ཕྱུགས་ལས་འཕེལ་རྒྱས་ལ་དམིགས་ནས་མང་ཚོགས་ཀྱི་ཡོང་འབབ་བརྟན་བརླིང་ངང་འཕར་བར་ཡར་སྐུལ་བྱས། ཕྱུགས་ལས་ཐོན་སྐྱེད་དེ་ལས་འགན་གཙོ་བོར་བརྩིས་ནས་ཧུར་ཐག་གིས་མང་ཚོགས་ལ་དྲིལ་སྒྲོག་དང་སྐུལ་སློང་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་ཕྱུགས་ཟོག་བཤས་ཚོང་གི་གཞི་ཁྱོན་རྒྱ་བསྐྱེད་བཏང་ནས། ཚོད་སླེའི་བཟོ་འགོད་ཀྱི་ཤ་རིགས་དང་འོ་རིགས་ཀྱི་ཐོན་སྐྱེད་མཁོ་འདོན་ནུས་པ་བརྟན་འཇགས་ཡོང་བར་ཁག་ཐེག་བྱས། ཉེ་ལམ། རྫོང་ཡོངས་སུ་འཚོ་སྐྱོང་བྱེད་པའི་ཕྱུགས་ཟོག་འབུམ་གསུམ་དང་ཁྲི་བདུན་སྟོང་བརྒྱད་སུམ་བརྒྱ་ཉེར་གཅིག་ཡོད་པ་དང་། ལོ་ཚད་ལོངས་པའི་མོ་ཕྱུགས་འབུམ་གཅིག་དང་ཁྲི་བདུན་སྟོང་བཞི་བརྒྱད་བརྒྱ་ང་ལྔ་ཡོད་ལ། དེའི་ཁྲོད་དུ་ནོར་འབུམ་གསུམ་དང་ཁྲི་དྲུག་སྟོང་ལྔ་དང་ལྔ་བརྒྱ་ཉེར་བརྒྱད་ཡོད་པ་དང་། ལུག་སྟོང་ལྔ་དང་སུམ་བརྒྱ་ཉི་ཤུ་ཡོད་ལ། ནོར་སྟོང་དྲུག་དང་བརྒྱ་དང་བཅུ་བདུན་བཤས་ཚོང་བྱས་ལ། བེའུ་དང་ལུ་གུ་ཁྲི་དགུ་དང་སྟོང་གསུམ་བཞི་བརྒྱ་ང་བཞི་རྩེབས་པས། མོ་ཕྱུགས་ཀྱི་རྩེབས་ཚད་ནི་བརྒྱ་ཆའི་ང་གསུམ་དང་གྲངས་ཆུང་ཞེ་བཞི་ཡིན་ཞིང་། བེའུ་དང་ལུ་གུའི་གསོན་ཚད་ནི་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་གྱ་ལྔ་རེད།
འཚོ་བ་འབྱོར་ཕྱུག་ཡོང་བར་དམིགས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་“མི་འདོར་བ་བཞི”ཡི་བླང་བྱ་གལ་ཆེན་གཟབ་ནན་གྱིས་དངོས་འབེབས་བྱས་ཏེ། ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་རོགས་སྐྱོར་ལམ་སྲོལ་བཙུགས་ནས། 《གཅིག་སྒྲིལ་རྫོང་ཕྱིར་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་མཉམ་འབྲེལ་གྲོས་ཚོགས་ཀྱི་རྐྱེན་སྲོལ》དང་། ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་བསྐྱོད་པ་སོགས་ཀྱི་བྱ་འགུལ་ལ་བརྟེན་ནས་ཁྱིམ་བསྐྱོད་ཞིབ་བཤེར་གཟབ་ནན་གྱིས་བསྒྲུབས་པ་དང་། དུས་ཐོག་ཏུ་ཕྱིར་དབུལ་བོར་འགྱུར་བ་དང་དབུལ་འགྱུར་གྱི་ཉེན་ཁ་ཅན་དང་གློ་བུར་བའི་དཀའ་ཁག་ཚབས་ཆེན་བྱུང་བའི་ཁྱིམ་ཚང་དག་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ཁྱབ་ཁོངས་སུ་བཞག་ཡོད། སློབ་གསོ་རོགས་སྐྱོར་གྱི་སྲིད་ཇུས་གཟབ་ནན་གྱིས་དངོས་འབེབས་བྱས་པ་དང་། རྒྱུན་ཆད་མེད་པར་རོང་འབྲོག་