སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་བདེ་སྐྱིད་ལྡན་པའི་པན་ཡན་སྡེ་བ། 
2022.07.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

བདེ་སྐྱིད་དཔལ་གྱིས་ཕྱུག་པའི་པན་ཡན་གྲོང་། ཕྱི་ཡི་བཀོད་པ་ལེགས་ལ་ནང་གི་ཐོན་ལས་དར། གནམ་གཤིས་དྭངས་ལ་མཁའ་དབུགས་གཙང་།

ཞོགས་པར། མཐོ་སྒང་གི་ཉི་འོད་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བར་འཕྲོས། ཡུལ་དེའི་མི་རྣམས་མལ་ལས་ལངས་རྗེས་ཉིན་མོ་གསར་པ་ཞིག་གི་བདེ་སྐྱིད་ཀྱི་འཚོ་བར་བརྩོན་པའི་དབུ་ཁྱུད་བྲིས།

པན་ཡན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བའི་ས་ཁུལ་ཞིག་རེད། 2016ལོའི་ཟླ8པའི་ཚེས23ཉིན། མཚོ་སྔོན་དུ་གཟིགས་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་འཛུགས་སྐྲུན་བྱེད་བཞིན་པའི་པན་ཡན་སྡེ་གསར་དུ་ཕེབས་ཏེ། ཁང་པའི་བཟོ་བཀོད་ལ་གཟིགས་ཞིབ་དང་བཟོ་སྐྲུན་གྱི་འཕེལ་རིམ་ཐད་ནས་མང་ཚོགས་རྣམས་ལ་བྱམས་བརྩེའི་ངང་གླེང་མོལ་མཛད།

དད་པའི་ཡིད་ཆེས་རབ་བརྟན་ན། འབྲས་བུ་འབྱུང་བ་བསླུ་མེད་ཡིན།  “ཡུལ་གྱི་རི་ཆུས་གནས་དེར་འཚོ་བའི་མིའི་ཡུལ་སྲོལ་གོམས་གཤིས་བསྐྱེད”པ་ཡིན་པས“འཚོ་ཐབས་གསར་པ་ཞིག་གི་ཆེད་དུ་གཞན་ཡུལ་བསྙེགས་དགོས་བྱུང་།” ལོ་ངོ་དྲུག་གི་རྗེས་སུ། ད་ལྟའི་པན་ཡན་སྡེ་བ་འདི་ཉིད“རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེ”རུ་གྱུར་ཡོད། 2021ལོར་པན་ཡན་སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་ཡིན་པ་དང་། དེ་ཉིས་སྟོང་བཅོ་ལྔ་ལོའི་སྒོར་མོ་སྟོང་གཉིས་དང་དྲུག་བརྒྱ་དང་བསྡུར་ན་ལྡབ་བཞི་ལྷག་ཙམ་འཕར་ཡོད་པ་དང་།  སྡེ་བའི་ཐུན་མོང་དཔལ་འབྱོར་སྡོམ་རྩིས་བྱས་ན་སྒོར་མོ་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་ལ་སླེབས་ཡོད།

ད་ལྟ་གྲོང་གསེབ་དར་སྤེལ་གཏོང་བའི་བགྲོད་ལམ་སྟེང་། ཧོར་རིགས་ཀྱི་བུ་དང་བུ་མོ་རྣམས་ཀྱིས་དྲིན་དྲན་བཞིན་བརྩོན་འགྲུས་ཀྱི་གོམ་སྟབས་མདུན་དུ་སྤོ་བཞིན་ཡོད།

གསར་བརྗེའི་ཡུལ་སྐོར་ཀུན་ལ་རྒྱ་ཆེར་དར།

ཟླ་དྲུག་པར། པན་ཡན་སྡེ་བར་བསྐྱོད་པ་ན། གཙང་ལ་གོ་རིམ་ལྡན་པའི་སྡེ་བའི་བགྲོད་ལམ་དང་། བསྣོལ་མར་ཆགས་པའི་ར་སྐོར་སོགས་མིག་ལམ་དུ་མཐོང་ཡོང་། ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་སྣ་ཚོགས་བཞད་ལ། ལམ་འགྲམ་གྱི་ལྗང་ལྡེམ་ལྡེམ་གྱི་ལྗོན་ཤིང་དག་གིས་གནས་འདིར་ཕེབས་པའི་མགྲོན་པོར་དགའ་བའི་བསུ་མ་བྱེད་པ་དང་ཀུན་ནས་མཚུངས།

མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་ལོ་རྒྱུས་ཀྱི་ཞབས་རྗེས་འཚོལ་བར། པན་ཡན་སྡེ་བ་ནི་མེད་དུ་མི་རུང་བའི་གནས་ཤིག་རེད། 2016ལོར་མི་རབས་ནས་མི་རབས་བར་རི་མགོར་སྡོད་པའི་རུ་ཁག་ལྔ་པ་དང་རུ་ཁག་དྲུག་པའི་ཁྱིམ་ཚང་བརྒྱ་དང་ཉེར་དགུའི་མི་བཞི་བརྒྱ་དང་གྱ་བཞི་རི་གཤམ་གྱི་གཞུང་ལམ་འགྲམ་རྒྱུད་དུ་གནས་སྤར་བ་དང་། པན་ཡན་སྡེ་བའི་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་མགྱོགས་མྱུར་གྱི་ལམ་དུ་ཞུགས་ཐུབ་པ་བྱུང་།

2016ལོའི་ཟླ8པའི་ཚེས23ཉིན་གྱི་སྔ་དྲོར། ཆར་པ་ཟམ་ཟིམ་ཞིག་འབབ་བཞིན་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་པན་ཡན་སྡེ་བར་ཕེབས་ནས། ལས་ཀའི་མཇུག་སྒྲིལ་མེད་པའི་ཉིས་ཉིན་སྡེ་བའི་སྲང་ལམ་དུ་ཕེབས་ནས་ཡུལ་གཞན་དུ་གནས་སྤར་བའི་དབུལ་སྐྱོར་བྱ་བར་གཟིགས་ཞིབ་གནང་། ལོ82ལ་སླེབས་པའི་རྒན་པོ་ལིས་ཡིག་རུང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཁོ་གཉིས་ཀྱིས་གླེང་མོལ་བྱས་པའི་དོན་དག་རྣམས་ཞིབ་ཅིང་ཕྲ་བའི་སྒོ་ནས་སེམས་ལ་དྲན་བཞིན་ཡོད་དེ། “ཉིན་དེར་ངས་སྤྱི་ཁྱབ་ཧྲུའུ་ཅི་ལ་ལག་འཇུ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་ང་ལ་ལོ་ག་ཚོད་ཡིན་པ་དང་། ཁྱིམ་གྱི་གནས་ཚུལ་དང་གཟུགས་པོ་བདེ་ཐང་ཡིན་མིན། ང་ཚོ་གནས་འདིར་གཞིས་སྤར་རྗེས་འཚོ་བ་ཇི་འདྲ་ཡིན་པ་སོགས་སྐོར་དྲིས་པ་མ་ཟད། ད་དུང་ང་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་ཡང་བསྐྱོན”ཞེས་རྒན་པོ་ལིས་ཡིག་རུང་གིས་ཕྱིར་དྲན་བྱས་ནས་དེ་ལྟར་བཤད།

“ད་ལྟ་འཚོ་བ་ངོ་མ་བཟང་པོ་འདུག སྡེ་བར་ཆུ་དང་གློག རང་བྱུང་སོལ་རླངས། དྲ་བ། ལམ་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་ཡོད་ལ། སྡེ་མི་ཚང་མ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀར་ཞུགས་ཐུབ་པ་དང་ཡོང་སྒོ་ཀྱང་བརྟན་འཇགས་ཡིན་པས། འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད”ཅེས་ལིས་ཡིག་རུང་གིས་བཤད། ལིས་ཡིག་རུང་གི་ཁྱིམ་ཚང་དང་འདྲ་བར་ད་ལྟའི་པན་ཡན་སྡེ་བའི་སྡེ་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད་པས། སྔོན་ཆད་དང་བསྡུར་ན་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

