སྐུལ་འདེད་བཏང་བ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་དུས་ཡུན་རིང་བོར་གཏིང་ཟབ་དུ་སྤེལ་ནས་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཡོང་བ་སྲུང་འཛིན་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞིར་གལ་ཆེན་ལ་སྐུལ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སོང་ཞིང་། ལམ་ལུགས་གསར་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱས་པ་དང་། མཐའ་མཚམས་རྫོང་དང་། ཡུལ་ཚོ། སྡེ་བའི་ཆུ་དང་། གློག ལམ། སྡོད་ཁང་སོགས་སྐྲུན་པའི་ཤུགས་ཚད་མུ་མཐུད་དུ་ཆེ་རུ་བཏང་ནས་མཐའ་དར་དམངས་ཕྱུག་ལ་ཤུགས་སྣོན་རྒྱག་དགོས།
ཡར་ཀླུང་གཙང་པོ་དྲག་ཏུ་རྒྱུག བསྐྱར་དར་རྟགས་ཅན་གྱི་མེ་འཁོར་གངས་ལྗོངས་ས་མཐོར་བསྐྱོད། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ2021ལོའི་ཟླ6པར་ཤར་གཏོང་ཐུབ་པ་བྱུང་བ་དང་། ཉིང་ཁྲི་ནས་ལྷ་ས་བར་གྱི་ལམ་ཐག་དུས་ཚོད་གསུམ་ལྷག་ཙམ་བར་ཐུང་དུ་བཏང་བ་མ་ཟད། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་ཐུབ་པ་བྱུང་ཡོད། “ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱིས་ཕྱིར་འགྲོ་བར་སྟབས་བདེ་སྐྲུན་པ་དང་། ད་དུང་ང་ཚོའི་གནས་འདིར་ཡུལ་སྐོར་བ་མང་པོ་བཀུགས་ཡོང་།” ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁུལ་བུ་ཆུ་ཡུལ་ཚོ་རྡོ་སྡེང་སྡེ་བའི་བོད་ཟས་ཟ་ཁང་གི་ཉི་མ་ཆོས་སྒྲོན་གྱིས་བཤད་རྒྱུར། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་བྱས་རྗེས། ཟ་ཁང་དུ་འགྲུལ་བ་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། ན་ནིང་ཡོང་སྒོ་རྐྱང་རྐྱང་སྒོར་མོ་འབུམ་གཅིག་ལ་སླེབས་ཟེར།
མིག་སྔར། བོད་ལྗོངས་སུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་བསྐྲུན་ཡོད་ལ། མཚོ་སྔོན་ནས་བོད་ལྗོངས་དང་། སི་ཁྲོན་ནས་བོད་ལྗོངས། བོད་དབུས། མངའ་རིས་བཅས་ཀྱི་གློག་ཤུགས་དྲ་བའི་བཟོ་སྐྲུན་འཛུགས་སྐྲུན་བྱས་ཡོད་པ་དང་། སྒྲིག་གཞི་ཚང་བའི་སྡེ་བར་འོད་སྐུད་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད99%ཟིན་པ་དང་མཐའ་མཚམས་ཀྱི་འབྱོར་འབྲིང་སྡེ་བ་དྲུག་བརྒྱ་དང་ཉེར་བཞི་ཚང་མ་འཛུགས་སྐྲུན་བྱས་ཚར་ཡོད་ཅེས་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་མཱ་ཆིན་ལིན་གྱིས་དེ་ལྟར་བཤད།
བོད་ལྗོངས་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་པོ་བྱས་ན་ཕན་པ་བསྐལ་བརྒྱར་ཐོབ་པ་དང་ཀུན་ལ་ཕན་པའི་བྱ་བ་ཞིག་ཡིན་པའི་ངོས་ནས་བརྗོད་ན། ཧ་ཅང་གལ་འགངས་ཆེ་བ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་བྱས་ནས་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། སྲུང་སྐྱོབ་ལ་གཙིགས་ཆེན་བྱེད་པ་ནས་རང་འགུལ་བྱ་སྤྱོད་དུ་འགྱུར་པར་བྱས་ཏེ། མདོ་དབུས་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་ཧུར་ཐག་གིས་སྐྲུན་ཡོད། ད་ལྟ། བོད་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་ཡན་བཟུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་བོད་ལྗོངས་ཀྱིས་ད་དུང་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་གལ་ཆེན་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་རྟེན་གཞི། འཛམ་གླིང་གི་ཡུལ་སྐོར་དམིགས་ས། ནུས་རྒྱུ་གཙང་མའི་རྟེན་གཞི། ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བཅས་སྐྲུན་པར་ཤུགས་སྣོན་བྱས།
“མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་ལས་འགན་སྲུང་ཐུབ་པ་བཅས་བྱེད་དགོས”ཉིང་ཁྲི་གྲོང་ཁྱེར་ཀ་ལ་སྡེ་བར་བོད་ལྗོངས་ཀྱི“ཁམ་བུའི་མེ་ཏོག་གི་སྡེ་བ་དང་པོ”ཞེས་འབོད་བཞིན་ཡོད།
2021ལོའི་ཟླ7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་བ་དེའི་སྡེ་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས། “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་འཚོ་བའི་སྐོར་ཁ་བརྡ་གནང་བ་མ་ཟད། ཁྱིམ་ཚང་གི་ཡོང་སྒོ་དང་འདེབས་འཛུགས་གསོ་སྤེལ་གྱི་སྐོར་དྲིས་ནས་ང་ཚོའི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་།” ཟླ་བ་རྒྱལ་མཚན་གྱིས་བཤད་རྒྱུར། ལོ་འདི་དག་རིང་ལ་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས། ལོ་རེར་མི་རེར་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་མོ་ཁྲི་གསུམ་དང་སྟོང་ལྔ་ཡོད་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་སྡེ་བ་ནས“ཏང་ཀྲུང་དབྱང་གིས་བོད་ལྗོངས་འཕེལ་རྒྱས་ཀྱི་སྲིད་ཇུས་དོན་འཁྱོལ་བཟང་པོ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།
སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཙམ་དང་། སྤྱི་ལེ་སྟོང་བཞི་ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག མི་རིགས་བཞི་བཅུ་ལྷག་ཙམ་གྱི་གངས་ལྗོངས་མཐོ་སྒང་དུ་འཚོ་བ་སྐྱེལ་བཞིན་པའི་རིགས་སོ་སོའི་བུ་དང་བུ་མོ་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་སུ་བཅངས་ཡོད།
ན་ནིང་ཟླ་བདུན་པར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་ཚིས་བྱ་བ་ཡག་པོར་སྒྲུབ་པ་དང་། བྱ་བ་རེ་རེ་དོན་འཁྱོལ་བྱེད་པར་དམ་འཛིན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་གཏོང་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་ལ་སྔར་ལས་འགན་སྲུང་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བོད་ལྗོངས་ནི་སྔོན་ཆད་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་བསྡུས་ཡུག་སྦྲེལ་གྱི་ཆེས་དཀའ་ངལ་ཆེ་བའི་ས་ཁུལ་ཁོ་ན་དེ་ཡིན་ཞིང་། ཐོན་སྐྱེད་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྐྱེ་ཁམས་ཁ་གསབ་དབུལ་སྐྱོར་སོགས་དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་རེ་རེ་སྤྱད་དེ། བོད་ལྗོངས་ཀྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱ་ཆེད་ཐབས་མང་པོ་སྤྱད་ཡོད། དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་བས། མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་སོང་ཡོད། 2019ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱི་དབུལ་ཕོངས་རྫོང་དང་ཁུལ་བདུན་ཅུ་དོན་བཞི་ཚང་མས་དབུལ་ཞྭ་ཕུད་པ་དང་། དབུལ་ཕོངས་མི་གྲངས་འབུམ་དྲུག་དང་ཁྲི་གཉིས་ལྷག་དབུལ་ཕོངས་ལས་ཐར་ཡོད།
