སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཉིན་ཞ་ཡི་ལེའུ།
2022.07.07 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 5

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་ཐེངས་གཉིས་མཛད་པར་མ་ཟད་གསུང་བཤད་གལ་ཆེན་ གནང་སྟེ།  ཉིན་ཞ་ཡི་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་མཛེས་སྡུག་གི་ཉིན་ཞ་གསར་པ་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བསྲུང་བྱ་མཁོ་འདོན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཉིན་ཞ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་གྱི་ལས་འགན་ ཕྲག་ཏུ་བླངས་སྟེ། མཐུན་སྒྲིལ་འབད་འཐབ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་པ། མི་དམངས་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་ཉིན་ཞ་གསར་པ་མུ་མཐུད་དུ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་མདུན་སྐྱོད་ལྷོད་མེད་བྱེད་བཞིན་ཡོད།

སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་།

རྨ་ཆུའི་འགྲམ་ངོགས་སུ་གནས་པའི་ཝུའུ་ཀྲུང་གྲོང་ཁྱེར་ནི་ཉིན་ཞའི་རྨ་ཆུ་འདྲེན་ཁུལ་གྱི་ས་ཁོངས་གལ་ཆེན་ཞིག་ཡིན་པ་དང་། ཝུའུ་ཀྲུང་བརྒྱུད་ནས་བཞུར་བའི་རྨ་ཆུའི་རིང་ཚད་ལ་སྤྱི་ལེ69ཟིན་ཡོད།

2020ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས། རྨ་ཆུའི་འབབ་རྒྱུད་ཡུན་རིང་བདེ་འགོད་ཡོང་བར་འགན་ལེན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས། ཆུ་ལམ་དང་གྲམ་ཐང་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་དང་།  འགྲམ་གཉིས་ཀྱི་ཆུ་རགས་དང་། ཆུ་ལམ་ཚོད་འཛིན་ཁྲིད་སྟོན་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།  ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཝུའུ་ཀྲུང་གྲོང་ཁྱེར་གྱིས་རྨ་ཆུར་སྔར་ལས་གཅེས་སྤྲས་དང་རྨ་ཆུར་སྲུང་སྐྱོབ་ལེགས་པོ་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཆུ་འགོ་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཡོད།  ལོ་འགའི་སྔོན་ལ་ཆུ་རགས་འཛུགས་སྐྲུན་དང་། ཆུ་ལམ་བཅོས་སྐྱོང་།  གྲམ་ཐང་བཅོས་སྐྱོང་། སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། ང་ཚོས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་པར་གཏིང་ཟབ་ཏུ་སྐུལ་འདེད་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཆུ་བོ་དང་ཆུ་ལམ753དང་མཚེའུ84བཅས་སུ་གྲོང་ཁྱེར་དང་། རྫོང་། ཡུལ་ཚོ།  སྡེ་བ་བཅས་རིམ་པ་བཞིའི་ཆུ་དཔོན་དང་མཚོ་དཔོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བར་མ་ཟད།  ཆུ་དོན་དང་། སྤྱི་བདེ། ཞིབ་དཔྱོད་སོགས་སྡེ་ཁག་ཞུགས་པའི་རྨ་ཆུ་སྲུང་སྐྱོབ་ཀྱི་མཉམ་འབྲེལ་ཁྲིམས་འཛིན་རྐྱེན་སྲོལ་བཙུགས་ཡོད་ཅེས་ཝུའུ་ཀྲུང་གྲོང་ཁྱེར་ཆུ་དོན་ཅུས་ཀྱི་ཅུས་ཀྲང་སུའུ་ཞའོ་ལིས་ཀྱིས་དེ་ལྟར་བཤད།

