སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཅང་ཞི་ཡི་ལེའུ།
2022.08.15 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 10

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་རུ་གཟིགས་ཞིབ་ཐེངས་གཉིས་གནང་སྟེ།  ཁ་ཕྱོགས་གཏན་འཁེལ་སྒོས་ཅང་ཞི་ཡིས་གསར་བརྗེའི་གནས་རྙིང་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་འདོན་པ་དང་དབུས་རྒྱུད་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དཔའ་ངར་ཆེན་པོས་བརྩོན་ལེན་བྱེད་པར་ཁྲིད་སྟོན་གནང་བ་རེད།

གསར་བརྗེའི་གནས་རྙིང་ས་ཁུལ་གྱི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས།

ཅིན་ཀང་རི་བོའི་མའོ་ཕེན་གྲོང་རྡལ་ཧྲིན་ཧྲན་སྡེ་བའི་དེ་སྔའི་ཁྱིམ་ཚང་དབུལ་པོ་ཕིན་ཞ་དབྱིན་གྱིས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་ཏེ།   ལོ་རེའི་ཡོང་སྒོ་རྐྱང་བ་སྒོར་འབུམ་གཅིག་ལྷག་ཏུ་བསླེབས་པ་དང་།   ད་ལྟ་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

གསར་བརྗེའི་གནས་རྙིང་ས་ཁུལ་དབུལ་ཕོངས་ལས་ཐར་བ་དང་གནས་རྙིང་ས་ཁུལ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དེ་དུས་ནམ་ཡིན་ཡང་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ལ་བཅངས་བའི་དོན་དག་ཞིག་རེད།

2016ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲིན་ཧྲན་སྡེ་བར་ཕེབས་ནས་གནད་འཁེལ་དབུལ་སྐྱོར་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ཕིན་ཞ་དབྱིན་གྱི་ཁྱིམ་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཁང་པ་རེ་རེར་གཟིགས་ཞིབ་གནང་བ་དང་ཆབས་ཅིག  ཕིན་ཞ་དབྱིན་བཟའ་ཟླ་གཉིས་དང་མཉམ་དུ་ཁོ་ཚང་གི་ཡོང་འབབ་སྐོར་རྩིས་རྒྱག་ཞོར་དུ་ཁ་རྒྱབ་དང་འགྲོ་སྡོད་སོགས་ཀྱི་ཐད་ལ་དཀའ་ཁག་དང་དགོས་མཁོ་ཅི་ཞིག་ཡོད་མེད་ཀྱི་སྐོར་བཀའ་འདྲི་གནང་བ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་གྱི་ལམ་བུའི་སྟེང་དཀའ་ཁག་ཡོད་པའི་ཁྱིམ་ཚང་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པ་བྱེད་དགོས་ཞེས་གསུངས་པ་རེད།

ལོ་གསུམ་གྱི་རྗེས་སུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་ཅང་ཞི་རུ་ཕེབས་ཏེ། ཀན་ཀྲིག་གྲོང་ཁྱེར་ཡུས་ཏུའུ་རྫོང་ཙི་ཧྲན་གྲོང་རྡལ་ཐན་ཐིག་སྡེ་བའི་དམར་དམག་གི་མི་རབས་རྗེས་མར་འཚམས་འདྲི་དང་སྡེ་བའི་རྣམ་པར་གཟིགས་ཞིབ་གནང་བར་མ་ཟད། ཙི་ཧྲན་ཧྥུའུ་ཞིས་སྔོ་ཚལ་ཐོན་ལས་གླིང་དུ་ཕེབས་ཏེ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་།  ཁོང་གིས་ད་ཐེངས་ང་ཅང་ཞིས་སུ་ཡོང་དོན་ནི་གསར་བརྗེའི་གནས་རྙིང་ས་ཁུལ་གྱི་ཡུལ་མི་ཚོར་ལྟ་རུ་ཡོང་བ་ཡིན་ལ། ཡུལ་མི་ཚོའི་འཚོ་བ་ཇེ་བཟང་དུ་སོང་ཡོད་མེད་དང་གསར་བརྗེའི་གནས་རྙིང་ས་ཁུལ་དུས་བཅད་ལྟར་དབུལ་ཐར་དང་དབུལ་ཞྭ་ཕུད་ཡོད་མེད་ལ་ལྟ་རུ་ཡོང་བ་ཡིན་ཞེས་ནན་བཤད་གནང་བ་རེད།

གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་ཅང་ཞི་མི་དམངས་ཀྱིས་གསར་བརྗེར་རྒྱལ་ཁ་ལེན་ཆེད་བློས་གཏོང་ཆེན་པོ་བྱས་ཡོད་ལ།  བྱས་རྗེས་ཡང་ཆེན་པོ་ཕུལ་ཡོད། ད་ལྟ་རྒྱལ་ཁབ་འཕེལ་རྒྱས་བྱུང་བ་དང་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་ཡོད། ང་ཚོས་ཆུ་འཐུང་དུས་ཆུ་འགོ་དྲན་པར་བྱས་ནས་གསར་བརྗེའི་སྔོན་བྱོན་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་བརྗེད་མི་རུང་ལ། གསར་བརྗེའི་གནས་རྙིང་ས་ཁུལ་གྱི་ཡུལ་མི་རྣམས་དེ་བས་བརྗེད་མི་རུང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེའི་གནས་རྙིང་ས་ཁུལ་གྱི་མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

བརྩེ་བས་ཕྱུག་པའི་གསུང་སྐད་ཀྱིས་མི་སེམས་ལ་དྲོད་ཁོལ་སྦྱིན།

དབུལ་སྐྱོར་དང་དབུལ་ཐར་གྱི་བྱེད་ཐབས་དང་ལས་དོན་ངེས་པར་དུ་གནད་སྨིན་ཡོང་བར་བྱེད་པ་དང་།   གྲོང་གསེབ་དར་སྤེལ་བྱེད་པ། རྒྱུན་ཆད་མེད་པར་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཞེས་ལུའོ་ཞའོ་རི་རྒྱུད་ནས་ཡོས་ཏུའུ་གཙང་པོའི་འགྲམ་རྒྱུད་བར་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་ཟབ་མོ་ཡིས་ཁ་ཕྱོགས་གསལ་སྟོན་གནང་ཡོད།

མཛུབ་སྟོན་ཡིད་ལ་བརྟན་པོར་བཅངས་ནས་དམངས་ལ་བདེ་སྐྱིད་སྐྲུན་དགོས། ཅང་ཞི་ཡིས་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་དམངས་ཚིས་བཟོ་འགོད་ཨང་དང་པོར་བརྩིས་ནས་གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་ཇུས་བསྟར། གནད་སྨིན་ཕྱིར་འཐེན་བཅས་བྱས་ཏེ། རྫོང་དབུལ་པོ25ཡི་དབུལ་ཞྭ་བདེ་བླག་ངང་ཕུད་ནས་གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཡོད། 2021ལོར་ཞིང་ཆེན་ཡོངས་ཀྱི་མི་གྲངས་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་བ་སྒོར་ཁྲི་གཅིག་སྟོང་བཞི་སུམ་བརྒྱ་གོ་གཅིག་ཟིན་པ་དང་། གསར་བརྗེའི་གནས་རྙིང་ས་ཁུལ་གྱི་མང་ཚོགས་རྣམས་ལ་ལམ་བདེ་མོ་དང་། ཁང་པ་བཟང་པོ། སྤྱོད་ཁང་གཙང་མ།  ཆུ་གཙང་མ་བཅས་ཡོད་པའི་རྣམ་པ་བཟང་པོ་མངོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་འཚམས་འདྲིར་མ་ཕེབས་གོང་།  སྡེ་བའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་གསུམ་ལའང་མི་བསླེབས་པ་དང་། སྡེ་བའི་ན་གཞོན་ཚང་མ་ཞོར་ལས་ལ་བསྐྱོད་པ་རེད།  ད་ལྟ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་དྲུག་ལ་བསླེབས་ཏེ། ཁྱིམ་ཚང་དབུལ་པོ21ཚང་མ་དབུལ་ཕོངས་ལས་ཐར་བ་དང་།   ན་གཞོན་རྣམས་ཡང་བསྐྱར་ཕ་ཡུལ་དུ་ལོག་ནས་རྒྱུན་སྡོད་མི་གྲངས40ཙམ་ནས་མི་གྲངས170ལྷག་ལ་འཕར་ཡོད་ཅེས་ཧྲིན་ཧྲན་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཕིན་ཀྲན་དབྱང་གིས་དེ་ལྟར་བཤད་བྱུང་།

ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཐབས་ལམ་མང་པོ་ནས་ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ནས། ཞིང་ལས་དང་ཞིང་སྡེ་སྔར་ལས་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ཁམས་ཤིག་ཏུ་འགྱུར་བར་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅིས་ཅང་ཞི་ཡི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་ཐུགས་རེ་ཆེན་པོ་བཅོལ་ཡོད།

ཙི་ཧྲན་སེ་འདུས་སྔོ་ཚལ་ཐོན་ལས་གླིང་གི་ཉེ་འདབས་སུ་བསྐྲུན་པའི་ཡུས་ཏུའུ་བཤམས་སྟོན་ཁང་དུ་སེ་འདུས་སྔོ་ཚལ་དང་། འབྲས། ཚ་ལུ་མ་སོགས་ཐོན་རྫས་མང་པོ་བཤམས་ཡོད་ལ།    སེ་འདུས་ཐོན་ལས་དེ་རེ་བའི་ཐོན་ལས་ཤིག་ཏུ་འགྱུར་བཞིན་ཡོད།  ཡུས་ཏུའུ་རྫོང་སེ་འདུས་ཐོན་ལས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རིན་ལིག་ལུའུ་ཧྲིན་གྱིས་བཤད་རྒྱུར། མིག་སྔར་རྫོང་ཡོངས་ཀྱི་མི་ཁྲི་བཞི་ནས་ལྔ་ཙམ་གྱིས་སེ་འདུས་ཐོན་ལས་གཉེར་གྱིན་ཡོད་པ་དང་འདེབས་གསོའི་རྒྱ་ཁྱོན་མུའུ་འབུམ་གཅིག་ཁྲི་ལྔ་ཟིན་པར་མ་ཟད། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་དྲུག་ལས་བརྒལ་ཡོད་ཟེར།

དཔེ་སྟོན་གྱི་ནུས་པ་འདོན་པ་དང་མདུན་སྐྱོད་བྱེད་ཕོད་པར་བྱེད་དགོས།

གསར་བརྗེའི་གནས་རྙིང་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་གི་ཡོད། 2019ལོའི་ཟླ5ཚེས22ཉིན་ཅང་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཅང་ཞིས་ལ་གསར་བརྗེའི་གནས་རྙིང་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་འདོན་པ་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མདུན་སྐྱོད་བྱེད་ཕོད་པར་བྱེད་དགོས་ཞེས་ཐུགས་རེ་བཏོན་པ་རེད།

ལག་རྩལ་གསར་སྐྲུན་ནི་ཁེ་ལས་ཀྱི་སྲོག་རྩ་ལྟ་བུ་ཡིན། ཅང་ཞི་ཅིན་ལིས་ཡུང་ཚི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་པ་ན།  ཐོན་སྐྱེད་འཁོར་ཁང་གི་སྒོ་ཁར་བྲིས་ཡོད་པའི་ཡིག་འབྲུ་རེ་རེ་ཡིས་ལས་བཟོ་བ་རྣམས་ལ། ལོ་གསུམ་ཡར་སྔོན་གྱི་དྲོ་སྐྱིད་ལྡན་པའི་རྣམ་པ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས།  ཁོ་ཚོར་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་རྒྱུར་སྐུལ་ལྕག་གཏོང་བཞིན་ཡོད།

2019ལོའི་ཟླ5ཚེས20ཉིན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུང་སི་དེར་གཟིགས་ཞིབ་མཛད་པར་ཕེབས་ཏེ།   ལག་རྩལ་གསར་སྐྲུན་གྱི་འཐབ་ཇུས་གཞི་རྟེན་འདི་དམ་འཛིན་བྱེད་པ་དང་། ལག་རྩལ་སྔར་ལས་མང་བ་ཁོང་དུ་ཆུད་པར་བྱས་ནས་ལས་རིགས་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