དེའི་རྐྱེན་གྱིས་པན་ཡན་སྡེ་བ་སྔ་རྗེས་སུ“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”དང་། “རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་གསེབ” “རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་སྡེ་བ་གཙོ་བོ”སོགས་ཀྱི་མིང་ཐོའི་ནང་ཚུད་པ་མ་ཟད། “རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེ་སྡེ་བ” “ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཀྱང་ཐོབ་ཡོད། ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་ཇི་ལྟར་བྱས་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལེགས་ཆར་བསྒྱུར་དགོས་སམ། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་བརྟེན་ནས་པན་ཡན་སྡེ་བས་དབུལ་ཐར་མཁྲེགས་གཏོར་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཁང་དང་། འཚེམ་དྲུབ་གླིང་། ཁྲོང་ཁི་རྟེན་གཞི་སོགས་ལ་གཞི་བཅོལ་ནས་གསར་བརྗེའི་ཡུལ་སྐོར་བགྲོད་ལམ་བཏོད་པ་དང་། “ཧོར་རིགས་ཀྱི་དམངས་སྲོལ་དང་། གསར་བརྗེའི་ཡུལ་སྐོར”གྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་དང་གསར་གཏོད་བྱེད་པར་ཧུར་ཐག་བྱས་ལ། “དྲིན་དྲན་པ་དང་བདེ་སྐྱིད། གསར་བརྗེ”བཅས་ཟུང་དུ་སྦྲེལ་བའི་ཁྱད་ལྡན་ཏང་འཛུགས་ཀྱི་ཚོང་རྟགས་བསྐྲུན་པ་རེད།

པན་ཡན་སྡེ་བའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གི་ས་ཚིགས་དང་པོ་སྟེ། པན་ཡན་སྡེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཁང་དུ་པན་ཡན་སྡེ་བའི་སྔོན་ཆད་ཀྱི་འཚོ་བ་དང་ད་ལྟའི་འཚོ་བ་གཤིབ་བསྡུར་གྱི་ཡུལ་ལྗོངས་དང་། ཧོར་རིགས་ཀྱི་རིག་གནས་ངོ་སྤྲོད་བྱེད་པ་སོགས་ཡོད་པ་མ་ཟད། ད་དུང་“ནམ་ཡང་དྲིན་དྲན་པ”ཞེས་པའི་འགྲེམས་བྱང་ལས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པན་ཡན་སྡེ་བར་གཟིགས་ཞིབ་གནང་བར་ཕེབས་པའི་རྣམ་པ་མངོན་པར་བྱས་ཡོད་པ་དང་། ལོ་རེ་རེའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། པན་ཡན་སྡེ་བའི་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱིས་རྩ་འཛུགས་བྱས་པའི་ཞིང་པའི་སྤྲོ་སྐྱིད་གླིང་གི་ཟ་མ་འགྲེམས་སྟོན་དང་། ཧོར་རིགས་གླུ་གཞས་འགྲེམས་སྟོན། ཧོར་རིགས་རིག་གནས་འཁྲབ་སྟོན། ཧོར་རིགས་འཚེམ་དྲུབ་འགྲེམས་སྟོན་སོགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བཞིན་ཡོད་པ་རེད།

པན་ཡན་སྡེ་བར་བདེ་སྐྱིད་གྱི་མེ་ཏོག་རྣམ་པར་བཞད། ད་ལྟ་པན་ཡན་སྡེ་བའི་གསར་བརྗེའི་ཡུལ་སྐོར་ཇེ་བཟང་ཇེ་རྒྱས་རེད། 2021ལོ་གཅིག་པུར་ཡང་ཡུལ་སྐོར་པ་ཁྲི་བདུན་ལྷག་སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔར་སླེབས་ཡོད། ཡུལ་སྐོར་གྱིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ནས་ད་ཡོད་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དགུ་ཡིས་ཞབས་ཞུ་དང་། གྱོན་གོས། སྔོ་ཚོད་ཀྱི་རིགས། སྔོ་ཚོད་ཀྱི་རིན་གོང་སོགས“གཅིག་གྱུར་དྲུག”གཅིག་གྱུར་བྱས་པ་བརྒྱུད། ཞིང་ཁྱིམ་སྤྲོ་སྐྱིད་ཁང་འཕེལ་རྒྱས་ཀྱི་རིམ་པ་ཇེ་མཐོར་བཏང་ཡོད། “དབྱར་ཁ་སླེབས་པ་ན། གནས་འདིར་ཡུལ་སྐོར་དུ་ཡོང་མཁན་ཡང་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། གཟའ་མཇུག་ཏུ་ང་ཚོའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་འགྲུལ་བ་ཧ་ཅང་མང་། ལོ་གཅིག་ལ་ཡོང་སྒོ་སྒོར་མོ་ཁྲི་བདུན་བརྒྱད་ཙམ་རག་ཐུབ་ཞེས་པན་ཡན་སྡེ་བའི་ཡུལ་མི་ཚོའི་སྤྲོ་གསེང་གླིང་གི་སྦྱིན་བདག་མ་ཨ་ཅེ་ཞི་ཚོན་གྱིས་དེ་ལྟར་བཤད།