རྨ་ཆུའི་བརླན་སའི་སྐྱེ་ཁམས་མ་ལག་གི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད། ཉེ་བའི་ལོ་འགའི་རིང་ཝུའུ་ཀྲུང་གྲོང་ཁྱེར་གྱིས་བརླན་ས་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་སོགས་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་སྣ་ཚོགས30ལྷག་ལག་བསྟར་བྱས་ནས། སྔ་རྗེས་སུ་འབབ་རྒྱུད་ཀྱི་བརླན་ས་སྤྱི་ལེ་32དང་མཚེའུ་ཡི་བརླན་ས17སླར་གསོ་བྱས་པར་མ་ཟད།  ཞན་འགྱུར་བརླན་ས་མུའུ་ཁྲི་བཞི་ཙམ་སླར་གསོ་བྱས།

2020ལོར་ཉིན་ཞ་ཡིས་རྨ་ཆུའི་འབབ་རྒྱུད་ཉིན་ཞ་དུམ་མཚམས་ཀྱི་དུས་སྐབས་གཉིས་པའི་ཆུ་ལོག་འགོག་པའི་ལས་གཞི་ལེགས་སྒྲུབ་བྱས་ནས།  ཐར་ཐོར་འཕྲལ་སྡོམ་འགོག་བཅོས་བྱེད་པ་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་མངོན་འགྱུར་བྱས་ཡོད།  ཆུའི་སྦགས་བཙོག་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོབ་ནས། འདས་པའི་ལོ་ལྔའི་ནང་། རྨ་ཆུའི་ཆུ་གཞུང་ཉིན་ཞ་དུམ་མཚམས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པར་སྲུང་འཛིན་བྱས།

2016ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས། ཉིན་ཞ་ནི་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། ལྗང་མདོག་སྲུང་ཡོལ་བསྐྲུན་པར་ཤུགས་སྣོན་བྱེད་དགོས་ཞེས་གསུངས་པ་རེད། 2020ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། འགན་འཁྲི་དོན་འཁྱོལ་དམ་འཛིན།  ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བཅས་བྱས་ནས། ཧི་ལན་རི་བོའི་སྐྱེ་ཁམས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་པ་རེད།

2016ལོ་ནས་བཟུང་། ཉིན་ཞ་ཡིས་ཧི་ལན་རི་བོའི་སྐྱེ་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་བཅོས་སྐྱོང་དང་སླར་གསོ་བྱས་ཏེ། ཧི་ལན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གནས་40བཅོས་སྐྱོང་དང་སླར་གསོ་བྱས་ནས།  སྲུང་སྐྱོབ་ཁུལ་མཐའ་སྐོར་གྱི་གཏེར་ཁུལ11གི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་།

འདས་ཟིན་པའི་ལོ5ནང་། ཉིན་ཞ་ཡིས་སྔ་རྗེས་སུ་ཧི་ལན་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་སོགས་ལ་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་ལྷག་བཏང་བ་དང་། བཅོས་སྐྱོང་དང་སླར་གསོའི་རྒྱ་ཁྱོན་མུའུ་འབུམ་བཞི་ལྷག་ཟིན་ཞིང་། རྡོ་སོལ་ཐོན་ནུས་ཏུན་བྱེ་བ་གཅིག་ས་ཡ་དྲུག་ཐོན་སྐྱེད་བྱེད་མཚམས་བཞག་ཡོད།

2021ལོ་ནས་བཟུང་། ཉིན་ཞ་ཡིས་གཏེར་ཁུལ་གྱི་ས་གཤིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཧི་ལན་རི་བོའི་རང་བྱུང་སྐྱེ་ཁམས་བྱེད་ནུས་རིམ་བཞིན་སླར་གསོ་བྱས། ཧི་ལན་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རིང་གི་གཙོ་གནད་ལས་གཞིའི་ཁྲོད་བཞག་ཅིང་། མིག་སྔར་སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོའི་ལས་གཞི16དང་ཟུར་གཏོགས་ལས་གཞི50ལག་བསྟར་བྱེད་འགོ་བརྩམས་པ་དང་།  བཅོས་སྐྱོང་སླར་གསོའི་རྒྱ་ཁྱོན་མུའུ་འབུམ་གསུམ་ཁྲི་བཞིར་བསླེབས་པར་མ་ཟད།  རི་རྒྱུད་དུ་ནགས་ཚལ་བར་ཁྱམས་དང་། ཞིང་ཁའི་ནགས་ཚལ་དྲ་བ།  དཔལ་འབྱོར་ནགས་ཚལ་བཅས་མུའུ་འབུམ་བཞི་ཁྲི་ལྔ་བསྐྲུན་ཡོད།

སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཉིན་ཞ་ཡིས་ཆེད་དོན་འཆར་འགོད་གཙོ་གནད་དུ་འཛིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་། སླར་གསོ། འཛུགས་སྐྲུན་བཅས་ཀྱི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱས་ནས།  ཧི་ལན་རི་བོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིན་རྒྱལ་ཁོངས་བར་སྟོང་སྐྱེ་ཁམས་སླར་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཚུའེ་ཆིས་ཕིན་གྱིས་དེ་ལྟར་བཤད།

རྒྱུན་སྲིང་ལྷོད་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

དབྱིན་ཁྲོན་གྲོང་ཁྱེར་ཞིས་ཞ་ཁུལ་གྱི་རྒུན་འབྲུམ་འདེབས་འཛུགས་གླིང་དུ་ཡུལ་སྐོར་བས་ཁེངས་ཡོད། ལོ་བཅུའི་ཡར་སྔོན་དུ་ས་ཆ་དེ་ནི་བེད་མེད་དུ་བཞག་པའི་གཏེར་ཁ་སྔོག་འདོན་ས་ཁུལ་ཞིག་ཡིན་པ་བློ་ཡུལ་དུའང་ཤར་དཀའ་བ་རེད།

2020ལོའི་ཟླ6ཚེས9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས། རྒུན་འབྲུམ་འདེབས་འཛུགས་གླིང་དུ་ཕེབས་ནས་ལས་ཀ་བྱེད་བཞིན་པའི་ལས་བཟོ་པ་དང་ལག་རྩལ་མི་སྣ་དང་གསུང་གླེང་མཛད་ནས། རྒུན་འབྲུམ་འདེབས་འཛུགས་ལག་རྩལ་དང་། ཐོན་རྫས་ཀྱི་ཚོང་ལམ་དང་ཡོང་འབབ་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཞིང་།  སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བ་དང་བསྟུན་ནས་རྒུན་འབྲུམ་ཆང་གི་ཐོན་ལས་ལ་མདུན་ལྗོངས་ཆེན་པོ་ཡོད་ཅེས་ནན་གྱིས་བསྟན་པ་རེད།

ཉེ་བའི་ལོ་གཉིས་ཀྱི་ནང་ང་ཚོས་རྒུན་འབྲུམ་ཆང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་སླར་གསོར་ཤུགས་སྣོན་བྱེད་པ་ཕན་ཚུན་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་མིང་གྲགས་སྤུས་རྟགས་བསྐྲུན་པས།  ཚོང་ཧ་ཅང་བྲིན་པ་རེད་ཅེས་རྒུན་འབྲུམ་འདེབས་འཛུགས་གླིང་གི་སྤྱིའི་ལས་འཛིན་པ་ཡོན་ཡོན(袁园)གྱིས་དེ་ལྟར་བཤད།

2021ལོའི་ཟླ7པར། ཉིན་ཞ་ཡི་རྒྱལ་ཁབ་རྒུན་འབྲུམ་དང་རྒུན་འབྲུམ་ཆང་གི་ཐོན་ལས་སྒོ་འབྱེད་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ་སྒོ་བྱང་བཀལ་ནས་བཙུགས་ཤིང་། ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་གོ་སྐབས་གལ་ཆེན་དུ་བརྩིས་ནས། ཉིན་ཞ་ཡིས་རྒུན་འབྲུམ་ཆང་གི་ཐོན་ལས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྐང་འཛིན་ཐོན་ལས་སུ་བསྐྲུན་པར་ཤུགས་སྣོན་བྱས་པ་དང་། ན་ནིང་ཉིན་ཞའི་རྒུན་འབྲུམ་ཆང་ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་རིན་སྒོར་ཐེར་ཆེན་གསུམ་ལ་བསླེབས་ཡོད།

