ཏང་གི་གསུང་སྐད་སྙན་མོ་སྐྱ་ལོ་རྩྭ་ཐང་དུ་ཁྱབ།
2022.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཀེའུ་ཚ་སྡེ་བ་ནི་འབྲི་ཆུ་རིང་མོའི་མགོ་ཁུངས་ཀྱི་རྫོང་དང་པོ་སྟེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རྒྱལ་རྗེ་ཕོ་བྲང་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་རེད།

མཐིང་མདོག་གི་ནམ་མཁའ་དང་ལྷུང་ལྷུང་འབབ་པའི་ནས་ཆགས་ཆུ་བོའི་འགྲམ་གྱི་སྐྱ་ལོ་རྩྭ་ཐང་དུ། ཉིན་དེར་བྱེས་བགྲོད་རླངས་འཁོར་གཉིས་ཀྱི་གཞུག་ཏུ“མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་འབྲོག་ཁུལ་དུ་བསྐྱོད་པ”ཞེས་པའི་འཕྲེད་བྱང་བཀལ་ཡོད་ཅིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་སྟེ། ཀེའུ་ཚ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞའོ་ཚའེ་ཡིས་སྡེ་མི་རྣམས་ལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་འདུག་ལ་སྡེ་མི་མང་པོ་ཁོའི་ཉེ་འགྲམ་དུ་ཚོགས་ནས་ནན་ཏན་གྱིས་སྒྲོག་འགྲེལ་ལ་ཉན་བཞིན་འདུག

མ་འོངས་པའི་ལོ་ལྔའི་རིང་གི་འབད་འཐབ་དམིགས་འབེན་གཙོ་བོ་ནི། ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་སྐྱེ་ཁམས་ལེགས་སྲུང་གི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ། གསར་སྐྲུན་སྒོ་འབྱེད་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ། དཔལ་ཡོན་འཆམ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ། མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་ཆབ་སྲིད་དྭངས་གཙང་གི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པ་སོགས་རེད་ཅེས་ཞའོ་ཚའེ་ཡིས་བོད་སྐད་ཀྱི་ལམ་ནས་སྡེ་བའི་མང་ཚོགས་རྣམས་ལ་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་འདུག

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱིས་ཞིང་སྡེ་དང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱས་ཏེ། དམངས་ཕན་སྲིད་ཇུས་མང་པོ་རྒྱུན་མཐུད་ངང་དངོས་འབེབས་བྱས་པས། རྨང་གཞིའི་སྒྲིག་ཆས་ལ་ཐོད་བརྒལ་དང་མཐོར་འདེགས་ཆེན་པོ་བྱུང་ལ། འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་ནས་ཇེ་མང་ཡིན་པར་མ་ཟད་སྐྱིད་སྣང་ཡང་ཇེ་ཆེ་ནས་ཇེ་ཆེར་སོང་ཡོད་པས། ང་ཚོས་ཏང་དང་རྒྱལ་ཁབ། མགོ་ཁྲིད་བཅས་ལ་དྲིན་གཟོ་ཞུ་དགོས་ཞེས་ཞའོ་ཚའེ་ཡིས་གསར་འགོད་པར་བཤད།

ཞའོ་ཚའེ་ཡི་བསམ་པར་རང་ཉིད་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས།  དུས་ལྟར་སྡེ་བའི་མང་ཚོགས་རྣམས་ལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། ཚང་མའི་སྣེ་ཁྲིད་དེ་སྡེ་བའི་མ་འོངས་པའི་འཕེལ་རྒྱས་ཇུས་གཞི་འཆར་འགོད་བྱས་པ་དང་། ཡུལ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཁོར་ཡུག་བརྩོན་ལེན་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་ཀྱི་སོ་སྲུང་པ་ལེགས་པོ་ཞིག་བྱས། དེ་ཡང་དོན་དངོས་སུ་སྡེ་བའི་ནང་དུ་ཚོགས་པའི་ཏང་གི་འཐུས་མི་ཚོགས་ཆེན་ཞིག་ཏུ་སྣང་།

ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་དང་བསྟུན་ནས། ང་ཚོའི་འཚོ་བའི་ཆུ་ཚད་ཀྱང་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། ཟས་གོས་ལ་དཀའ་ངལ་མེད་ཅིང་སློབ་ཞུགས་དང་ལས་ཞུགས་ཐད་དཀའ་ཚེགས་མེད་པར་མ་ཟད། ནད་བརྟག་སྨན་བཅོས་བྱེད་པར་ཡང་སེམས་ཁྲལ་བྱེད་མི་དགོས། ཀྲུང་གོ་གུང་ཁྲན་ཏང་དངོས་གནས་ཡག་པོ་རེད། ད་ཐེངས་ཧྲུའུ་ཅི་ཞའོ་ཚའེ་ཡིས་ང་ཚོ་སྡེ་བའི་མང་ཚོགས་རྣམས་ལ་སྲིད་ཇུས་བཟང་པོའི་དགོངས་དོན་གང་མང་ཞིག་བསྐྱལ་ཡོང་། དེ་བས་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ་མ་འོངས་པའི་འཚོ་བར་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་ཀེའུ་ཚ་སྡེ་བའི་སྡེ་མི་འཕྲིན་ལས་མཐར་ཕྱིན་གྱིས་ཡིད་འགུལ་ཐེབས་པའི་ངང་གསར་འགོད་པར་དེ་ལྟར་བཤད།

ས་རུབ་ལ་ཉེ་དུས། ཀེའུ་ཚ་སྡེ་བའི་སྒྲོག་འགྲེལ་ཚོགས་འདུ་མཇུག་རྫོགས་སོང་། སྐབས་དེའི་ནམ་མཁའ་སྔར་བཞིན་སྔོ་ཞིང་དྭངས་ལ་རྒྱང་རིང་གི་ནོར་གནག་འགའ་ཡིས་རི་འདབས་སུ་བློ་བདེ་བག་ཕེབས་ཀྱིས་གཟན་རྩྭར་རོལ་བཞིན་འདུག ནོར་གནག་དེ་དག་གིས་མཛེས་སྡུག་ལྡན་པའི་སྐྱ་ལོ་རྩྭ་ཐང་ལ་ཕྲ་ཚོམ་བཞིན་མཛེས་པར་བརྒྱན་འདུག་ཅིང་།   སྡེ་འགྲམ་དུ་ལྷུང་ལྷུང་འབབ་པའི་ནས་ཆགས་ཆུ་བོས་རླབས་དཀར་གྱི་ཟེགས་མ་མཁའ་ལ་གཏོར་བཞིན། ཧྲུའུ་ཅི་ཞའོ་ཚའེ་ཡིས་བསྐྱལ་ཡོང་བའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་གསུང་སྐད་སྙན་མོར་མོས་པའི་བརྡ་ལན་སྟེར་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པར་དགའ་བས་བསུ་མ་བྱེད་པ་ནང་བཞིན་རྒྱང་ནས་རྒྱང་ལ་བཞུར་བཞིན་འདུག

                                                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།