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་ལས་ཞུགས་གཞི་ཁྱོན་རྒྱ་བསྐྱེད་པ། བསྟུད་མར་འཐུང་ཆུ་དང་འགྲིམ་འགྲུལ་སོགས་ཀྱི་རྨང་གཞི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་བྱས། ད་ལོར་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་བདུན་ལྷག་བཏང་སྟེ་བདེ་འཇགས་འཐུང་ཆུའི་ལས་གཞི་ལྔ་ལག་བསྟར་དང་ལེགས་བཅོས་བྱས་ཤིང་། ཁྲོན་པ་ཆུང་ངུ་ཉིས་བརྒྱ་དང་བརྒྱད་ཅུ་འཛུགས་སྐྲུན་བྱས།
ཐོན་ལས་དར་རྒྱས་ལ་དམིགས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་འཕེལ་རྒྱས་གོང་དུ་སྤེལ། སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་བསྒྱུར་རིམ་སྤར་དང་སྒྲིག་བཀོད་གསར་པའི་ཞིང་ཕྱུགས་ལས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བཅོས་བསྒྱུར་ལ་བསྟུད་མར་སྐུལ་སྤེལ་བྱས་པ་དང་། གཟན་རྩྭ་འདེབས་འཛུགས་ཀྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས། ཕྱུགས་ལས་ཐོན་རྫས་ཀྱི་འདོན་སྤྲོད་ནུས་པ་བརྟན་འཇགས་ངང་ཚོད་འཛིན་བྱེད་ཐུབ་པར་འགན་སྲུང་བྱས། མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་དགུ་སྟོང་གསུམ་བཏང་སྟེ་སྡེ་བ་བཞི་ཡི་མཉམ་ལས་ཁང་ཞིག་གསོ་བསྐྱར་ལས་བྱས། ཧུར་ཐག་གིས་དཔལ་ཡུལ་ཞང་དང་བར་བཞི་ཞང་གི་རེ་ཞུ་དཔང་སྤྲོད་ཀྱིས་སྐམས་ཤ་དང་ལུག་ཤ་གསར་པ་བགོ་གཏུབ་འཁྱགས་བཟོས་ཀྱི་ལྗང་མདོག་ཟས་རིགས་ཀྱིས་ཡུལ་ཚོ་ཡོངས་སུ་ཁེབས་པར་བྱེད་པའི་བྱ་བ་ནན་ཏན་གྱིས་སྒྲུབ་པར་ཤུགས་བསྣན་ཏེ། རྫོང་ཡོངས་སུ་ལྗང་མདོག་སྐྱེ་ལྡན་ཡོངས་སུ་ཁེབས་པར་བརྩོན་ལེན་བྱས་པ་དང་། གཅིག་སྒྲིལ་ནོར་གནག་གི་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ལེགས་ཆར་བརྟེན་ནས། གཅིག་སྒྲིལ་རྟགས་མ་ཡི་ཞིང་ཕྱུགས་ཐོན་རྫས་ཟོང་རྟགས་གསོ་སྐྱོང་བྱེད་པའི་འགུལ་སྐྱོད་ཤུགས་ཆེན་པོས་ལག་བསྟར་བྱས།
ནུས་ལྡན་བཅོས་སྐྱོང་ལ་དམིགས་ནས་གྲོང་གསེབ་འཆམ་མཐུན་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་། གཅིག་སྒྲིལ་རྫོང་གིབཅུ་དཔོན་གྱི་རིམ་སྤར་བྱ་བའི་བླང་བྱ་ལྟར། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། གཤིས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་གྱིས་