དབུལ་ཐར་བྱུང་རྗེས། བོད་ལྗོངས་ཀྱིས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བས། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཕན་འབྲས་མངོན་གསལ་ཐོབ་པ་སྟེ། 2021ལོར་རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་དུང་ཕྱུར་གསུམ་བྱེ་བ་བརྒྱད་ལྷག་གཅིག་གྱུར་བཀོད་འདོམས་བྱས་ཏེ། ལས་གཞི་སྟོང་གཉིས་བརྒྱ་དང་ཉེར་དྲུག་ལག་བསྟར་བྱས་པ་དང་། ཡང་བསྐྱར་དབུལ་པོར་འགྱུར་བ་འགོག་པའི་སྐབས་བསྟུན་ལྟ་བཤེར་དང་རོགས་སྐྱོར་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། ཡུལ་གཞན་དུ་གནས་སྤོ་བྱས་རྗེས་མུ་མཐུད་རོགས་སྐྱོར་ལས་གཞི་ཉིས་བརྒྱ་དང་གོ་གསུམ་བཀོད་སྒྲིག་བྱས་པ་དང་། མ་དངུལ་སྒོར་མོ་ཐེར་འབུམ་གསུམ་ལྷག་བཏང་ནས་ཐོན་ལས་སྒྲིག་ཆས་ཆ་ཚང་སྟོང་གཉིས་དང་སུམ་བརྒྱ་ལས་ནས་གྲུབ་པ་རེད།
“ཡར་ལངས་ཞིང་བྲན་བཅིངས་འགྲོལ་ཐོབ་སྟེ་བདག་པོར་གྱུར་པ་ནས་དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར་བོད་ལྗོངས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ང་ཚོ་ཡུལ་སྨད་ཡུལ་ཚོ་ལ་མཚོན་ན་སྔོན་ཆད་མི་གསུམ་ལས་མེད་པའི་ཡུལ་ཚོ་དེ་རུ་ད་ལྟ་མི་ཉིས་བརྒྱ་ལྷག་ཡོད་པ་དང་། ལམ་ཚང་མར་སྣུམ་ལམ་བཏིངས་པ་དང་། ཁྱིམ་ཚང་ཚང་མར་གློག་དང་དྲ་རྒྱ་བཅས་ཡོད་པས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ”ཞེས་སྔོན་ཆད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་བསྐུར་མྱོང་བའི་ཡུལ་སྨད་ཡུལ་ཚོའི་མཐའ་སྲུང་འབྲོག་མོ་སྒྲོལ་དཀར་གྱིས་མྱོང་ཚོར་ཟབ་མོས་དེ་ལྟར་བརྗོད།
ད་ལྟ་བོད་ལྗོངས་སུ་དེང་རབས་ཀྱི་སློབ་གསོའི་མ་ལག་བཙུགས་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་གསར་བ་མི་རེའི་ཆ་སྙོམས་སློབ་གསོ་མྱོང་བའི་ལོ་ཚད་ལོ་བཅུ་གསུམ་གྲངས་ཆུང་གཅིག་ལ་སླེབས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་དང་། སྨན་བཅོས་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས། སྤྱི་ཚོགས་འགན་སྲུང་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་བས། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་བདུན་ཅུ་དོན་གཉིས་ལྷག་ལ་སླེབས་ཡོད། 2021ལོར་བོད་ལྗོངས་ཀྱི་ཞིང་སྡེའི་སྡོད་དམངས་མི་རེར་ཆ་སྙོམས་ཀྱིས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་དྲུག་དགུ་བརྒྱ་སོ་ལྔར་སླེབས་ཡོད་པ་དང་། དེ2020ལོ་དང་བསྡུར་ན་སྒོར་མོ་སྟོང་གཉིས་དང་སུམ་བརྒྱ་སོ་བདུན་འཕར་ཡོད་ཅིང་། འཕར་ཚད་བརྒྱ་ཆའི་བཅུ་དྲུག་ཡིན་པ་རེད། མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་སྒོར་མོ་ཁྲི་བཞི་དང་སྟོང་དྲུག་ལྔ་བརྒྱ་ཡིན་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་འཕར་ཡོད། “མི་རིགས་ལྔ་བཅུ་ང་དྲུག་ནི་སེ་འབྲུའི་ཚི་གུ་ལྟ་བུ་ཡིན་པ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་ལྟ་བུ་རེད”
བར་སྐོར་ལམ་དུ་ཚོང་ཁང་མང་པོ་ཡོད་པ་དང་ཡུལ་སྐོར་བའང་ཤིན་ཏུ་མང་། 2021ལོའི་ཟླ7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་སྐོར་ལམ་དུ་ཕེབས་ནས“ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི་ང་ཚོ་མི་རིགས་ཁག་གིས་སྐྲུན་པ་ཞིག་རེད། མི་རིགས་སོ་སོས་གནས་འདི་ནས་རིག་གནས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བྱས་ཡོད་པ་མ་ཟད། ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་མི་རིགས་སོ་སོ་འདི་གར་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོས་གསུངས།