ཁྱད་ལྡན་ཚོང་རྟགས་ཀྱི་སྙན་གྲགས་རྒྱས།

“སྡེ་བ་གསར་བ་འཛུགས་སྐྲུན་བྱེད་རྒྱུ་ནི་ཐོན་སྐྱེད་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། མི་རིགས་དང་ས་ཁོངས། རིག་གནས་ཀྱི་ཁྱད་ཆོས་དང་རྣམ་པ་སྲུང་སྐྱོང་བྱ་རྒྱུ་བཅས་དང་ཟུང་འབྲེལ་བྱས་ཡོད།” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོའི་གསུང་བཤད་ད་དུང་རྣ་ལམ་དུ་ལྷང་ལྷང་གྲགས་བཞིན་འདུག “གནས་སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་པ། ཕྱུག་པོར་ཆགས་ཐུབ་པ”བཅས་ལ་དམིགས་ཏེ། པན་ཡན་སྡེ་བས་དབུལ་ཐར་མཁྲེགས་གཏོར་གྱི་དུས་སྐབས་སུ་ཁྱད་ལྡན་ཐོན་ལས་སྐོར་ཞིག་འཕེལ་རྒྱས་སུ་བཏང་ནས། གྲོང་གསེབ་དར་སྤེལ་གཏོང་བའི་གོ་སྐབས་ལ་བརྟེན་ནས་པན་ཡན་སྡེ་བའི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་བཏོད་ཡོད་པ་རེད།

པན་ཡན་ས་ཆའི་མི་རྣམས་ལ་མཚོན་ནས་བཤད་ན། ལོ་འགའི་སྔོན་དུ། ཁྱིམ་ཚང་ཀུན་གྱིས་ཆང་བསྙལ་བཞིན་ཡོད་པ་དང་། དེ་ཡང་ཡོང་སྒོ་འཕར་བ་དང་ཕྱུག་པོར་འགྱུར་བའི་འདེགས་སྐྱོར་ཐོན་ལས་ཤིག་ཏུ་འགྱུར་ཐུབ་པ་སུས་ཀྱང་སེམས་ལ་དྲན་མ་མྱོང་། སྡེ་མིའི་ཡོང་སྒོའི་ཐབས་ཐབས་ལམ་རྒྱ་སྐྱེད་ཆེད། པན་ཡན་སྡེ་བས་སྒོར་མོ་ས་ཡ་གཉིས་ལྷག་བཏང་སྟེ་པན་ཡན་ཆང་འཚག་ཁང་བཙུགས། ཆང་འཚག་ཁང་གི་ཕྱིར་ཚོང་བྱེད་སའི་ཐང་དཀྱིལ་དུ་སེར་ནག་དམར་གསུམ་གྱི་ཆང་དཀར་བཤམས་ཡོད་ཅིང་། ཕྱིའི་ཤོག་ཐིམ་གྱི་སྟེང་དུ། “ཆང་ཕོར་གང་ཁམ་གསུམ་བྱས་ནས་འཐུང་། ཁམ་དང་པོ་ཁ་ལ་གཉིས་པ་ཞིམ། གསུམ་པའི་བཀའ་དྲིན་སེམས་སུ་ཉར”ཞེས་པ་དང་། “ཁྱེད་ཀྱིས་འཐུང་བ་ནི་པན་ཡན་གྱི་ཆང་ཁོ་ན་མ་ཡིན་ཏེ། པན་ཡན་གྱི་དྲིན་གཟོ་དང་བདེ་སྐྱིད་ཀྱང་ཡིན” ཞེས་པ། “པན་ཡན་གྱི་ཆང་། གཏམ་རྒྱུད་ཀྱིས་ཕྱུག་པའི་ནས་ཆང་ཤེལ་གང”ཞེས་པ་སོགས་ཀྱི་སྦྱར་ཡིག་བྲིས་འདུག