2020ལོའི་ཟླ6ཚེས9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་ཕེབས་ནས་ཉིན་ཞའི་དེང་རབས་ཞིང་ལས་འཕེལ་རྒྱས་དང་ཞིང་ལས་མཉམ་ལས་ཁང་གིས་ཞིང་པའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་གྱི་གཉེར་སྐྱོང་བྱེད་ཐབས་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན་པ་དང་། ཉིན་ཞའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པར་མ་ཟད།ཆུ་འབྲས་འདེབས་པ་དང་ཉ་རིགས་གསོ་སྤེལ་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཀྱི་གསར་བསྐྲུན་བྱེད་ཐབས་བཅས་ལ་གཟིགས་ཞིབ་གནང་བ་རེད།  སྤྱི་ཁྱབ་ཧྲུའུ་ཅིས་ཞིང་ལས་གཞན་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཉིན་ཞ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗོད་གཞིའི་ཁྲོད་ཀྱི་དོན་སྙིང་གལ་ཆེན་ཞིག་ཡིན་ཞིང་། ཉིན་ཞ་ཡིས་རྨ་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་དང་།  ཆུ་འབྲས་དང་ཆུའི་བར་གྱི་འགལ་བ་ཐག་གཅོད་བྱེད་པར་མཐོང་ཆེན།  ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག ཆུ་གྲོན་ཆུང་ཅན་དང་ཟུར་སྣོན་རིན་ཐང་མཐོ་བའི་འདེབས་གསོའི་ལས་རིགས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞིང་ནང་དུ་ཆུ་འབྲས་འདེབས་པ་ལས་གཞན་ད་དུང་ཉ་དང་། སྡིག་སྲིན།  བྱ་གག་བཅས་གསོས་ནས་ཆུ་སྣ་གཅིག་སྤྱོད་སྒོ་མང་བ་དང་ས་ཞིང་གཅིག་གི་སྟེང་ནས་ཡོང་སྒོ་མང་པོ་ལེན་ཐུབ་པ་མངོན་འགྱུར་བྱུང་ཡོད། གླིང་ཁུལ་འདེབས་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་ཀྲང་ཆིན་ཧྭ་ཡིས་བཤད་རྒྱུར།  ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་པས། ན་ནིང་གླིང་ཁུལ་གྱི་ཡོང་འབབ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་བརྒྱད་ཟིན་པ་དང་ཞིང་པ་བརྒྱ་ལྷག་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་ལྷག་ཏུ་བསླེབས་ཡོད་ཟེར།

2020ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས། རྒྱུན་སྲིང་ལྷོད་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཕྱོགས་སྒྱུར་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་གྲངས་འབོར་ལུགས་མཐུན་ངང་འཕར་བ་དང་སྤུས་ཚད་བརྟན་བརླིང་ངང་འཕར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

རྡོ་སོལ་གྱིས་རྡོ་སྣུམ་དང་རང་བྱུང་སོལ་རླངས་བཟོ་ཆོག་ལ། དཀར་གཙང་གི་ཧྥང་ལུན་རས་ཆ་ཡང་བཟོ་ཆོག དེང་སྐབས་རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱིས་རྡོ་སོལ་འབར་རྫས་ནས་རྒྱུ་ཆར་གྱུར་པའི་གཏམ་རྒྱུད་དེ་དབྱིན་ཁྲོན་ཤར་རྒྱུད་ཀྱི་ཉིན་ཏུང་ནུས་རྒྱུའི་རྫས་འགྱུར་བཟོ་ལས་རྟེན་གཞི་ནས་རྒྱུན་ཆད་མེད་པར་འབྲི་བཞིན་ཡོད།

