སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཀོས་ཀྲིག་གི་ལེའུ།
2022.08.24 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 16

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲིག་ལ་གཟིགས་ཞིབ་ཐེངས་གཉིས་གནང་སྟེ།  ཀོས་ཀྲིག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་ཡག་པོར་བསྐྱོད་པར་ཁྲིད་སྟོན་གནང་།

སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས།  ཀོས་ཀྲིག་མི་དམངས་ཀྱིས་དཔའ་ངར་ཆེན་པོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་དེ།  དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་དང་།  གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་འབྱོར་ཕྱུག་དང་སྐྱེ་ཁམས་བཟང་བའི་ཀོས་ཀྲིག་གི་མཛེས་སྡུག་ལྡན་པའི་མ་འོངས་པ་རྒྱུན་ཆད་མེད་པར་བཏོད་ཡོད།

དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

ཀོས་ཀྲིག་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་ཧྭ་མའོ་སྡེ་བའི་སྡེ་མི་ཝང་ཀྲི་ཆང་གི་ཞིང་པའི་སྤྲོ་སྐྱིད་ཁང་དུ་སྐྱོད་སྐབས་སྒོ་འགྲམ་གྱི་གྱང་ངོས་སུ་འཛུམ་མདངས་ཀྱིས་ཁེངས་བའི་སྡེ་མི་ཚོའི་པར་རིས་མང་པོ་སྦྱར་ཡོད་པ་མཐོང་ཐུབ།

སྔོན་ཆད་ཧྭ་མའོ་སྡེ་བ་ནི་མཐའ་འཁོབ་སྡེ་བ་ཞེས་འབོད་པའི་སྡེ་བ་དབུལ་པོ་ཞིག་རེད། 2015ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲིག་ལ་གཟིགས་ཞིབ་གནང་སྐབས། ཧྭ་མའོ་སྡེ་བའི་ཡུལ་མི་ཚོར་འཚོ་བ་སྐྱིད་པོ་ནི་འབད་འཐབ་ལས་བྱུང་བ་ཞིག་ཡིན་པས། དབུལ་ཕོངས་ལ་སྐྲག་དགོས་དོན་མེད། ཡིད་ཆེས་དང་ཆོད་སེམས་ཡོད་ན། ཁྱད་བསད་མི་ཐུབ་པའི་དཀའ་ངལ་ཅི་ཡང་མེད་ཅེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། ཉེ་བའི་ལོ་ཤས་རིང་ཧྭ་མའོ་སྡེ་བས་སྐྱེ་ཁམས་ཡུལ་སྐོར་དང་། ཞིང་ལས། རིག་གནས། ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་ཁྱིམ་ཚང་100ལྷག་ཏུ་འཕེལ་རྒྱས་བཏང་བས།   2019ལོའི་ལོ་མཇུག་ཏུ་ཧྭ་མའོ་སྡེ་བའི་མི་དབུལ་པོ་ཚང་མ་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་ཡོད།

ཀོས་ཀྲིག་གི་དབུལ་ཐར་ལས་དོན་དང་དེ་བཞིན་འཕེལ་རྒྱས་ཀྱི་གནད་དོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རྟག་ཏུ་ཐུགས་ཁྲལ་གནང་བཞིན་ཡོད། 2014ལོའི་ཟླ་3ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཀོས་ཀྲིག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དབུལ་སྐྱོར་གསར་སྤེལ་ལས་དོན་དམ་འཛིན་ལྷོད་མེད་དང་ཏན་ཏིག་གིས་བསྒྲུབས་ནས། ས་ཁུལ་དབུལ་པོའི་མང་ཚོགས་ལ་རྒྱུན་ཆད་མེད་པར་ཕན་པ་དངོས་ཐོབ་པར་བྱེད་དགོས་ཞེས་གསུངས་པ་རེད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་།  ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ།   ཞིང་སྡེའི་ཐོན་ལས་འཕེལ་རྒྱས་གཏོང་བ། མཐའ་སྲུང་འགན་ལེན་ལག་བསྟར་བྱེད་པ་སོགས། ཉེ་བའི་ལོ་ཤས་རིང་ཀོས་ཀྲིག་གི་མང་ཚོགས་ས་ཡ་གཅིག་འབུམ་དགུ་ཁྲི་གཉིས་རི་ཁུལ་ནས་སྤོས་པ་དང་། མི་ས་ཡ་བདུན་འབུམ་བཞི་ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ།  སྡེ་བར་གཞུང་ལམ་སྤྱི་ལེ་ཁྲི་བདུན་དང་སྟོང་བརྒྱད་ལྷག་བསྐྲུན་ཡོད།  2020ལོའི་ཟླ11པར། ཀོས་ཀྲིག་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་ཚང་མ་དང་མི་དབུལ་པོ་ཚང་མ་དབུལ་ཕོངས་ཐར་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

