ཐུན་ཏེ་རྫོང་འབའ་མདོ་སྡེ་བས་ཐོན་ལས་མཉམ་འདྲེས་བྱས་ཏེ་གྲོང་གསེབ་ཀྱི་གསོན་ཤུགས་བསླངས།
2022.08.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

ཉེ་ལམ། གསར་འགོད་པ་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོ་འབའ་མདོ་སྡེ་བར་འབྱོར་བ་དང་། ཁོད་སྙོམས་པའི་སྡེ་བའི་སྲང་ལམ་བརྒྱུད་ནས་སྡེ་བའི་ནང་དུ་བསྐྱོད་པ་ན། ལམ་གྱི་འགྲམ་ངོགས་གཉིས་སུ་གྲལ་འགྲིག་པའི་གཞིས་མ་རེ་རེ་བསྟར་ཆགས་སུ་གནས་ཤིང་། དཔང་མཐོ་བའི་གྱང་ལྡེབས་སུ་མཛེས་རྒྱན་གྱི་རི་མོ་སྣ་ཚོགས་བཀོད་ཡོད་ལ། གྲལ་དག་པའི་སྡེ་བའི་རྣམ་པ་ཡིས་མིག་གི་དང་བ་ཅིག་ཅར་འདྲེན་པར་བྱེད། གནས་འདི་ནི་དགུ་འཁྱིལ་རྨ་ཆུ་སྔོན་མོའི་ཁུགས་སོ་གཉིས་པའི་འགྲམ་ངོགས་སུ་ཆགས་ཡོད་པ་དང་། རང་བྱུང་སྣོད་བཅུད་ཀྱི་བཀོད་པ་ཉམས་དགའ་བར་འདུག་ལ། གནས་འདི་རུ་སྐད་གྲགས་ཆོད་པའི་གནའ་སྔ་མོའི་སྤེན་མའི་ནགས་ཚལ་ཡོད་པར་ད་ལྟའི་བར་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ཅིང་། འདི་ཡིས་རྔམ་མཐུག་པའི་རིག་གནས་མངོན་པར་མཚོན་བཞིན་ཡོད། གནས་འདིའི་སྡེ་གྲོང་གི་གནའ་ཉམས་ཁྲོད་དུ་གྲུང་རིག་ཅིག་རྒྱས་ནས་ཡོད་པ་དང་། ལས་ལ་བརྩོན་པའི་མི་རྣམས་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་རང་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་དང་སྐྲུན་བཞིན་ཡོད།

འབའ་མདོ་སྡེ་བ་ནི་རྫོང་རུའི་གནའ་ཤུལ་གྱི་འབྱུང་གནས་ཤིག་སྟེ། མངའ་ཁུལ་གྱི་རྡོ་ཆས་གསར་མའི་དུས་ཀྱི་གནའ་རྫས་རྟོག་དཔྱོད་ཁྲོད་དུ་ཐོག་དང་པོར་རུས་ཁེམ་དང“རྒྱལ་ཁབ་ཀྱི་གཅེས་ནོར”དུ་བསྔགས་པའི་ཞབས་བྲོའི་རི་མོ་ཅན་གྱི་རྫ་གཞོང་། མི་གཉིས་ཀྱིས་མཉམ་དུ་འགྱོགས་པའི་ཚོན་ལྡན་རྫ་གཞོང་སོགས་རྒྱལ་ཁབ་རིམ་པའི་རིག་དངོས་རབ་དང་རིམ་པ་གསར་རྙེད་བྱུང་། ཉེ་བའི་ལོ་འགའི་རིང་། དགུ་འཁྱིལ་རྨ་ཆུ་སྔོན་མོའི་ཁུགས་སོ་གཉིས་པའི་འགྲམ་ངོགས་དང་རྫོང་རུ་རིག་གནས་ཀྱི་འབྱུང་ཁུངས་ཞེས་པའི་མཚན་སྙན་ཐོབ་པའི་དབང་གིས། ལོ་འདི་དག་ལ་འབའ་མདོ་སྡེ་བའི་ཡུལ་སྐོར་ལ་སྔར་མེད་ཀྱི་གསོན་ཤུགས་རབ་ཏུ་རྒྱས་ཏེ། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་གནས་འདིར་ངང་གིས་འགུག་བཞིན་ཡོད།