གསར་སྐྲུན་གྱི་རྩ་བ་དམ་པོར་བཟུང་ཐུབ་ན། ཁེ་ལས་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་རྒྱས་ཐུབ། ཀུང་སིའི་སྤྱིའི་འགན་འཛིན་པ་གཞོན་པ་ལོས་ཧྥུན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཀུང་སིས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་སུ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་། ཉེ་བའི་ལོ་གསུམ་ནང་སྔ་རྗེས་སུ་ཞིབ་འཇུག་གསར་སྤེལ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་བརྒྱད་བཏང་ནས། སྔོན་ཐོན་ལག་རྩལ་ཁོང་དུ་ཆུད་ཡོད་ལ། ཐོན་སྐྱེད་བྱས་པའི་རླུང་ཤུགས་གློག་འདོན་དང་། ནུས་རྒྱུ་གསར་བའི་རླངས་འཁོར། ནུས་རྒྱུ་གྲོན་ཆུང་གི་དྲོད་སྙོམས་འཕྲུལ་ཆས་བཅས་ཁྱབ་ཁོངས་གསུམ་གྱིས་ཁྲོམ་ར་བཟུང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཟེར།

གཙོ་ཁྲིད་ཐོན་ལས་ལ་དམིགས་ནས་གསར་དར་ཐོན་ལས་མགྱོགས་མྱུར་ངང་སྐྱེད་སྲིང་དང་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་པ་དང་།   གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ།   འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཁྲོད་ཧུར་ཐག་གིས་ཞུགས་ནས། འབྲི་ཆུའི་ཟུར་གསུམ་གླིང་དང་ཡོ་ཀང་ཨའོ་ཁུག་ཆེན་ཁུལ་དང་སྦྲེལ་མཐུད་བྱས་ཏེ་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་དགོས།  ཅང་ཞི་རུ་ཐེངས་གཉིས་ལ་གཟིགས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་གསེབ་དང་། ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་སུ་ཕེབས་ནས་ཅང་ཞི་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གཏན་འཁེལ་གནང་བ་རེད།

2016ལོའི་ཟླ2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནན་ཁྲང་སློབ་ཆེན་རྒྱལ་ཁབ་གློག་སྒྲོནLEDལས་གཞིའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཚོད་ལྟ་ཁང་དུ་ཕེབས་ནས། ཚོད་ལྟ་ཁང་གི་ཚན་རྩལ་གསར་སྐྲུན་དང་།  འཇོན་མི་གསོ་སྐྱོང་།  ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།

ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའམ་ནན་ཁྲང་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཅང་ཧྥུན་དབྱི་ཡིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར་མཁྲེགས་གཏོར་བྱེད་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་ བཏང་ཡོད།  སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་ནས་ཉིན100ཡང་མ་འགོར་བར་ཚོགས་པས་ཧོང་ཀོང་ལག་རྩལ་ཐད་གྲུབ་འབྲས་གསར་པ་བླངས་ནས་རང་རྒྱལ་གྱི་གློག་སྒྲོནLEDལག་རྩལ་དེ་རྒྱལ་སྤྱི་དང་མཉམ་པ་ནས་རྒྱལ་སྤྱིའི་སྔོན་ཐོན་དུ་སླེབས་པར་སྐུལ་འདེད་བཏང་ཡོད་ཟེར།

ཀྲུང་གོ་ཞིས་ཐུའུ་ཚོགས་པ་དང་། ཉིན་ཏི་དུས་རབས། ཀི་ལིས་གློག་ཆས། ཅིས་ལིས་རླངས་འཁོར་སོགས་ལས་རིགས་མང་པོ་ཞིག་ཅང་ཞི་རུ་རྐང་ཚུགས་པ་དང་། ཟོག་འབྲེལ་དྲ་བ་དང་། རྟོག་བཟོའི་དོན་དངོས། གཞི་གྲངས་ཆེན་པོ་སོགས་དཔལ་འབྱོར་གསར་པ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་ཁྲག་ཁྲིག་བརྒྱད་ལས་བརྒལ་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་བཅོས་སྒྱུར་གྱི་གྲུབ་འབྲས་35རྒྱལ་ཁབ་ཀྱི་ཁྱབ་གདལ་གསལ་ཐོར་བཅུག་ཡོད།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་ལ། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཁྲོད་ཅང་ཞི་ཡི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕར་བའི་རྣམ་པ་སྲུང་འཛིན་བྱས་ཡོད། ད་ལོའི་དུས་ཚིགས་དང་པོར་ཅང་ཞི་ཡིས6.9%ཡི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།