2021ལོའི་ཟླ2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་ཀོས་ཀྲིག་ལ་གཟིགས་ཞིབ་གནང་སྐབས།   མེའོ་རིགས་གྲོང་ཚོ་ཧྭ་ཝུའུ་སྡེ་བར་ཕེབས་ཏེ་འབྱོར་འབྲིང་མངོན་འགྱུར་བྱ་རྒྱུ་ནི་མཇུག་སྒྲིལ་བ་ཞིག་མིན་པར། འགོ་འཛུགས་ས་གསར་པ་ཞིག་ཡིན་ཞེས་གསུངས་པར་མ་ཟད།  དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། གཏན་འཁེལ་བྱས་བའི་དམིགས་འབེན་ལྟར་ཏན་ཏན་ཏིག་ཏིག་ངང་སྒྲུབ་དགོས་པའི་ཐུགས་རེ་བཏོན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་མེའོ་རིགས་ཀྱི་འཚེམ་དྲུབ་འཕེལ་རྒྱས་ཡག་པོ་གཏོང་དགོས་པའི་ལྕག་སྐུལ་གནང་བས།   འཚེམ་དྲུབ་འཕེལ་རྒྱས་གཏོང་བའི་ངའི་ཆོད་སེམས་ཇེ་བརྟན་དུ་ཕྱིན་སོང་ཞེས་ཧྭ་ཝུའུ་སྡེ་བའི་སྡེ་མི་ཕིན་དབྱིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་དེར་མེའོ་རིགས་ཀྱི་ཁྱད་ལྡན་འཚེམ་དྲུབ་ལ་གཟིགས་ཞིབ་གནང་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད། མོས་བཤད་རྒྱུར།  ངས་མེའོ་རིགས་ཀྱི་འཚེམ་དྲུབ་ཀུང་སི་ཞིག་བཙུགས་ནས་སྡེ་མི་30ལྷག་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པར་བྱས་ཡོད་ཟེར།

2021ལོར་ཧྭ་ཝུའུ་སྡེ་བས་ཞིང་སྡེའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། མང་ཚོགས་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་ཐོན་ལས་འཕེལ་རྒྱས་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ནས་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་ཡོད།  2021ལོའི་ལོ་མཇུག་ཏུ་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་དགུ་སུམ་བརྒྱར་བསླེབས།

མ་འོངས་པར་ཀོས་ཀྲིག་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས། དབུལ་སྐྱོར་ཐོན་ལས་སྟོབས་ཆེར་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དང་འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཀོས་ཀྲིག་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་པས་དེ་ལྟར་བཤད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཁྱོན་ཡོངས་སྟངས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་སྲུང་སྐྱོབ་ཡག་པོ་བྱེད་དགོས།

2015ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲིག་ལ་གཟིགས་ཞིབ་གནང་སྐབས། ཀོས་ཀྲིག་གིས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་སྲུང་སྐྱོབ་བྱས་ནས་རྗེས་ཐོན་ལེགས་ཆ་སྐྱེད་སྲིང་དང་རྗེས་ཐོན་སྙེག་བརྒལ་ལ་སྐུལ་འདེད་བཏང་སྟེ། ཤར་རྒྱུད་དང་མི་འདྲ་བ་དང་ནུབ་རྒྱུད་ཀྱི་ཞིང་ཆེན་གཞན་དག་དང་མི་འདྲ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བསྐྲུན་དགོས་པའི་ཐུགས་རེ་བཏོན་པ་རེད།