འོན་ཀྱང་སྔོན་ཆད་ཀྱི་འབའ་མདོ་སྡེ་བ་ནི་དེ་ལྟ་བུའི་གནས་མཆོག་ཅིག་མིན་ཏེ། སྡེ་མི་ཚེ་བྷོ་ཡིས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར།“སྔོན་ཆད་ཡིན་ན། ཕྱུགས་ར་ཡང་ཅི་འདི་མེད་པར་གང་འདོད་འདོད་དུ་ལས་ཡོད་ལ། ཁང་པ་ཡང་ས་ཁང་འབའ་ཞིག་ཡིན་པ་དང་། ཁྱིམ་ཚང་ཀུན་གྱི་སྤྱོད་ཁང་ཡང་སྤྱོད་ཁང་རྙིང་པ་རྐྱང་རྐྱང་ཡིན་པས། དབྱར་ཁ་སླེབས་པ་ན་མཁའ་དབུགས་ཁྲོད་དུ་སྣོམ་པར་དཀའ་བའི་དྲི་ངན་གྱིས་ཁྱབ་ནས་ཡོད། དེར་མ་ཟད་སྡེ་བའི་དཔལ་འབྱོར་སྒྲིག་གཞིའང་སྣ་རྐྱང་ཡིན་པས། ཚང་མས་ནས་དང་སྲན་མ་སོགས་འདེབས་པ་དང་ནོར་ལུག་གསོ་བ་ཁོ་ནར་བརྟེན་ཡོད་པ་དང་། དེའི་སྟེང་དུ་འགྲིམ་འགྲུལ་ཡང་སྟབས་བདེ་མིན་པས་སྡེ་དམངས་ཀྱི་ཡོང་འབབ་ལ་ཚད་བཀག་ཤིན་ཏུ་ཆེན་པོ་ཡོད”ཟེར།

སྡེ་བའི་རྣམ་པ་བཅོས་བསྒྱུར་བྱས་པ་དང་ནུས་ཁུངས་ལེགས་ཆ་རུ་བསྒྱུར་བ། སྡེ་དམངས་ཀྱི་ཡོང་འབབ་ཇེ་མཐོར་གཏོང་བ་བཅས་ཇི་ལྟར་ཡིན་ནམ་ཞེ་ན། འདིའི་ཐད་ཀྱི་མགོ་མཇུག་བར་གསུམ་དུ་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་རྣམས་ཀྱིས་ཐབས་ཤེས་སྣ་ཚོགས་འཚོལ་བར་མཚམས་བཞག་མ་མྱོང་།

2017ལོར། འབའ་མདོ་སྡེ་བར་མཐོ་སྒང་གི་མཛེས་པའི་གྲོང་གསེབ་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ཁང་པ་གསར་དུ་ལས་ཤིང་ལམ་ཡང་བདེ་མོར་ལས་པས། སྡེ་བའི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། 2019ལོར། འབའ་མདོ་སྡེ་བར་བཙོག་ཆུ་གཙང་སེལ་བཟོ་གྲྭ་བསྐྲུན་པ་དང་། ཁྱིམ་ཚང་རེ་རེར་ཆུ་བཤལ་སྤྱོད་ཁང་ལས་པས། འདི་ནི་འབའ་མདོ་སྡེ་བའི་འཕེལ་རྒྱས་ཡག་ཐོག་ཡག་བརྩེགས་སུ་སོང་ཡོད་ལ། ལོ་དེར་ད་དུང་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་གནས་གཞི་རུ་ཚུད་རྗེས། འབའ་མདོ་སྡེ་བའི་འཕེལ་རྒྱས་ཀྱི་རིག་ལམ་ཇེ་གསལ་ཇེ་ཡངས་སུ་སོང་ཡོད་དེ། ལེགས་ཆ་བླངས་པའི་ཐད་ནས། རྨ་ཆུའི་གྲོག་རོང་གི་རྫོང་རུ་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་མེ་ཏོག་ཐང་། ཁྱད་ལྡན་གྱི་གྲོང་གསེབ་འགྲུལ་ཁང་བཅས་གཙོར་བྱས་པའི་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཤུགས་ཆེན་པོས་གོང་སྤེལ་བཏང་བ་དང་། ཞན་ཆ་གསབ་པའི་ཐད་ནས། རྨ་འགྲམ་གྱི་རྫོང་རུའི་ཁམས་གསེང་སྡེ་བ་བསྐྲུན་ཞིང་། ཤིང་ལམ་དང་ལྗོངས་གཟིགས་སྟེགས་བུ། སྤྱི་པའི་སྤྱོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས།