རླབས་ཆེན་གྱི་གསར་བརྗེའི་སྙིང་སྟོབས་མི་ཉམས་པར་བྱེད་དགོས།

ཅང་ཞི་ནི་གསར་བརྗེའི་རྣམ་པས་ཁེངས་བའི་ས་ཆ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་ཞི་རུ་གཟིགས་ཞིབ་གནང་ཐེངས་རེར་ཅིན་ཀང་རི་བོའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་དང་། ཟུར་བརྒྱད་ཐོག་ཁང་གི་གསར་བརྗེའི་གནས་རྙིང་། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་རྡོག་ཐོན་དྲན་གསོ་ཁང་སོགས་སུ་ཕེབས་ནས་གསར་བརྗེའི་ལོ་རྒྱུས་དང་གསར་བརྗེའི་སྔོན་བྱོན་པར་དྲན་གསོ་ཞུ་ཀྱིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོས་ཅིང་ཀང་རི་བོའི་སྙིང་སྟོབས་དང་སུའུ་ཝེ་ཨེད་ས་ཁུལ་གྱི་སྙིང་སྟོབས་ལས་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གྱི་གསར་བརྗེའི་སྙིང་སྟོབས་བསྐྲུན་ཡོད།  རླབས་ཆེན་གྱི་གསར་བརྗེའི་སྙིང་སྟོབས་དེ་དག་ནི་ཡུལ་དུས་ལས་བརྒལ་ཞིང་ནམ་ཡང་ཉམས་པ་མེད་པས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བའི་འཛད་མཐའ་མེད་པའི་བསམ་པའི་སྟོབས་ཤུགས་ཞིག་རེད་ཅེས་གསུངས་པ་རེད།

རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བསམ་བློའི་ཐད་གཞི་རྩ་བསྒྱུར་བཅོས་དང་རྩ་བ་བརྟན་གཏོང་། བླ་སྲོག་སྲུང་བ། བློ་དཀར་སེམས་དཀར།   སྤྱོད་གཙང་འགན་འཁུར་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱས་ནས་མི་དམངས་ཀྱི་ཞབས་ཞུ་བ་ཡག་པོ་ཞིག་བྱེད་དགོས།   ལས་དོན་སྒྲུབ་སྐབས་སྔོན་ལ་བསམ་བློ་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་རུ་གཟིགས་ཞིབ་གནང་སྐབས་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཅང་ཞི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་ཐུགས་རེ་ཐེངས་མང་བཏོན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་བློ་ལ་བརྟན་པོར་བཅངས་ནས་ཅང་ཞི་ཡི་ལས་བྱེད་པའི་གསར་སྐྲུན་ལས་གཏོད་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཤིང། སྐབས་དེ་དུས་ཀྱི་སུའུ་ཝེ་ཨེད་ས་ཁུལ་གྱི་ལས་བྱེད་པས་མཚན་མོར་ལྒང་ཞུ་འཁྱེར་ནས་ཞིང་པ་དབུལ་པོར་ལྟ་བར་འགྲོ་བཞིན་ཡོད། ད་ལྟ་ང་ཚོས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་ན་གཞོན་ལས་བྱེད་པ་ཁེ་ལས་སུ་ལས་འགན་འཁུར་བར་མངག་པ་དང་།   ཁོ་ཚོས་ལས་བཟོ་པ་དང་མཉམ་དུ་ཡུལ་དངོས་སུ་ལས་ཀ་བྱེད་པ་དང་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྤྱོད་ཚུལ་ཞུན་བརྡར་དང་འཇོན་ཐང་ཆེ་རུ་བཏང་ཡོད་ཅེས་ཡུས་ཏུའུ་རྫོང་ཏང་ཨུའི་ཧྲུའུ་ཅི་ཧོང་ཧྥ་ཡིས་དེ་ལྟར་བཤད་བྱུང་།

མ་འོངས་པར་ཕྱོགས་ནས་ཅང་ཞི་མི་དམངས་མང་ཚོགས་བྱེ་བ་བཞི་ས་ཡ་ལྔ་ལྷག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས དཔེ་སྟོན་གྱི་ནུས་པ་འདོན་པ་དང་མདུན་སྐྱོད་བརྩོན་ལེན་བྱེད་པའི་ཐོག་ནས་དངོས་འཛིན་དངོས་སྒྲུབ་ཀྱི་འབད་འཐབ་སྙིང་སྟོབས་ཀྱིས་དུས་རབས་ཀྱི་གཟི་བརྗིད་གསར་པ་བསྐྲུན་བཞིན་མཆིས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།