2016ལོའི་ཟླ7ཚེས19ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཏུང་ནུས་རྒྱུའི་རྫས་འགྱུར་བཟོ་ལས་རྟེན་གཞིར་གཟིགས་ཞིབ་མཛད་སྐབས། རང་རྒྱལ་ནུབ་རྒྱུད་དུ་ནུས་རྒྱུའི་རྫས་འགྱུར་བཟོ་ལས་རྟེན་གཞི་འདི་འདྲ་ཞིག་དང་ལྷག་པར་དུ་མིག་སྔར་འཛམ་གླིང་སྟེང་གཞི་ཁྱོན་ཆེ་ཤོས་ཀྱི་རྡོ་སོལ་སྣུམ་བཟོའི་ལས་གཞི་བསྐྲུན་པར་འཐབ་ཇུས་ཀྱི་དོན་སྙིང་ལྡན་ལ།  ཡང་འབད་བསྐྱར་འབད་དང་ཡག་ཐོག་ཡག་བརྩེགས་བྱས་ནས་ལག་རྩལ་གྱི་འགག་སྒོ་དང་། སྤུས་ཚད་ཀྱི་འགག་སྒོ བདེ་འཇགས་ཀྱི་འགག་སྒོ ཁོར་ཡུག་སྲུང་སྐྱོབ་ཀྱི་འགག་སྒོ་བཅས་ནན་སྲུང་བྱས་ཏེ།  སྤུས་ཚད་དང་གྲངས་འབོར་ཁག་ཐེག་སྒོས་དུས་བཀག་ལྟར་འཛུགས་སྐྲུན་གྱི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཞེས་གསུངས་པ་རེད།

2016ལོའི་ཟླ12ཚེས21ཉིན་ཉིན་ཏུང་རྟེན་གཞིའི་རྡོ་སོལ་སྣུམ་བཟོའི་ལས་གཞིའི་ཚོད་ལྟའི་འཁོར་ཁང་ལེགས་འགྲུབ་བྱུང་བ་དང་། ལོ་རེར་རྡོ་སོལ་ཏུན་ས་ཡ་བཞིའི་བར་བརྒྱུད་གཤེར་འགྱུར་རྣམ་གྲངས་སྣུམ་རྫས་ཀྱིAལམ་ཐིག་བཟོས་ནས། ཚད་ལྡན་གྱི་སྣུམ་ ཐོན་སྐྱེད་བྱས་ཏེ་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།

2021ལོར་ཉིན་ཞ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོབ་པ་དང་། གསར་དར་འགུལ་ནུས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་།  ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས22.5%འཕར་བ་དང་།  སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས12.7%འཕར་ནས།  གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་བསྡོམས་འབོར་ལས་སོ་སོར་བརྒྱ་ཆའི་གྲངས་ཐིག14.5དང་བརྒྱ་ཆའི་གྲངས་ཐིག4.7འཕར་ཡོད། ཆུ་གློག་དང་། རླུང་གློག ཉི་འོད་ནུས་པ་སོགས་སླར་སྐྱེས་ནུས་རྒྱུས་གློག་འདོན་ཚད་དུས་ཚོད་གཅིག་ལ་སྟོང་ཝ་ཐེར་ཆེན་བཞི་ཐེར་འབུམ་བརྒྱད་དུང་ཕྱུར་ལྔ་ལྷག་ཟིན་ནས་དུས་མཚུངས་ལས་37.7%འཕར་ཡོད།  དྲ་སྦྲེལ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས་ལོ་ཧྲིལ་པོར་དྲ་ཐོག་གི་སིལ་ཚོང་དངུལ་གྲངས་སྒོར་ཐེར་ཆེན་གསུམ་དང་དུང་ཕྱུར་བརྒྱད་ལྷག་ཟིན་ནས་དུས་མཚུངས་ལས46%འཕར་ཡོད།

ཁྱོན་ཡོངས་ནས་དབུལ་ཐར་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་།

2016ལོའི་ཟླ7ཚེས18ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆར་བར་མ་འཛེམས་པར་ཀུའུ་ཡོན་གྲོང་ཁྱེར་ཅིན་ཡོན་རྫོང་ཏ་ཝན་ཡུལ་ཚོ་དབྱང་ལིན་སྡེ་བར་ཕེབས་ནས་དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ལ་གཟིགས་ཞིབ་གནང་བ་རེད།   ཁྱིམ་ཚང་དབུལ་པོ་མཱ་ཁི་ཅུན་གྱི་ཁྱིམ་དུ། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་ཐར་གྱི་བྱེད་ཐབས་གཏན་འཁེལ་དང་དོན་འཁྱོལ་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་མོ་གནང་བ་རེད། སྡེ་བའི་འཐུས་མི་དང་གསུང་གླེང་མཛད་སྐབས་སྡེ་བའི་འཐུས་མི་ཚོས་ལོ་འདི་འགར་ཆུ་གློག་ལམ་གསུམ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐོར་གཅིག་རྗེས་གཉིས་མཐུད་སྒོས་བཤད་པ་རེད།

སྡོད་ཁང་དང་། སྒྲིག་བཀོད། ཕྱུགས་སྤྱིལ་བཅས་ནས་ལས་ཞུགས་དང་། ཡོང་འབབ། སློབ་ཞུགས།  སྨན་བཅོས།  སྤྱི་པའི་ཞབས་ཞུ་བཅས་ཀྱི་སྐོར་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་ཞིབ་མོ་གནང་བས་ཡུལ་མི་ཚོར་དྲོད་ཁོལ་སྦྱིན་བྱུང་ཞེས་མཱ་ཁི་ཅུན་གྱིས་ཡིད་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

དབྱང་ལིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དབྱང་ཅེ་ཡིས་བཤད་རྒྱུར། 2016ལོར་ང་ཚོའི་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་སྟོང་དྲུག་དང་དགུ་བརྒྱ་དྲུག་ཅུ་ཟིན་པ་དང་ན་ནིང་ལོ་མཇུག་ཏུ་སྒོར་ཁྲི་གཅིག་སྟོང་གཉིས་དྲུག་བརྒྱ་ལྷག་ལ་བསླེབས་ནས་ལྡབ་གཅིག་ཙམ་འཕར་ཡོད།  མིག་སྔར་སྡེ་བ་ཡོངས་ཀྱིས་བ་གླང1100དང་ལུག1000ལྷག་གསོས་ཡོད་པས། ལོ་རེའི་ཐོན་རིན་སྒོར་བྱེ་བ་གསུམ་ལ་བསླེབས་ཡོད་ཟེར།

2020ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་རུ་གཟིགས་ཞིབ་མཛད་ སྐབས།  དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བར། ད་ཡོད་ཀྱི་སྲིད་ཇུས་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་ཏེ།  ཁྱོན་ཡོངས་ནས་དབུལ་ཐར་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཉིན་ཞ་ཡིས་ད་ལོར་སྒོར་ཐེར་འབུམ་གཉིས་བཏང་སྟེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་མཐུད་མ་དངུལ་དེ་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་པའི་བསྡུར་ཚད55%ལས་མི་དམའ་བ་བྱས་ཡོད།  གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་དང་གནས་སྤོས་ཡུལ་མི་གཅིག་སྡུད་བཀོད་སྒྲིག་ཁུལ་གྱིས་ཞིང་འབྲེལ་དང་ཞིང་པར་སྣེ་ཁྲིད་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་ཆུང་གྲས་དང་། གསོ་སྤེལ་ཆུང་གྲས།   ལས་སྣོན་ཆུང་གྲས། ཉོ་ཚོང་ཆུང་གྲས། ཁྱིམ་ཚང་གི་མགྲོན་ཁང་ཆུང་བ་སོགས་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་བཏང་ནས། དབུལ་ཐར་མང་ཚོགས40%ཡན་གྱི་ཡོང་འབབ་དེ་ཐོན་ལས་ཁྲོད་ནས་བྱུང་བར་འགན་ལེན་བྱས་ཡོད།