ཉེ་བའི་ལོ་འགའི་རིང་ལ། “གྲོང་གསེབ་ཡུལ་སྐོར་དང་ཐོན་ལས་མང་པོ་མཉམ་འདྲེས་བྱེད”པའི་འཕེལ་རྒྱས་ཀྱི་རིག་ལམ་ལྟར། འབའ་མདོ་སྡེ་བས་འཕེལ་རྒྱས་བྱེད་སྟངས་གསར་པར་ཚོད་ལྟ་བྱས་ཤིང་། ཕྱོགས་གཅིག་ནས“རྨ་ཆུའི་ཁུགས་སོ་གཉིས་པ”སོགས་རང་བྱུང་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། ཕྱོགས་མང་པོ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བའི་ཐབས་ལམ་རྒྱ་བསྐྱེད་བཏང་།

“སྡེ་བའི་ནང་དུ་དངོས་འབེབ་བྱས་པའི་ལས་གཞི་ཇེ་མང་ནས་ཇེ་མང་དུ་སོང་བས། སྡེ་བའི་ནང་གི་ལས་ཞུགས་ཀྱི་གནད་དོན་ཡང་ཐག་གཅོད་བྱས་ཏེ། ད་ལྟ་སྡེ་བ་ཡོངས་ཀྱི་ངལ་རྩོལ་པ70%ཡིས་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཀ་གཉེར་ཐུབ་བཞིན་ཡོད”ཅེས་འབའ་མདོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སངས་རྒྱས་འབུམ་གྱིས་དེ་ལྟར་བཤད།

གླེང་རིན་ཡོད་པ་ཞིག་ལ། ཉེ་བའི་ལོ་འགའི་རིང་ཐུན་ཏེ་རྫོང་གིས“རྫོང་རུ་རྟགས་མ”ཡི་མཐོ་སྒང་བྱེས་བགྲོད་རྒྱུགས་རེས་འགྲན་སྡུར་སྤེལ་བས་ཀྱང་སྡེ་གྲོང་ཆུང་ཆུང་འདིའི་འཕེལ་རྒྱས་ལ་གོ་སྐབས་དང་སྒུལ་ནུས་བསྩལ་ཡོད་ཅིང་། འགྲན་སྡུར་སྤེལ་བའི་སྐབས་སུ། འབའ་མདོ་སྡེ་བ་ནི་ལུས་རྩལ་པ་དང་ལས་བཟོ་པའི་ཟས་ཟ་ས་དང་སྡོད་སའི་སྣེ་ལེན་བྱེད་ཡུལ་དུ་གཏན་འཁེལ་བྱས་ཤིང་། སྡེ་མི་ཚེ་བྷོ་ཚང་ནང་དུ་འདུས་པའི་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉི་ཤུ་ནས་སུམ་ཅུ་ཙམ་ཞིག་དེའི་ནང་དུ་ཞུགས། དུས་མཚུངས་སུ། སྡེ་བའི་ནང་དུ་གཞན་ད་དུང་མེ་ཕུང་དགོང་ཚོགས་དང་རྒྱན་གོས་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་ཡང་སྤེལ་བཞིན་ཡོད།

“‘འབའ་མདོ་རུ་ཞག་སྡོད་བྱེད་ཅིང་། འབའ་མདོ་ནས་ཟས་ལ་རོལ་བ། འབའ་མདོ་ནས་རྩེད་མོར་རྩེ་བ’ཡི་ཐབས་ལམ་བརྒྱུད་ནས། སྡེ་བའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པར་མ་ཟད། ང་ཚོ་ཕྱུག་འགྱུར་དང་ཡོང་འབབ་འཕར་སྣོན་ཡོང་བར་ཡང་སྒུལ་ཤུགས་བསྩལ་ཡོད”ཅེས་ཚེ་བྷོ་ཡིས་རྩིས་ལེན་ཐེངས་ཤིག་བྱས་རྗེས། དེ་ལྟ་བུའི་བྱ་འགུལ་དང་སྣེ་ལེན་ལས་གཞན་འགྲུལ་བ་ཐར་ཐོར་རེ་ཡང་ཡོང་སྟེ་ཁོ་ཚང་གི་གྲོང་གསེབ་འགྲུལ་ཁང་དུ་ཞག་སྡོད་བྱེད་པས། ཁོའི་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཡོད་ལ། དེར་མ་ཟད་སྡེ་བའི་ནང་དུ་རྨ་འགྲམ་གྱི་མེ་ཏོག་ཐང་བསྐྲུན་རྗེས། ཚེ་བྷོ་ཡིས་ཉེ་འཁྲིས་སུ་རང་འདེམས་ཚོང་ཁང་ཞིག་ཀྱང་ཕྱེས་ཡོད་པས། ད་ལྟ་ཚེ་བྷོ་ཚང་གི་འཚོ་བ་ཡར་ངོའི་ཟླ་བཞིན་གོང་ནས་གོང་དུ་འཕེལ་བཞིན་ཡོད།