ཝུའུ་ཅང་གཙང་པོའི་སྐྱེ་ཁམས་སྲུང་སྐྱོབ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་བརྩམས།  སེམས་ཐག་གཙང་བཅད་ཀྱིས་ཝུའུ་ཅང་གཙང་པོའི་འགྲམ་རྒྱུད་ཀྱི་ལིན་རྫས་འགྱུར་བཟོ་ལས་ཀྱི་སྦགས་བཙོག་བཅོས་སྒྲིག་དང་། འཚོ་བའི་སྦགས་བཙོག་གི་འབྱུང་ཁུངས་དོ་དམ་ཚོད་འཛིན། ཕྱོགས་ཡོངས་ནས་ཉ་འཛིན་རྒྱུ་གཏན་འགོག་བཅས་བྱས་ཡོད། 2021ལོར་ཝུའུ་ཅང་གཙང་པོའི་གཞུང་ཆུའི་ཆུ་སྤུས་རིགས་གཉིས་པའི་ཚད་གཞིར་སླེབས་པ་དང་འབབ་རྒྱུད་ཀྱི་ཆུ་སྤུས་སྤྱིའི་ཆ་ནས་བཟང་བ་རེད།

ཉེ་བའི་ལོ་ཤས་རིང་ཀོས་ཀྲིག་གིས་ཆུ་དང་། སོལ་རླངས། ས་བཅས་ཀྱི་བཅོས་སྒྲིག་ལ་ཐབས་མང་མཉམ་སྤྱོད་རབ་དང་རིམ་པ་བྱས་པས། ཞིང་ཆེན་ཡོངས་ཀྱི་ས་ངོས་ཀྱི་ཆུ་སྤུས་སྤྱིའི་ཆ་ནས་བཟང་ཞིང་། ཆུ་རྒྱུན་གཙོ་བོའི་ལྟ་ཞིབ་ཚད་ལེན་གྱི་ཆུ་སྤུས་ལེགས་པའི་བསྡུར་ཚད97.1%ཟིན་པ་དང་། ལྟེ་བའི་གྲོང་ཁྱེར9ཡི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཆ་སྙོམས་ཀྱིས98.4%ཟིན་ཡོད།

2021ལོའི་ཟླ2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲིག་ལ་གཟིགས་ཞིབ་གནང་སྐབས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་ཡག་པོ་སྲུང་དགོས་ཞེས་ཡང་བསྐྱར་ནན་བཤད་གནང་བར་མ་ཟད།   གསར་སྐྲུན་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་ཞིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་དམིགས་ཏེ་གཞི་གྲངས་ཆེན་པོ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།

གཟིགས་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་ཀྲུང་གོའི་ལྷ་མིག་བཟོ་སྐྲུན་ལ་གཟིགས་ཞིབ་གནང་བ་དང་། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ནན་རིན་ཏུང་སོགས་ཕུལ་བྱུང་ཚན་རིག་མཁས་ཅན་མིག་དཔེར་བཟུང་ནས།  ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་ངང་བསྐྲུན་པ་དང་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་སྟོབས་ཡོང་བར་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།

ཚན་རྩལ་གསར་སྐྲུན་བྱ་རྒྱུ་དེ་ཀོས་ཀྲིག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་རྒྱུ་རྐྱེན་ཞིག་ཏུ་འགྱུར་བཞིན་ཡོད་ལ། གཞི་གྲངས་ཆེན་པོའི་ལག་རྩལ་དང5Gཡི་ལག་རྩལ་སོགས་མཚོན་བྱེད་དུ་གྱུར་བའི་མདུན་གྲལ་གསར་སྐྲུན་ལག་རྩལ་གྱིས་ཀོས་ཀྲིག་ལ་འགྱུར་ལྡོག་གཏོང་བཞིན་ཡོད།

