སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཀོང་ཏུང་གི་ལེའུ།
2022.07.15 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 7

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་གཟིགས་ཞིབ་ཐེངས་གསུམ་གནང་ནས། ཀོང་ཏུང་གིས་བསམ་བློ་བཅིངས་འགྲོལ་དང་བློ་སྤོབས་ཆེན་པོས་གསར་བསྐྲུན་བྱས་ཏེ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་ཧུར་ཐག་གིས་བསྐྲུན་པར་མཛུབ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས།  ཀོང་ཏུང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས། དཔའ་ངར་ཆེན་པོས་མདུན་སྐྱོད་དང་གསར་གཏོད་བརྩོན་ལེན་བཅས་བྱས་ཏེ།  བློ་སྤོབས་སྔར་ལས་ཆེ་བ་དང་འགོ་འཛུགས་ས་སྔར་ལས་མཐོ་བའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་བ་རེད།

བཅོས་སྒྱུར་བྱེད་མཚམས་འཇོག་མི་རུང་ལ།  སྒོ་འབྱེད་ཀྱི་གོམ་སྟབས་ལྷོད་མི་རུང་།

2012ལོའི་ཟླ12པར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐོག་དང་པོར་པེ་ཅིན་ནས་ཀོང་ཏུང་དུ་གཟིགས་ཞིབ་མཛད་པར་ཕེབས་ཏེ།   བཅོས་སྒྱུར་སྒོ་འབྱེད་མུ་མཐུད་དུ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་པའི་སྐུལ་སློང་བཀའ་རྒྱ་གནང་བ་རེད།

2018ལོའི་ཟླ10པར་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་ཀོང་ཏུང་དུ་ཕེབས་ནས་ཀོང་ཏུང་ལ་མུ་མཐུད་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ཁྱོན་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཇེ་ཆེར་བཏང་སྟེ། འཛམ་གླིང་གིས་ཧ་ལས་པའི་ཁྱད་མཚར་གསར་པ་ཧུར་ཐག་གིས་བསྐྲུན་དགོས་ཞེས་འབོད་སྐུལ་གནང་བ་རེད།

2020ལོའི་ཟླ10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་ཀོང་ཏུང་དུ་གཟིགས་ཞིབ་གནང་ནས།  བཅོས་སྒྱུར་བྱེད་མཚམས་འཇོག་མི་རུང་ལ་སྒོ་འབྱེད་ཀྱི་གོམ་སྟབས་ལྷོད་མི་རུང་པར་འགོ་འཛུགས་ས་སྔར་ལས་མཐོ་བའི་ཐོག་ནས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས་ཞེས་དུས་རབས་ཀྱི་འབོད་སྐུལ་གནང་བ་རེད།

གཡོ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཛུགས་སྐྲུན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ཞིག་ཡིན་ཞིང་།  ཀོང་ཏུང་གིས་འཐབ་ཇུས་དེ་ཞིང་ཆེན་ཡོངས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པའི་རྩ་འཛིན་ཞིག་ཏུ་བརྩི་བཞིན་ཡོད།

《གཡོ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད》ཁྱབ་བསྒྲགས་བྱས་ནས་ལོ3ལྷག་འགོར་བའི་རིང་།  ཁུག་ཆེན་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་2018ལོའི་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ཙམ་ནས2021ལོའི་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཉིས་ལྷག་ཏུ་འཕར་ཡོད།

2019ལོའི་ཟླ་བརྒྱད་པར《ཧྲིན་ཀྲིན་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་བསྐྲུན་པར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ཁྱབ་བསྒྲགས་བྱས་ཤིང་།  བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་དང་དར་རྒྱས་བྱུང་བའི་ཧྲིན་ཀྲིན་ལ་སྔར་ལས་གལ་འགངས་ཆེ་བའི་འགན་འཁྲི་ཞིག་ཡོད་པ་ནི། རྒྱལ་ཡོངས་ཀྱི་ངོས་ཐད་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་ཆེད་འདྲ་བཤུས་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་འཚོལ་ཞིབ་བྱེད་རྒྱུ་དེ་རེད།  ལོ་གཉིས་ལྷག་གི་རིང་། ཀོང་ཏུང་ཞིང་ཆེན་དང་ཧྲིན་ཀྲིན་གྲོང་ཁྱེར་གྱིས་ལས་འགན་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། བསམ་འཆར་ནང་བཏོན་པའི་གཙོ་གནད་ལས་འགན56ཁྲོད་ནས་ཤེས་བྱའི་ཐོན་དབང་དངུལ་འཛིན་ཅན་འཚོལ་ཞིབ་སོགས་རྣམ་གྲངས11ལེགས་འགྲུབ་བྱས་པ་དང་། རྒྱ་མཚོའི་སློབ་ཆེན་གྲབས་འཛུགས་སོགས་རྣམ་གྲངས45ལ་གྲུབ་འབྲས་ཆེན་པོ་ཐོབ་པ། ཕྱོགས་ལྔའི་ཐད་ཀྱི་ཉམས་མྱོང47རྒྱལ་ཡོངས་སུ་ཁྱབ་གདལ་བཏང་བ། སྔོན་ལ་མིག་དཔེ་འདོན་པའི་ནུས་པ་སྔར་ལས་མངོན་གསལ་དུ་གྱུར་ཡོད།