དྭངས་གཙང་ངར་ཁ་ཆེ་བའི་ཆང་ཕོར་གང་གིས་ཆང་གི་རིག་གནས་རྫོང་མཐུག་པ་མཚོན་ལ་དྲིན་གཟོའི་བརྩེ་བ་ཟབ་མོ་ཡང་མཚོན་ཡོད། ཆང་འཚག་ཁང་གི་སྦྱིན་བདག་ཚའོ་ཁྲིན་ཁུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཆང་དེ་རིགས་ནི་པན་ཡན་སྡེ་བས་ཆེད་དུ་འོས་སྦྱོར་བྱས་པའི་ཆང་དཀར་རིམ་པ་ཡིན་ལ། འོས་སྦྱོར་བྱས་མ་ཐག་དགའ་བསུ་ཆེན་པོ་ཐོབ་པ་དང་། ཐོན་རྫས་དེ་དག་ཞིང་ཆེན་ནང་ཁུལ་གྱི་ཚོང་ར་དང་འབྲི་ཆུའི་ཟུར་གསུམ་ཁུལ་སོགས་སུ་བྲིན་ཆེ། ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་རྐྱེན་སྲོལ་འོག ཝུའུ་ཞི་གྲོང་ཁྱེར་ཞིན་ཝུའུ་ཁུལ་དུ་ན་ནིང་ཆང་ཏུན་ལྔ་ཕྱིར་འཚོང་བྱས། པན་ཡན་ཆང་གི་ཚོང་རྟགས་སྐྲུན་པ་བརྒྱུད། ཆང་འཚག་ཁྱིམ་ཚང་བཅུ་ལ་སྐུལ་ཁྲིད་བྱས་པ་དང་། སྡེ་མི་ཉི་ཤུ་ལྷག་ལ་ལས་ཞུགས་ལས་རྐང་འདོན་སྤྲོད་བྱས་ཤིང་། ལོ་གཅིག་གི་ཕྱིར་ཚོང་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་བརྒྱད་ལ་སླེབས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་ཁྲི་ལྔ་ལ་སླེབས་པ་དང་། སྡེ་མི་རེའི་ཟླ་རེའི་ཡོང་སྒོ་སྒོར་མོ་སྟོང་གསུམ་མངོན་འགྱུར་བྱས།

ཆང་གི་ཚབ་མཚོན་དུ་གྱུར་བའི་པན་ཡན་སྡེ་བར་ད་དུང་ཁྱད་ལྡན་འདེབས་གསོ་དང་གཙགས་དྲུབ་ཞིབ་འཇུག་གསར་སྤེལ། ཞིང་ལས། ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་ཐོན་ལས་མང་པོ་ཡོད་པ་དང་། རིགས་མི་འདྲ་བའི་ཁྱད་ལྡན་ཐོན་ལས་ཀྱི་ཤུགས་རྐྱེན་མཐོར་འདེགས་གཏོང་བ་དང་། དེ་དག་སྔར་ལས་རྒྱ་ཆེ་བའི་ཚོང་རར་བསྐྱོད་པར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། བསྐྱོད་ཐུབ་པ་དང་ཚུགས་ཐུབ་པ། གྲགས་ཆེ་བའི་ཚོང་རྟགས་བསྐྲུན་ཏེ། ཚོང་རྟགས་སྟོབས་ཤུགས་ལ་བརྟེན་ནས་ཐོན་རྫས་ཕྱིར་འཚོང་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཞིང་པའི་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་མེད་དུ་མི་རུང་བ་ཞིག་རེད།

