ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདུན་ཁོང་དུ་ཆུད་པར་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
2022.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

 ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྟེང་།  འདས་ཟིན་པའི་ལོ་ལྔའི་ནང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱས་པ་དང་།  ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདུན་ནང་དོན་གཙོ་བོར་བྱས་པའི་ཉམས་མྱོང་གི་བློ་སྒོ་ཕྱེ་ནས།   དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་བསྐྲུན་པའི་འབད་འཐབ་དམིགས་འབེན་གཙོ་བོ་གསལ་སྟོན་བྱས་ཏེ།  བློ་བརྟན་འགྱུར་མེད་བརྒྱད་ཀྱི་བྱ་བ་བཀོད་སྒྲིག་བྱས།

ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདུན་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ཆེན་གྱི་གནས་ཚུལ།  དུས་རབས་གསར་པ་དང་དུས་རིམ་གསར་བའི་ལས་འགན་གསར་བར་གཞི་ཚུགས་ནས་གནད་ལ་འཁེལ་བ་དང་གཏིང་ཟབ་པ་ཞིག་ཡིན་པས།  བརྒྱུད་རིམ་ཆ་ཚང་ཞིང་ཕན་ཚུན་འབྲེལ་མཐུད་ཐུབ་པའི་གཞི་མཐུན་གྱི་ཚོགས་སྤྱི་ཞིག་ཡིན།   “ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདུན”གྱི་ཐོག་ནས་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རིམ་གསར་པ་བྱུང་དོན་གང་ཡིན་པ་མཐོང་ཐུབ་པར་མ་ཟད།   མ་འོངས་པར་མཚོ་སྔོན་གྱིས་ཇི་ལྟར་བྱས་ཚེ་ད་བཟོད་གཞི་ནས་བྱས་རྗེས་ངོ་མཚར་ཅན་གསར་པ་མུ་མཐུད་དུ་བསྐྲུན་ཐུབ་པ་དང་། “ངེས་པར་དུ་རྒྱུན་་འཁྱོངས་བྱེད་དགོས་པ་བདུན”བྱས་ཚེ། མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་བརྒྱུད་ནས་མདུན་དུ་བསྐྱོད་པར་སྣེ་ཁྲིད་ནུས་ལྡན་བྱེད་ཐུབ་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཐུབ།

མཚོ་སྔོན་གྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།   སྤྱི་ཁྱབ་ཧྲུའུ་ཅིའི་མཚོ་སྔོན་ལས་དོན་སྐོར་གྱི་བླང་བྱ་གལ་ཆེན་དང་ མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་རྩ་བའི་བསྲུང་བྱར་བརྩིས་ནས།  བློ་རྩ་བརྟན་ཞིང་རང་རྟོགས་ཀྱི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།  ཆབ་སྲིད་ཀྱི་ཁ་ཕྱོགས།  ཆབ་སྲིད་ཀྱི་རྩ་དོན།  ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་།  བློ་རྩ་བརྟན་ཞིང་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་འགོད་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།

རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་ཡིན་ཚེ། གཞི་ནས་ཆབ་སྲིད་ཐད་རིག་པ་དྭངས་གསལ་ཡོང་ཐུབ་པ་དང་། རིགས་པའི་གཞུང་ལུགས་ཐད་བློ་བརྟན་འགྱུར་མེད་ཡིན་ཚེ། གཞི་ནས་ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་ཡོང་ཐུབ།  ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་ཅི་ཡིན་པ་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སིའི་རིང་ལུགས་ལག་ལེན་དུ་བསྟར་བའི་རྐྱེན་གྱིས་རེད།   མར་ཁེ་སིའི་རིང་ལུགས་ལག་ལེན་དུ་བསྟར་དོན་ནི་ཏང་གིས་རྒྱུན་ཆད་མེད་པར་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་བཏང་བར་མ་ཟད་ལག་ལེན་ལ་མཛུབ་སྟོན་བྱས་པ་ལས་བྱུང་བ་རེད།   དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཞིག་རྩོམ་པར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་དང་།  ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཇེ་མཐོར་གཏོང་དགོས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སིའི་རིང་ལུགས་ཡིན་པ་དང་།  ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་པས།  མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ་རེད།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་།  ལག་ལེན་ལ་མཛུབ་སྟོན་བྱེད་པ།  ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཚེ།  གཞི་ནས་ལས་དོན་སྣ་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།   ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་།  མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་བཅངས་པ།  སེམས་པ་མཐོ་སྒང་གི་ས་གཞི་ ཆེན་པོར་ཕྱོགས་ཏེ་སྐུ་དངོས་སུ་མཚོ་སྔོན་ལ་ཐེངས་གཉིས་ཕེབས་ནས་གཟིགས་ཞིབ་གནང་བ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་།  མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་ཏེ།  མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་།  བརྗིད་ཆེའི་འཆར་གཞི་བཀོད་པ། རྩ་བའི་བསྲུང་བྱ་མཁོ་འདོན་བཅས་གནང་བ་རེད།   དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ང་ཚོས་བློ་རྩ་བརྟན་ཞིང་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ནས། བློ་རྩ་བརྟན་ཞིང་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་འགོད་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། སྔར་ལས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བར་དྲིན་ལན་འཇལ་དགོས།

མཚོ་སྔོན་གྱི་ལས་དོན་ལེགས་པོར་བསྒྲུབས་དགོས་ན།   ངེས་པར་དུ“སྲུང་སྐྱོབ་གཉིས” རྩ་བའི་ཆབ་སྲིད་ཀྱི་རྩ་དོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས།   “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།  བློ་རྩ་བརྟན་ཞིང་དང་རང་རྟོགས་ངང་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་།  སྲོག་ཤིང་ལ་བརྩི་བཀུར།  སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།  ཆབ་སྲིད་ཀྱི་གོ་བ་ལེན་ནུས།  ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཐུགས་ཁུར་གནང་བ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལས་སྒྲུབ་ལས་གཏོད་དང་མཚོ་སྔོན་གྱི་བྱ་བ་ཡག་པོ་སྒྲུབ་པའི་སྤྲོ་སེམས་དང་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས།

འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་འཛུགས་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་བསམ་བློ་དང་ཆབ་སྲིད་ཐད་བྱང་ཆུབ་པར་འགྱུར་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན།   ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《ཏང་གི་ལོ་བརྒྱའི་འབད་འཐབ་ལ་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ནང་དུ་གསལ་བོར་བསྟན་དོན།   “ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་དེ་ལས། ཏང་ཡོངས་དང་།  དམག་ཡོངས།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཚེ་གཞི་ནས་ལས་དོན་དངོས་ཀྱི་ཁྲོད་དུ་རང་འགུལ་ངང“སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བྱེད་ཐུབ།     ང་ཚོའི་ཏང་འདི་འདྲ་ཆེན་པོ་ཞིག་དང་རྒྱལ་ཁབ་འདི་འདྲ་ཆེན་པོ་ཞིག་ལ།  གལ་ཏེ་ཏང་ཀྲུང་དབྱང་ལ་གཏན་འཁེལ་དང་གཏན་འཁེལ་གྱི་དབང་གྲགས་མེད་པ་དང་།  ཏང་ཀྲུང་དབྱང་དང་ཏང་ཡོངས་ལ་ཀུན་གྱི་རེ་བ་ལྟར་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་མེད་པ་ཡིན་ན།  དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པས་བྱ་བ་གང་ཡང་སྒྲུབ་ཐབས་མེད།   དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ང་ཚོས་ངེས་པར་དུ“གཏན་འཁེལ་གཉིས”ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིང་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་དད་སེམས་དང་།  ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ།  མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དངོས་སྒྲུབ་ཀྱི་བྱེད་ཐབས་བཅས་སུ་འགྱུར་བར་བྱེད་དགོས།