ཟླ6ཚེས་8ཉིན་ནི་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཁུལ་ཧུང་ཏི་སྡེ་བའི་མང་ཚོགས་ཀྱི་ངོས་ནས་བརྗོད་ན། བརྗེད་དཀའ་བའི་ཉིན་མོ་ཞིག་རེད། 2020ལོའི་ཟླ6ཚེས8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུང་ཏི་སྡེ་བར་ཕེབས་ནས་སྡེ་བའི་དབུལ་སྐྱོར་འཁོར་ཁང་གི་སྒོ་རའི་ནང་ཉིན་ཞ་དང་ཧུང་ཏི་སྡེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་དབུལ་སྐྱོར་འཁོར་ཁང་གཉེར་བའི་དམིགས་ཡུལ་ནི་དབུལ་སྐྱོར་བྱ་རྒྱུ་དེ་ཡིན་པས།  དབུལ་སྐྱོར་གྱི་ངོ་བོ་རྒྱུན་འཁྱོངས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་དམིགས་ནས་མང་ཚོགས་མང་པོ་ལས་ཞུགས་ཐུབ་པར་བྱེད་དགོས་ལ།  ཡུལ་མི་ཚོ་ཐག་ཉེ་སར་ལས་ཞུགས་བྱས་ན། ཡོང་འབབ་གྲོང་ཁྱེར་ལས་དམའ་ཡང་། ཞག་སྡོད་དང་། བཟའ་བཏུང་། འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་གྲོན་ཆུང་བྱེད་ཐུབ་པར་མ་ཟད། ད་དུང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་ཐུབ་པས་གོ་ཉིས་ཆོད་རེད་ཅེས་གསུངས་པ་རེད།

མེན་ཉིན་མཉམ་ལས། ཏི་ཧྭ་རོགས་སྐྲུན་ཞེས་པའི་ཡིག་འབྲུ་ཆེན་པོ་བརྒྱད་ཧུང་ཏི་སྡེ་བའི་དབུལ་སྐྱོར་འཁོར་ཁང་གི་ཕྱིའི་གྱང་ངོས་སུ་བཀལ་འདུག དབུལ་སྐྱོར་འཁོར་ཁང་དུ་སྡེ་མི་བཅུ་ཕྲག་ཁ་ཤས་ཀྱིས་ཤོག་སྒམ་ལ་འཛིན་ལོང་སྤྲོད་བཞིན་འདུག  ད་ལྟ་འཁོར་ཁང་གི་ལག་རྩལ་ལས་བཟོ་པར་ཟླ་རེར་གླ་ཕོགས་སྒོར་སྟོང་གསུམ་ནས་བཞིའི་བར་ཡོད་པ་དང་ཐོན་གྲངས་བརྩི་མཁན་གྱི་སྡེ་མིར་ཟླ་རེར་གླ་ཕོགས་སྒོར་སྟོང་གཅིག་ཡས་མས་ཡོད་ཅེས་འཁོར་ཁང་གི་འགན་འཁུར་བ་ཞུས་ལིན་གྱིས་དེ་ལྟར་བཤད།

ལོ་གཉིས་ཀྱི་ནང་ཧུང་ཏི་སྡེ་བའི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་ཚང་དུ་གྱུར་བ་དང་ཐོན་ལས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ཡོད། 2021ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་གཅིག་འབུམ་བཞི་ལས་བརྒལ་བ་དང་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི་གཅིག་སྟོང་གཉིས་ལྷག་ཏུ་བསླེབས་ཡོད།

དཔའ་སྤོབས་ཆེན་པོས་སྐྱོད་ལམ་གསར་བར་ཞུགས།  དུས་རབས་གསར་པར་བྱས་རྗེས་ཆེན་པོ་བསྐྲུན།

ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། འགན་འཁྲི་དང་ལས་འགན་ཕྲག་ཏུ་ལེན་པ་དང་། འབད་འབུངས་ཡར་བརྩོན་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་ཉིན་ཞ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་དེ་ལྟར་བཤད་བྱུང་།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།