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་འཛུགས་པའི་དམིགས་འབེན་ལ་བརྟེན་ནས། གྲོང་གསེབ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དང་དངོས་རྣམ་ཅན་གྱི་འཁོར་སྐྱོད་བྱེད་པར་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། དྲ་མིག་ཅན་གྱི་ཞབས་ཞུ་དང་དོ་དམ་གཏིང་ཟབ་ཏུ་སྤེལ་བ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱས།
འཇོན་མི་འཕེལ་རྒྱས་ལ་དམིགས་ནས་ཚན་རྩལ་གསར་སྐྲུན་ལ་རོགས་འདེགས་མཁོ་འདོན་བྱས། འཇོན་མི་ནང་འདྲེན་གྱི་ལས་གཞི་དང་སྦྲེལ་ནས། ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭར་མཉམ་ལས་བྱེད་པར་ཤུགས་བསྣན་པ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་འཕེལ་རྒྱས་དང་ཕྱུགས་ལས་ཆེད་ལས་ཕྱོགས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་ལག་རྩལ་བློ་འདྲིའི་ལས་འགན་འཁུར་དུ་བཅུག་པ་དང་། ནོར་གནག་ཐོན་རྫས་ཀྱི་གསར་སྤེལ་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཇེ་མགྱོགས་སུ་བཏང་སྟེ། ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་ཚན་རྩལ་དཀའ་གནད་མཁྲེགས་གཏོར་དང་གྲུབ་འབྲས་སྤོ་འགྱུར་ལ་ཡར་སྐུལ་བྱས། མིག་སྔར། རྒྱུད་སྤེལ་ནུས་ཁུངས་ཀྱི་ནུས་སྟོབས་ལ་ཚད་འཇལ་གཏན་འཁེལ་བྱས་པ་བརྒྱུད། གཅིག་སྒྲིལ་རྫོང་སྒོ་ཕྱུགས་རྒྱུད་སྤེལ་ནུས་ཁུངས་ཀྱི་གཞི་རྒྱུའི་མཛོད་ཐོག་མར་བསྐྲུན་ནས། གཅིག་སྒྲིལ་ནོར་གནག་གི་རྒྱུད་གསར་དེ《རྒྱལ་ཁབ་སྒོ་ཕྱུགས་རྒྱུད་སྤེལ་ཐོན་ཁུངས་དཀར་ཆག》ཏུ་ཚུད་པར་ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
ལས་གཞི་བརྩོན་ལེན་ལ་དམིགས་ནས་འབྲོག་པའི་ཡོང་འབབ་ཀྱི་ཐབས་ལམ་རྒྱ་བསྐྱེད་པ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་ཁེ་ལས་ཆུང་འབྲིང་སོགས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོག་མའི་ཐོན་ཡུལ་གྱི་ལས་སྣོན་འཛུགས་སྐྲུན་དང་ཞོར་ཐོན་དངོས་རྫས་གསར་སྤེལ་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། ཐོན་སྐྱེད་ལས་སྣོན་ཕྱིར་འཚོང་གཞི་གཅིག་ཅན་གྱི་ཚོང་གཉེར་བྱེད་སྟངས་ལག་བསྟར་བྱས་པ་དང་། ཐོན་ལས་སྦྲེལ་ཐག་རྒྱུན་བསྲིངས་ཤིང་ཡོང་འབབ་འཕར་སྣོན་འབྱུང་བའི་ཐབས་ལམ་རྒྱ་བསྐྱེད་བཏང་ཡོད། མ་དངུལ་སྒོར་མོ་ས་ཡ་ལྔ་དང་འབུམ་གཉིས་ཁྲི་བདུན་བཏང་སྟེ་སྨིན་ཐང་ཡུལ་ཚོའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་མ་རྒྱུ་ཐོན་ཡུལ་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་བྱེད་ཡུལ་གྱི་ལས་གཞི་གཅིག་འཛུགས་སྐྲུན་བྱས། མ་དངུལ་སྒོར་མོ་བྱེ་བ་དགུ་བཏང་སྟེ་གཅིག་སྒྲིལ་རྫོང་ཏུ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཕྱུགས་ཟོག་ཉོ་ཚོང་རྟེན་གཞི་གཅིག་འཛུགས་སྐྲུན་བྱས། མ་དངུལ་སྒོར་མོ་འབུམ་ལྔ་དང་ཁྲི་ལྔ་བཏང་སྟེ་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཉོ་ཚོང་ཁྲོམ་རར་འཁྱགས་སྦྲེལ་རླངས་འཁོར་དང་འབྲེལ་ཡོད་ཀྱི་ཐོན་སྐྱེད་སྒྲིག་ཆས་ཉོ་སྒྲུབ་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་མོ་ས་ཡ་གཅིག་བཏང་སྟེ། ལྔ་གསུམ་དྲུག་དགུ་ཚན་རྩལ་ཕྱུགས་ལས་ཚད་ཡོད་ཀུང་སི་རུ་གཅིག་སྒྲིལ་ནོར་གནག་མྱོང་རོལ་ཁང་གཉིས་བསྐྲུན་ཞིང་། མ་དངུལ་སྒོར་མོ་འབུམ་བཞི་བཏང་སྟེ་མཉམ་ལས་ཁང་ཁག་ཅིག་ཞིག་གསོ་དང་ལམ་ལུགས་འཛུགས་སྐྲུན་བྱས།
རྒྱུ་ནོར་བེད་སྤྱོད་ལ་དམིགས་ནས་བཅོས་བསྒྱུར་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱས། སྔར་ཡོད་ཀྱི་ཐོན་སྐྱེད་བདག་དབང་ལམ་ལུགས་ཀྱི་བཅོས་བསྒྱུར་བྱ་བའི་རྨང་གཞིའི་སྟེང་དུ། འབྲེལ་ཡོད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ། ཐུན་མོང་གི་ཐོན་སྐྱེད་བདག་དབང་གི་དབང་ནུས་འཐུས་ཚང་དུ་བཏང་བ། ཧུར་ཐག་གིས་ཐུན་མོང་རྒྱུ་ནོར་བེད་སྤྱོད་བྱེད་པ་དང་མ་རྐང་བདག་དབང་གཏའ་འཇོག་དངུལ་བསྐྱི་སོགས་ཀྱི་ཐབས་ཤེས་འཚོལ་ཞིབ་བྱས་པ་བཅས་ཀྱིས། སྡེ་བ་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་ནུས་ཤུགས་ཡོད་རྒུ་བཏོན། སྦྲེལ་རྒྱ་ཡི་ཞིང་ལས་ཐོན་རྫས་སྡེ་བར་སྐྱོད་ཅིང་མཁར་གྲོང་དུ་སྐྱོད་པའི་བཟོ་འགོད་ལ་སྐུལ་སྤེལ་གཏིང་ཟབ་བྱས་ཏེ། དྲ་ཚོང་དང་ཚོང་ལས་ཟོང་སྐྱེལ་སོགས་རྣམ་པ་སྣ་ཚོགས་ཀྱི་གློག་རྡུལ་ཚོང་དོན་གཙོ་བོ་གྲོང་གསེབ་ཏུ་སླེབས་པར་བྱེད་པའི་བཀོད་སྒྲིག་ལ་སྣེ་ཁྲིད་བྱས་པ་དང་། ཞིང་ཕྱུགས་ཐོན་རྫས་འཚོང་དཀའ་བ་ཡི་གནད་དོན་སེལ་ནས། ཨང་ཀི་ཅན་གྱི་ཉོ་ཚོང་ཆུ་ཚད་མཐོར་འདེགས་སུ་བཏང་།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།