མཚོ་སྔོན་གྱི་ལས་དོན་ལེགས་པོར་བསྒྲུབས་དགོས་ན།   ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་བྱ་སྤྱོད་ཀྱི་སྔོན་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་།  འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དང་ཞབས་ཞུ་བྱེད་པའི་ཁྲོད་མཚོ་སྔོན་ལ་དམིགས་བསལ་དུ་ཡོད་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་དམིགས་བསལ་ལེགས་ཆ་འདོན་སྤེལ་བྱ་རྒྱུར་དམིགས་ཏེ། གནས་ཐིག་གཏན་འཁེལ་ཡང་དག་དང་བསམ་ཕྱོགས་གསལ་བོ་བྱེད་པ་དང་། “མཐོ་ས”དང“གནས་བཞི”འཛུགས་སྐྲུན་འདེགས་སྐྱོར་དུ་བྱས་ཏེ།   མཚོ་སྔོན་གྱི་ཁྱད་ཆོས་མངོན་པའི་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་། མཚོ་སྔོན་གྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས།

དུས་རབས་གསར་པའི་འཕེལ་རྒྱས་ནི་སྔར་བཞིན་ཀྲུང་གོའི་གནད་དོན་མཐའ་དག་ཐག་ གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན།   ལྷག་པར་དུ་དར་རྒྱས་མིན་པའི་མཚོ་སྔོན་གྱི་ངོས་ནས་བརྗོད་ན།  སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་གལ་ཆེན་ལྡན་ཡོད།   འཕེལ་རྒྱས་ཀྱི་འདུ་ཤེས་ནི་འཐབ་ཇུས་རང་བཞིན་དང་།  རྩ་འཛིན་རང་བཞིན།  སྣེ་ཁྲིད་རང་བཞིན་བཅས་ཀྱི་རིགས་ཤིག་ཡིན་པས།  འཕེལ་རྒྱས་ཀྱི་འདུ་ཤེས་འགྲིག་ན་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱེད་སླ་བ་དང་།  སྲིད་ཇུས་དང་བྱེད་ཐབས་ཀྱང་དེ་དང་མཉམ་དུ་གཏན་འཁེལ་བྱེད་སླ་བ་རེད།   འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་རྒྱུད་རིམ་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ཞིང་།  འཕེལ་རྒྱས་གཏོང་རྒྱུའི་དམིགས་ཡུལ་དང་།  སྒུལ་ཤུགས།  བྱེད་སྟངས།  ཐབས་ལམ་སོགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་ཡོད།   ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་ཁྲོད།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཞིག་ཏུ་བརྩིས་ནས།   དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་དང་།  ངེས་པར་དུ་ཆ་ཚང་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།   ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས།   རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་འཁྱགས་རོམ་བཅས་ཀྱི་མ་ལག་སྲུང་སྐྱོབ་དང་བཅོས་སྐྱོང་རྒྱུན་འཁྱོངས་བཅས་བྱས་ནས།    མཐོ་ས་གསར་པ་བརྒྱད་བསྐྲུན་པ་དང་།  སྐྱེ་ཁམས་མཛའ་མཐུན།  ལྗང་མདོག་ཐཱན་ཉུང་།  མཐོ་སྒང་གི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། མཚོ་སྔོན་འདི་ཉིད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གོ་ལ་ཧྲིལ་པོའི་དཔེ་མཚོན་དང་།  རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ཀྱི་གདོང་ལེན་པ། སྐྱེ་ཁམས་དཔལ་ཡོན་གསར་སྐྲུན་འཕེལ་རྒྱས་ཀྱི་ཁྱད་ལྡན་དཔེ་མཚོན།  རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་གྱི་སྔོན་ལ་ལག་བསྟར་བྱེད་པའི་ཚད་གཞི། སྐྱེ་ཁམས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགྲེམས་སྟོན་ལས་སྟེགས་བཅས་སུ་བསྐྲུན་དགོས།