ཧྲིན་ཀྲིན་གྱི་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་ལས་དོན་ཁག་དང་པོའི་དབང་སྤྲོད་དོན་ཚན40ཚང་མ་དོན་འཁྱོལ་བྱས་པ་ནས་ཀོང་ཏུང་གི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་བཅོས་སྒྱུར་ཁག36རྒྱལ་ཡོངས་སུ་ཐོག་མར་གསར་གཏོད་བྱས་པའི་བར་དང་། 《ས་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད》ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་དང་ཉོ་ཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཟོ་འགོད་ཆེན་པོ་བཅུ་ལག་བསྟར་བྱེད་པ་ནས་མཁོ་སྤྲོད་སྦྲེལ་ཐག་ཇེ་བརྟན་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་བར་སོགས་ཀོང་ཏུང་གིས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་མོ་འབྱེད་རྒྱ་ཇེ་ཆེར་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཡངས་པའི་བར་སྟོང་བསྐྲུན་པར་མ་ཟད།  རྒྱུན་ཆད་མེད་པར་སྒུལ་ནུས་གསར་པ་བསྣན་ཡོད།

ཧུར་ཐག་གིས་འགག་རྩའི་ལྟེ་བའི་ལག་རྩལ་རང་བརྟེན་ཚོད་འཛིན་ཐུབ་པར་བྱས་ནས་གསར་བསྐྲུན་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

གསར་སྐྲུན་ནི་ཀོང་ཏུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཐབ་ཇུས་ཀྱི་འདེགས་སྐྱོར་གསར་པ་ སྟོབས་ཆེར་གཏོང་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ། གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན་ལ།  གལ་ཏེ་ཀྲུང་གོས་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུར་མི་བསྐྱོད་པ་དང་སྒུལ་ནུས་གསར་རྙིང་བདེ་བླག་ངང་བརྗེ་སྒྱུར་བྱེད་མ་ཐུབ་ཚེ། དངོས་གནས་སྟོབས་ཆེན་དུ་འགྱུར་མི་ཐུབ་ཅེས་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲིན་ཀྲིན་ལ་ཐུགས་རེ་ཟབ་མོ་བཅོལ་ཡོད་དེ།  ལོ་འདི་དག་གི་ནང་ཧྲིན་ཀྲིན་གྱི་མཐོ་གསར་ལག་རྩལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་དར་ཆ་ཞིག་ཏུ་གྱུར་ཡོད་པས།  དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

2021ལོར་ཧྲིན་ཀྲིན་གྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་ལས་བརྒལ་ནས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ལྡན་པའི་གསར་གཏོད་ལས་སྐྲུན་ལྟེ་བའི་གྲོང་ཁྱེར་དུ་འགྱུར་བཞིན་ཡོད།

2012ལོའི་ཟླ12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐིན་ཞུན་རྩིས་འཁོར་མ་ལག་ཚད་ཡོད་ཀུང་སིར་གཟིགས་ཞིབ་གནང་སྐབས།  ཀུང་སིས་གསར་སྐྲུན་གྱི་ལེགས་ཆ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པའི་ཐད་ཐུགས་རེ་བཏོན་པ་རེད།  2018ལོའི་ཟླ10བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀི་ལིས་གློག་ཆས་མ་རྐང་ཚད་ཡོད་ཀུང་སིར་གཟིགས་ཞིབ་གནང་སྐབས།  འགག་རྩའི་ལྟེ་བའི་ལག་རྩལ་རང་བརྟེན་ཚོད་འཛིན་ཐུབ་པ་ཧུར་ཐག་གིས་མངོན་འགྱུར་བྱས་ནས་གསར་སྐྲུན་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་ཞེས་གསུངས་པ་རེད།