བར་སྐོར་ལམ་ནི་བསྡུས་གཟུགས་ཤིག་དང་འདྲ་བར་བོད་ལྗོངས་མི་རིགས་ཀྱི་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད།
རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་སུ་བོད་རིགས་དང་། རྒྱ་རིགས། ཧོས་རིགས། ལྷོ་པ། མོན་པ་སོགས་མི་རིགས་བཞི་བཅུ་ལྷག་ཙམ་གྱིས་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་དེ་བོད་ལྗོངས་ཀྱི་བྱ་བའི་སྤྱི་ཡོངས་ཀྱི་དམིགས་བསལ་གོ་གནས་སུ་འཇོག་དགོས་པ་དང་། “མི་རིགས་ལྔ་བཅུ་ང་དྲུག་ནི་སེ་འབྲུའི་ཚི་གུ་ལྟ་བུ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་ལྟ་བུ”ཡིན་པ། “བོད་ལྗོངས་ཀྱི་བྱ་བ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་གཞི་འཛིན་ས་དང་ཤུགས་རྒྱག་ས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་མི་རིགས་མཐུན་སྒྲིལ་དེ་བོད་ལྗོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་སྲོག་རྩ་ལྟ་བུར་གྱུར་ཡོད། “མི་རིགས་སོ་སོའི་བར་གྱི་ལྷག་བསམ་རྣམ་དག་གི་མཐུན་སྒྲིལ་མེད་ན། ད་ལྟའི་དར་རྒྱས་གོང་འཕེལ་གྱི་བོད་ལྗོངས་ཡོད་མི་སྲིད། ང་ཚོས་མུ་མཐུད་མཐུན་སྒྲིལ་དམ་ཟབ་བྱེད་དགོས”ཞེས་ལོ་དོན་གཅིག་ལ་སླེབས་པའི་ལྷ་སའི་མང་ཚོགས་སྒྲོལ་མ་རིག་འཛིན་གྱིས་དེ་ལྟར་བརྗོད།
《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་གྱི་སྲོལ་ཡིག》ལག་བསྟར་བྱས་ཤིང་། ལོ་རེའི་ཟླ་དགུ་པ་དེ་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བར”གཏན་འཁེལ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སློབ་ཁང་དུ་བསྐྱོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་ཤུགས་ཆེན་པོས་གཟེངས་བསྟོད་བྱས་ནས། བོད་ལྗོངས་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་གིས་སྐྱོད་ཐུབ་པར་བྱས་ཡོད།
བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བློ་ཁ་གཅིག་ཏུ་ཕྱོགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཇེ་བརྟན་དུ་བཏང་ནས། འབྱོར་ཕྱུག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཅིག་བསྡུས་བྱེད་དགོས།
ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་ནི་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་བ་གལ་ཆེན་ཞིག་རེད། 2021ལོའི་ཟླ7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་འབྲས་སྤུངས་དགོན་དུ་ཕེབས་ནས“ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ནི‘འཆམ་མཐུན’ལ་ཐུག་ཡོད” “ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་མཛའ་མཐུན་བཅས་ཡོང་བར་བྱེད་དགོས”ཞེས་གསུངས་པ་རེད།
དུས་རབས་གསར་པའི་བོད་ལྗོངས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཆོས་དད་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན་དང་། གོ་རིམ་ལྡན་པ། ཆོས་ལུགས་འཆམ་མཐུན་བཅས་བྱུང་ཡོད།
བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་ལྟར་དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་སྟེང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས་གངས་ལྗོངས་མཐོ་སྒང་དུ་རྡོ་རིང་གསར་པ་ཞིག་བཞེངས་བཞིན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།