ཐུན་ཏེ་རྫོང་འབའ་ལུང་ཡུལ་ཚོ་འབའ་མདོ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དུ་ཐོན་པ་ན། ལུག་རྔ་ལེབ་དང་འབྲོག་ལུག་རྣམས་སྔོ་རྩྭའི་བཅུད་ལ་རོལ་ནས་ཡོད་ཅིང་། མཉམ་ལས་ཁང་གི་མཐའ་འཁོར་དུ་མ་རྨོས་ལོ་ཏོག་གི་མྱུ་གུ་ལ་སྐྱེ་སྟོབས་རྒྱས་འདུག 2021ལོའི་ཟླ6པར་བཙུགས་པའི་མཉམ་ལས་ཁང་གིས་ལོ་དེའི་ལོ་སྨད་དུ་བགོ་བཤའ་བརྒྱབ་པའི་ཡོང་འབབ་སྒོར་ཁྲིའབུམ་གཉིས་དང་ཁྲི་ལྔ་རུ་སླེབས་ཡོད། སངས་རྒྱས་འབུམ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཕྱོགས་གསུམ་པའི་ཁེ་ལས་དོ་དམ་མཉམ་ལས་ཁང་གཞན་ཞིག་གདན་འདྲེན་བྱས་ཡོད་པས། སྡེ་མི་རྣམས་ཀྱིས་མཉམ་ལས་ཁང་དུ་ལས་ཀ་ལས་ཆོག་ལ། ཉིན་རེར་སྒོར་བརྒྱ་དང་སུམ་ཅུའི་ཡོང་འབབ་བཙལ་ཐུབ་ཀྱིན་འདུག སངས་རྒྱས་འབུམ་གྱིསབཤད་རྒྱུར། “རྗེས་ཕྱོགས་ང་ཚོས་དེང་རབས་ཀྱི་གསོ་སྤེལ་ལས་རིགས་དང་ཁྱད་ལྡན་ཞིང་ལས་ས་ཁུལ་གྱི་ཕྱུགས་ལས། འོམ་བུའི་ནགས་ཁུལ་གྱི་ཡུལ་སྐོར་སོགས་ཐོན་ལས་གོང་སྤེལ་བཏང་ནས། གྲོང་གསེབ་ཇེ་ཡག་ཏུ་གཏོང་རྒྱུ་ཡིན་ལ་ཕྱུག་པོར་ཡང་བསྒྱུར་རྒྱུ་ཡིན”ཟེར།

མུན་པ་རུབ་ལ་ཉེ་བའི་སྐབས་སུ། ཉིན་གང་བོར་ལས་ཚེགས་མྱངས་མྱངས་པའི་སྡེ་མི་རྣམས་སྡེ་བའི་ཐང་ཆེན་དུ་འཛོམས་ནས། ལ་ལས་ཁ་བརྡ་བྱེད་པ་དང་ལ་ལས་ཞབས་བྲོ་འཁྲབ་བཞིན་ཡོད་པའི་ཚུལ་ལས། ཁོ་ཚོའི་ནང་སེམས་ཀྱི་འཚོ་བར་ཡང་ཡིད་ཚིམ་ནས་ཡོད་པ་མཐོང་ཐུབ། ད་ལྟ། རང་བྱུང་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་བརྟེན་ནས་འབའ་མདོ་སྡེ་བའི་མཛེས་ལྗོངས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་གྲུབ་འབྲས་སྨིན་པར་སྐུལ་སྤེལ་བགྱིས་པའི་དངོས་རྣམ་མཚོན་ཚུལ་ལྟ་བུར་གྱུར་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།