མཚོ་སྔོན་གྱི་ལས་དོན་ཡག་པོར་སྒྲུབ་པར་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་འགན་འཁྲི་ཆེ་ཤོས་སུ་བརྩི་བ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་དང་རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་རྒྱུག་བཟང་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ།  མི་དང་རང་བྱུང་ཁམས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་གསར་བསྐྲུན་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན་པས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས།   མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ་དང་།   ཀྲུང་ཧྭའི་ཆུ་མཛོད་ཡིན་པས།   མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་རེད།    མདོ་དབུས་མཐོ་སྒང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་འགན་འཁྲི་ལྕི་མོ་འཁུར་གྱིན་ཡོད།   མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ།  སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་རེད།  མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན།   ང་ཚོས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་དགོས།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ།   སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།  ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཅས་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་ལེན་དགོས།   ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཛིན་པ་རྒྱུན་འཁྱོངས་དང་།   སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཕེལ་རྒྱས་འབྱུང་བར་སྐུལ་འདེད།   མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ།     རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ།   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་འགུལ་དང་།  བསམ་བློའི་རང་འགུལ།  བྱ་སྤྱོད་ཀྱི་རང་འགུལ་བཅས་ཆེ་རུ་བཏང་ནས།  མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

མཚོ་སྔོན་གྱི་ལས་དོན་ཡག་པོར་སྒྲུབ་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ལས་འགན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་གནད་ལ་དམ་པོར་དམིགས་པ་དང་།  བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་།  དཔལ་འབྱོར་འཕེལ་རྒྱས།  སྤྱི་ཚོགས་ཡར་ཐོན་བཅས་ལ་སྤྱི་འདོམས་བྱེད་པ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ།  མི་རིགས་ཁག་སེ་འབྲུ་ལྟར་དམ་པོར་འབྲེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  མཉམ་དུ་་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་སྡོམ་ཤུགས་ཆགས་པར་བྱེད་དགོས།

མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན།   མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་།  ཆོས་ལུགས་མང་པོ་མཉམ་གནས།  རིག་གནས་མང་པོ་མཉམ་འདྲེས་བཅས་ནི་སྔར་ནས་བཟུང་མི་རིགས་སོ་སོའི་བར་འགྲོ་འོང་དང་།   བརྗེ་རེས།  མཉམ་འདྲེས་བཅས་ཀྱི་ས་ཁུལ་གལ་ཆེན་ཞིག་དང་མི་རིགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་ཞིག་རེད།   མཚོ་སྔོན་དུ་མི་རིགས་ཀྱི་ལས་དོན་མ་བསྒྲུབས་ཚེ་ཁྱོན་ཡོངས་ལ་བསམ་བློ་གཏོང་མི་ཐུབ།   མི་རིགས་མང་བ་དང་རིག་གནས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ།  རང་རྒྱལ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན།   ང་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་ཁྱོན་ཡོངས་རང་བཞིན་དང་།  རྨང་གཞིའི་རང་བཞིན།  རྒྱང་རིང་རང་བཞིན་བཅས་ཀྱི་ལས་དོན་ཞིག་ཏུ་བརྩིས་ནས། དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་།  ཀྲུང་ཧྭ་མི་རིགས།  ཀྲུང་ཧྭའི་རིག་གནས།  ཀྲུང་གོ་གུང་ཁྲན་ཏང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་སྟེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།   མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་སོ་སོ་གཅིག་སེམས་གཅིག་འབྲེལ་དང་།  མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

མཚོ་སྔོན་གྱི་ལས་དོན་ཡག་པོར་སྒྲུབ་པར་ངེས་པར་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱ་རྒྱུ་དེ་རྩ་བའི་འགན་ལེན་ཞིག་ཏུ་བརྩི་བ་རྒྱུན་འཁྱོངས་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ཏེ། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་ལམ་ལུགས་ཐོག་ནས་ཏང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།   སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་མུ་མཐུད་དུ་བསྐྲུན་དགོས།

ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ཀྱི་སྲོག་ཤིང་ཡིན་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་ལྟ་བུ་ཡིན་ལ།  དཀའ་ཉེན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་འགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཀྱང་ཡིན།   ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་ནི་ཏང་གིས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་ལངས་པ་དང་།  ཐོག་མཐའ་བར་གསུམ་དུ་མི་དམངས་དང་འབྲེལ་འདྲིས་དམ་པོ་བྱེད་པ།  ཉེན་ཁ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡིན།  ཏང་བཅོས་སྐྱོང་ནན་མོ་བྱེད་པར་མཐོང་ཆེན་དང་རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་རིང་གི་དུས་གཏན་གྱི་སྤྱོད་ཚུལ་ཞིག་རེད།   ལོ་ངོ་བརྒྱ་ལྷག་གི་རིང་ལ།  ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་།  མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ།  རང་ངོས་གསར་བརྗེར་སྐུལ་སྤེལ་གཏོང་བ་བཅས་ལ་བརྟེན་ནས།  ཆུང་བ་ནས་ཆེ་བ་དང་།  ཉམས་ཞན་ནས་སྟོབས་ལྡན་དུ་འགྱུར་བའི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱུང་བ་རེད།   ལོ་ངོ་བརྒྱ་ལྷག་གི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ནོར་འཁྲུལ་ཁས་ལེན་དང་ཡོ་བསྲང་བྱེད་པའི་བློ་སྤོབས་རྒྱུན་འཁྱོངས་བྱས་ཏེ།  རང་ངོས་ཀྱི་སྐྱོན་ཆ་རྒྱུན་ཆད་མེད་པར་སེལ་ཐབས་དང་།  རང་ཉིད་ལ་བརྟེན་ནས་རང་ངོས་ཀྱི་གནད་དོན་ཐེངས་མང་ཐག་གཅོད་བྱས་པ་དེ་ནི་ང་ཚོའི་ཏང་གི་ལོ་ངོ་བརྒྱ་ལྷག་རིང་གི་ཁག་ཐེག་གལ་ཆེན་ཞིག་རེད།   ད་ལྟ་ང་ཚོས་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་།  བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་ལམ་ལུགས་ཐོག་ནས་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་ བྱེད་པ་རྒྱུན་འཁྱོངས།  སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་མུ་མཐུད་དུ་བསྐྲུན་པ།  ཏང་གི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་།  བསམ་བློའི་ཁྲིད་སྟོན་ནུས་པ།  མང་ཚོགས་ཀྱི་རྩ་འཛུགས།  སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མུ་མཐུད་དུ་ཇེ་མཐོར་བཏང་ནས། མི་རིགས་ས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་རྒྱུའི་འགན་ལེན་བྱེད་དགོས།

མདོར་ན།   ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདུན་ནི་མཚོ་སྔོན་གྱི་སྔོན་ཆད་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གལ་ཆེན་ཞིག་ཡིན་ལ།  ཕྱིན་ཆད་ལས་དོན་ཁྲོད་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་མ་ཟད་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བའི་ཉམས་མྱོང་གལ་ཆེན་ཞིག་ཀྱང་རེད།   མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདུན་ལ་གོ་བ་ཟབ་མོ་བླངས་ནས།   སློབ་སྦྱོང་དང་།  བསམ་གཞིགས།  བེད་སྤྱོད་བཅས་འབྲེལ་མཐུད་བྱ་རྒྱུ་རྒྱུ་འཁྱོངས་བྱས་ཏེ།  ཡིད་ཆེས་དང་བྱ་སྤྱོད་སོགས་གཞི་གཅིག་ཅན་གྱི་ཐོག་ནས་ཞིང་ཆེན་ཡོངས་གོམ་སྟབས་གཅིག་གྱུར་ངང་མདུན་སྐྱོད་དང་།  སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་མཛའ་མཐུན།  གསར་བསྐྲུན་སྒོ་འབྱེད།  དཔལ་ཡོན་འཆམ་མཐུན།  མི་དམངས་བདེ་སྐྱིད།  ཆབ་སྲིད་གཙང་མ་བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་སྒོས་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།