ཐོན་ལས་སྟོབས་ལྡན་དང་ཚོང་རྟགས་སྤུས་ལེགས་བསྐྲུན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག པན་ཡན་སྡེ་བས་སྤུས་ལེགས་ཐོན་ཁུངས་སྔོག་འདོན་བྱས་པ་དང་། གྲོང་གསེབ་དཔལ་འབྱོར་ཐོན་ལས་ལེགས་པར་སྤེལ་བ། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་འཇོན་མི་ནང་འདྲེན། མ་དངུལ་འགན་སྲུང་སོགས་ཐད་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་ཇེ་ཆེར་བཏང་ནས་པན་ཡན་གྱི་ཚོང་རྟགས་དྲིལ་སྒྲོག་དང་རྒྱ་སྐྱེད་པའི་ཤུགས་ཚད་སྔར་ལས་ཆེ་རུ་བཏང་བ་དང་། དེ་ཡིས་ཐོན་ལས་མང་པོ་ཞིག་མང་ཚོགས་ལ་ཡོང་སྒོ་འཕར་བ་དང་ཕྱུག་པོར་གཏོང་བའི་འདེགས་སྐྱོར་ཐོན་ལས་སུ་འགྱུར་དུ་བཅུག་པ་དང་། ཐོན་ལས་དར་སྤེལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། “རི་སྔོ་ཆུ་དྭངས”དེ་ངེས་པ་དོན་གྱིས“གསེར་རི་དངུལ་རིར”འགྱུར་དུ་བཅུག

ཐད་གཏོང་ལམ་གྱི་ཚོང་གཉེར་རབ་ཏུ་བྲིན།

“གྲོགས་པོ་ཚོ། ཁམས་བཟང་། ང་ནི་ཞིང་པ་སི་ལེང་ཡིན་ལ། དེ་རིང་མུ་མཐུད་དུ་ང་ཚོའི་ཧུའུ་ཀྲུའུ་ཡི་ཁྱད་ལྡན་སྨན་རྫས་དང་ནས་ཆང་། མཐོ་སྒང་གི་ནོར་ལུག་ཤ་སོགས་འོས་སྦྱོར་བྱེད། ་་་་་ ” དུས་རྒྱུན་དང་མཚུངས་པར། པན་ཡན་སྡེ་བའི་གློག་རྡུལ་ཚོང་རྫས་ཞབས་ཞུ་ལྟེ་གནས་སུ། སྡེ་མི་སི་ལེང་གིས་རང་གི་སྟེགས་བུ་སོ་སོའི་ཐོ་འགོད་ཁ་ཕྱེས་ནས་ཐད་གཏོང་བྱེད་མགོ་བརྩམས། ཕྱོགས་གཅིག་གི་ཚོང་སྒྲོམ་སྟེང་དུ། ལས་རོགས་པ་ཡན་ཧའེ་པང་གིས་གཙགས་དྲུབ་ཐོན་རྫས་དང་། ནོར་གནག་གི་ཤ་སྐམ། སྦྲང་རྩི། དབྱར་རྩྭ་དགུན་འབུ། ཞིང་པའི་ནས་ཆང་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ལེགས་སྒྲིག་བྱེད་བཞིན་ཡོད།

ཟི་ལིང་དུ་བཟོ་སྐྲུན་གཉེར་བ་དང་། མཚོ་ནུབ་དུ་འཕང་འབྲས་བཏབ་མྱོང་བའི་སི་ལེང་གིས་ད་ལྟ་ཕ་ཡུལ་དུ་ཐད་གཏོང་གི་ལམ་ནས་ཚོང་གཉེར་བྱེད་བཞིན་ཡོད་ཅིང་། ཁོ་རང་ཤིན་ཏུ་ཡིད་ཚིམ་ཡོད། 2019ལོའི་ལོ་མཇུག་ཏུ། སི་ལིང་གིས་ཐད་གཏོང་ལམ་ནས་ཚོང་གཉེར་མགོ་བརྩམས་མོད། ཧ་ཅང་དར་ཆེ་བའི་སྐབས་ནི2021ལོའི་ཟླ6པ་ནས་ཡིན། ཁོས་ཧུའུ་ཀྲུའུ་ཡི་ཁྱད་ལྡན་སྤྲུ་སེར་དང་བྲག་སྐྱ་དཀར་པོ་སོགས་ཁྱད་ལྡན་སྨན་རྫས་དྲ་ལམ་ནས་བཙོངས་པ་ནས་བཟུང་། དེ་མ་ཐག་གཞན་ཡུལ་ཚོང་རས་དགའ་བསུ་ཆེན་པོ་ཐོབ། དྲ་ལམ་འབྲེལ་འདྲིས་དང་ཉོ་ཚོང་རྒྱུད་སྐུར་གྱི་རྣམ་པ་བརྒྱུད། རང་ས་གནས་ཀྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱས་པ་དང་། ཚོང་ཐེངས་གཅིག་ལ་ཉུང་ན་སྒོར་ཁྲི་འགའ་དང་མང་ན་སྒོར་མོ་འབུམ་གཅིག་ལྷག་ལ་བུད་ཅིང་། ན་ནིང་ཉོ་ཚོང་སྒོར་མོ་ས་ཡ་གསུམ་དང་འབུམ་གཉིས་ཁྲི་དྲུག་ལ་སླེབས་པ་དང་། ཡོང་སྒོ་སྒོར་མོ་འབུམ་གསུམ་ལྷག་ལ་བུད་ཞེས་སི་ལིང་གིས་དེ་ལྟར་བཤད།