2012ལོར་ཐིན་ཞུན་གྱིས་གསར་སྤེལ་བྱས་པའི་སྐད་འཕྲིན་དང་སྐད་འཕྲིན་རྒྱལ་སྤྱི་ཅན་གྱི་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་གསུམ་ཙམ་ཟིན་པ་དང་། ད་ལྟ་དེ་གཉིས་མཉམ་བསྲེས་བྱས་པའི་ཟླ་རེའི་རྩིས་ཐོའི་གྲངས་འབོར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་ཟིན་ནས་འཛམ་གླིང་ཡོངས་ཀྱི་གཙོ་རྒྱུན་འཕྲིན་གཏོང་ཡོ་བྱད་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ཐིན་ཞུན་ཀུང་སིས་མ་འོངས་པའི་ཁེ་ལས་ཀྱི་འགྲན་རྩོད་ནི་གསར་སྐྲུན་ནུས་པ་དང་ལྟེ་བའི་ལག་རྩལ་ཡིན་པས། གསར་སྐྲུན་གྱི་བྱེད་ཐབས་ལ་བརྟེན་ནས་ཚད་བརྒལ་ཡོང་བར་བྱེད་པ་རྒྱུན་འཁྱོངས་དང་། གཞི་གྲངས་ཅན་གྱི་ཀྲུང་གོའི་འཐབ་ཇུས་དང་ལེན་བྱས་ནས། ལས་རིགས་ཁག་གི་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་གྱི་ལས་རོགས་ཞིག་ཏུ་འགྱུར་རྒྱུའི་མྱོང་ཚོར་ཟབ་མོ་བྱུང་ཡོད། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་དེ་ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་འབད་བརྩོན་ཁ་ཕྱོགས་སུ་འགྱུར་བཞིན་ཡོད། ཀི་ལིས་གློག་ཆས་ཀུང་སིས་རང་སྟོབས་རང་སྤེལ་དང་རང་རྟེན་གསར་སྐྲུན་གྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་སྟེ། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་དགོས་མཁོ་ལྟར་གཏོང་བ་ལས་ཚོད་འཛིན་མི་བྱེད་པ་དང་། རིག་ནུས་སྒྲིག་ཆས་དང་། འཕྲིན་གཏོང་སྒྲིག་ཆས།  མ་དཔེ་སོགས་ཁྱབ་ཁོངས་སུ་མུ་མཐུད་དུ་ཤུགས་སྣོན་བྱས་པས།   དྲོད་སྙོམ་འཕྲུལ་ཆས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལྟེ་བའི་ཚན་རྩལ་ཁོང་དུ་ཆུད་པར་མ་ཟད། ད་དུང་འགག་རྩའི་ལྷུ་ལག་ཆེ་ཆུང་སྣ་ཚོགས་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད།

གསར་སྐྲུན་ནི་ཁེ་ལས་ཆེན་པོའི་ཆེད་ཁེ་མིན།  ཀོང་ཀྲོའུ་གསར་སྤེལ་ཁུལ་གྱི་ཚན་རྩལ་ཁེ་ལས་མགྱོགས་གཏོང་འཕྲུལ་ཆས་གླིང་ཁུལ་གྱི་དཀྱིལ་དབུས་སུ་བཞག་ཡོད་པའི་ཕ་བོང་ཞིག་གི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སྟེ། ཁེ་ལས་འབྲིང་ཆུང་གིས་ཀྱང་དོན་ཆེན་སྒྲུབ་ཐུབ་ཅེས་པའི་ཡིག་འབྲུ་ཆེན་པོ་བརྒྱད་བརྐོས་ཡོད་པ་དེས།  རྒྱ་ཆེའི་ཁེ་ལས་འབྲིང་ཆུང་ལ་སྐུལ་ལྕག་གཏོང་བཞིན་ཡོད།

གསར་སྐྲུན་ནི་ཀོང་ཏུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཡོད་པ་སྟེ། མཐོ་གསར་ལག་རྩལ་ཁེ་ལས་ཁྲི་དྲུག་ཡན་ཟིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་བརྒྱད་ལྷག་ཟིན་པ་དེས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་3.14%ལ་བསླེབས་པ་དང་།  ས་ཁོངས་གསར་བསྐྲུན་གྱི་ཕྱོགས་བསྡུས་ནུས་ཤུགས་བསྟུད་མར་ལོ་ལྔར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཇེ་ཆེར་གཏོང་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དོ་མི་མཉམ་པ་ནི་ཀོང་ཏུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞན་ཆ་ཆེ་ཤོས་རེད།  2018ལོའི་ཟླ10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་གཟིགས་ཞིབ་གནང་སྐབས། རྩོད་སྒྲུབ་ཀྱི་བསམ་གཞིགས་རྒྱུན་འཁྱོངས་དང་འདུ་ཤེས་བསྒྱུར་ནས་འབད་བརྩོན་སྒོས་ཞན་ཆ་དེ་ལེགས་ཆར་བསྒྱུར་དགོས་ཞེས་གསུངས་བར་མ་ཟད།  འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཇེ་ཆེར་གཏོང་དགོས་ཞེས་མངགས་བཅོལ་གནང་བ་རེད།

གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 2018ལོ་ནས་བཟུང་ཀོང་ཏུང་གིས་ཀོང་ཏུང་ཚལ་གྱི་ཇ་མ་དང་ཀོང་ཏུང་གི་ལག་རྩལ་བཟོ་བ།   ཀོང་ཏུང་ལྷོའི་ཁྱིམ་ལས་བཅས་བཟོ་འགོད་གསུམ་ལག་བསྟར་བྱས་པར་མ་ཟད།  བྱ་བ་ཆུང་ངུར་བརྟེན་ནས་འགྱུར་ལྡོག་ཆེན་པོར་སྐུལ་འདེད་གཏོང་བ་དང་།  དགོས་མཁོ་ཆེན་པོ་སྐོང་བ།   འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་བར་དང་།  ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་དང་ཀོང་ཏུང་ཤར་ལྷོ་ནུབ་བྱང་བར་གྱི་བར་ཁྱད་ཇེ་ཆུང་དུ་བཏང་ཡོད། མིག་སྔའི་བར་དུ་བཟོ་འགོད་གསུམ་གྱིས་རིམ་རྩིས་བྱས་ན་མི་ཐེངས་ས་ཡ་བདུན་དང་འབུམ་དྲུག་ཁྲི་བརྒྱད་གསོ་སྦྱོང་བྱས་པས།  ཆེས་དགའ་བསུ་ཐོབ་པའི་དམངས་ཚིས་སྤུས་རྟགས་སུ་གྱུར་ཡོད།  ཇ་མ་དང་ལག་རྩལ་བཟོ་པ་སོགས་ཁྲི་སྟོང་མང་པོས་དབུལ་ཞྭ་ཕུད་ནས། ཁོ་ཚོའི་མི་ཚེ་དང་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད།

ལོ50ལ་སླེབས་པའི་ལུའུ་ཁི་མེན་ནི་ཀོང་ཏུང་ཚལ་གྱི་ཇ་མའི་བཟོ་འགོད་ཀྱི་ཕན་ཁེ་ཐོབ་མཁན་ཞིག་རེད། ལོ་བཞིའི་ཡར་སྔོན་དུ་ལས་ཀ་ཤོར་བའི་ཁོ་རང་གསོ་སྦྱོང་ལ་ཞུགས་རྗེས་ཇ་མའི་ལས་རིགས་ཀྱི་ཐོབ་ཐང་ཐོབ་པ་རེད། ད་ལྟ་ལུའུ་ཁི་མེན་གྱིས་མའོ་མེན་གྲོང་ཁྱེར་ཏུང་ཀྲིན་སྲང་ལམ་དུ་གཉེར་བའི་ཀའོ་ཁྲིན་ཁྱིམ་ཚང་ཞེས་པའི་ཞིང་པའི་སྤྲོ་སྐྱིད་ཁང་དེ་ཕྱོགས་བཞིར་སྐད་གྲགས་ཆོད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་མྱོང་བའི་ཆིན་ཡོན་གྲོང་ཁྱེར་ལེན་ཀྲང་སྡེ་བར་ད་ལྟ་འགྱུར་ལྡོག་གསར་བ་བྱུང་ཡོད།   སྡེ་བའི་གང་སར་ཨར་འདམ་ལམ་ལས་ཡོད་པ་དང་། 5Gདྲ་བ་གང་སར་ཁྱབ་པ། དེང་རབས་ཞིང་ལས་ཐོན་ལས་གླིང་གི་སིལ་ཏོག་དང་སྔོ་ཚོད་དྲོད་ཁང་ཆེན་པོར་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཡོད་པ་རེད།

ལེན་ཀྲང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལུའུ་ཧྥེས་ཧུང་གིས་བཤད་རྒྱུར། ང་ཚོས་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད།  ཀུང་སི་དང་མཉམ་ལས་ཁང་། རྟེན་གཞི།  ཁྱིམ་ཚང་དབུལ་པོ་བཅས་ཀྱི་བྱེད་ཐབས་སྤྱད་དེ་མ་དངུལ་ནང་འདྲེན་བྱས་ནས། ཀོ་ཤ་དང་སྨན་རྩ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས།   སྡེ་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཟེར།

འགོ་ཚུགས་ས་གསར་པ་ཞིག་ཏུ་སླེབས་པ་དང་མདུན་ལྗོངས་སྔར་ལས་རྒྱ་ཆེ་བ་རེད།  ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་ལྟེ་བའི་ཁུལ་དང་། མཚོ་རྒྱུད་ཀྱི་དཔལ་འབྱོར་ཁུལ། བྱང་རྒྱུད་ཀྱི་སྐྱེ་ཁམས་འཕེལ་རྒྱས་ཁུལ་བཅས་ཀྱིས་རང་སོ་སོའི་འཕེལ་རྒྱས་འགྲོ་ལམ་སྟེང་འབད་འཐབ་ལྷུར་ལེན་བྱེད་ཀྱིན་ཡོད་པས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།