པན་ཡན་སྡེ་བར་མི་སྒེར་གྱི་ཐད་གཏོང་ལམ་ནས་ཚོང་གཉེར་བྱེད་མཁན་ཡོད་པ་ལས་གཞན། པན་ཡན་སྡེ་བ་རུ་ད་དུང་ཐད་གཏོང་བྱེད་མཁན་ཞིག་ཡོད་དེ། ཁོ་ནི་ཝུའུ་ཧྲི་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་པན་ཡན་སྡེ་བར་བསྡད་ཡོད་པའི་ལས་བྱེད་པ་ལིས་ཝེ་རེད། 2021ལོའི་ཟླ8པའི་ཚེས23ཉིན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཞིང་ལས་ཞིང་སྡེ་ལེ་ཚན་ལྟེ་གནས་ཀྱིས་གྲོང་གསེབ་དར་སྤེལ་ལྟ་ཞིབ་ས་ཚིགས་དེ་པན་ཡན་སྡེ་བ་རུ་བཙུགས་པ་དང་། ལིས་ཝེ་གྲོང་གསེབ་དར་སྤེལ་གྱི་ལྟ་ཞིབ་པ་རུ་གྱུར།

གྲོང་གསེབ་དར་སྤེལ་གྱིUPཐོག་མ་ཡིན་པའི་ཆ་ནས། ལིས་ཝེ་ཡིས་པན་ཡན་སྡེ་བའི་གྲོང་གསེབ་དར་སྤེལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་དམིགས་ཏེ། 2021ལོའི་ཐད་གཏོང་ཐེངས་འགའི་ཁྲོད། ཧུའུ་ཀྲུའུ་ཡི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲད་པ་དང་། དྲ་གྲོགས་དང་མཉམ་དུ་པན་ཡན་སྡེ་བའི་སྡེ་མིའི་ཉིན་རྒྱུན་གྱི་འཚོ་བ་མྱོང་རོལ་བྱས་ཤིང་། གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས། པན་ཡན་སྡེ་བས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པ་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ནས་བྱེད་ཐབས་གསར་པ་མུ་མཐུད་དུ་འཚོལ་ཞིབ་བྱས།

དྲ་ལམ་ཐད་གཏོང་ཚོང་གཉེར་བ་ནི་དྲ་ལམ་དུ་དངོས་པོ་ཉོ་བའི་གནས་བབ་གསར་པ་དང་འཕེལ་ཕྱོགས་གསར་པ་ཡིན། དར་སྲོལ་གསར་པ་འདི་དང་བསྟུན་ནས། ང་ཚོ་པན་ཡན་སྡེ་བས་ཀྱང་འཕེལ་རྒྱས་ཀྱི་ལམ་བུ་གསར་གཏོད་བྱས་ཏེ། ཐད་གཏོང་ཚོང་གཉེར་གྱིས་ཞིང་པའི་ཡོང་སྒོ་འཕར་བར་རོགས་འདེགས་བྱེད་དགོས་ཞེས་ལིས་ཝེ་ཡིས་དེ་ལྟར་བཤད། ལོ་དྲུག་གི་རིང་ལ་པན་ཡན་ས་ཆའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་ཏེ། བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་བསྒྱུར་བ། དྲིན་གཟོ་ཡར་བརྩོན་བཅས་ཀྱིས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་ལ་སྙེགས་པ་དང་། དངོས་གཉེར་ལ་བརྟེན་ནས་སྔར་ལས་མཛེས་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱས།

                                                                            ཡིག་སྒྱུར་བ། གཡང་འབུམ་རྒྱལ།