ཀོས་ཀྲིག་ཞིང་ཆེན་གཞི་གྲངས་ཆེན་པོའི་འཕེལ་རྒྱས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལོའུ་སུང་གིས་བཤད་རྒྱུར། ཀོས་ཀྲིག་གིས་གོམ་རིམ་རྗེས་མར་གཞི་གྲངས་ལྟེ་གནས་དང་། རིག་ནུས་མཐའ་སྣེ།   གཞི་གྲངས་བཀོལ་སྤྱོད་བཅས་སྒོར་ཁྲག་ཁྲིག་རིམ་པའི་གཙོ་ཁྲིད་ཐོན་ལས་ཁྱུ་ཚོགས་གསུམ་བསྐྲུན་པ་དང་རྒྱལ་ཡོངས་ཀྱི་གཞི་གྲངས་ཆེན་པོའི་གློག་རྡུལ་ཆ་འཕྲིན་ཐོན་ལས་གཅིག་སྡུད་ཁུལ་བསྐྲུན་ནས། རྒྱལ་ཡོངས་ཀྱི་གཞི་གྲངས་མཉམ་འདྲེས་གསར་སྐྲུན་དཔེ་སྟོན་མཐོ་ས་དང་།  གཞི་གྲངས་རྩིས་རྒྱག་ཞབས་ཞུའི་མཐོ་ས།  གཞི་གྲངས་བཅོས་སྐྱོང་མཐོ་ས་བཅས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོར་བསྐྱོད་དགོས།

2015ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲིག་ལ་གཟིགས་ཞིབ་གནང་སྐབས། ཙུན་དབྱིའི་གྲོས་ཚོགས་འཚོགས་གནས་དང་ཙུན་དབྱིའི་གྲོས་ཚོགས་བཤམས་སྟོན་ཁང་ལ་གཟིགས་སྐོར་གནང་ནས།  ང་ཚོས་ཙུན་དབྱིའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཉམས་མྱོང་བེད་སྤྱོད་ཡག་པོ་བྱས་ཏེ། ཙུན་དབྱིའི་གྲོས་ཚོགས་ཀྱི་དགོངས་དོན་གྱི་འོད་སྟོང་ནམ་ཡང་འཕྲོ་བར་བྱེད་དགོས་ཞེས་གསུངས་པ་རེད།

2021ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོས་ཀྲིག་ལ་གཟིགས་ཞིབ་གནང་སྐབས།  རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཙུན་དབྱིའི་གྲོས་ཚོགས་ཀྱི་དགོངས་དོན་ལས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འོས་འགན་གཏིང་ཟབ་སྒོས་ཚོར་བར་བྱས་ནས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོར་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།

གཞི་རིམ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་འབྱོར་ལྡན། གཞི་རིམ་བདེ་ཚེ་གནམ་འོག་ཀུན་ནས་བདེ། ཀོས་དབྱང་གྲོང་ཁྱེར་ཀོན་ཧྲན་མཚེའུ་ཁུལ་ཅིན་ཡོན་སྡེ་ཁུལ་སྒོ་འགྲམ་གྱི་ཕ་བོང་ཆེན་པོ་ཞིག་གི་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2021ལོའི་ཟླ2པར་གནས་དེར་གཟིགས་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་བརྐོས་ཡོད།

སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་རྩ་འཛུགས་དང་དམངས་ཕན་ཞབས་ཞུའི་ལྟེ་གནས་ཡག་པོ་སྐྲུན་དགོས་ཞེས་གསུངས་ཡོད།   ཅིན་ཡོན་སྡེ་ཁུལ་གྱི་ཏང་ ཀྲི་པུའུ་ཧྲུའུ་ཅི་ཡོན་ཆིན་གྱིས་བཤད་རྒྱུར།  ཉེ་ལམ་སྡེ་ཁུལ་དུ་ལས་དོན་གྲོས་བསྡུར་ཁང་དང་། རྒན་གསོའི་ཞབས་ཞུའི་ས་ཚིགས། རྒན་པའི་སློབ་གྲྭ་སོགས་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་དེ་བྱེ་བྲག་གི་རྣམ་གྲངས་ཁྲོད་དོན་འཁྱོལ་ཞིབ་ཚགས་བྱས་ཡོད་ཟེར།

གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་ཆེད། ཀོས་ཀྲིག་ཞིང་ཆེན་གྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ལྟེ་གནས་གཅིག་དང་། དྲ་མིག་གཅིག  ཁྱིམ་སྦྲེལ་བཅུའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་ཡོད།  དེའི་ཁྲོད་ལྟེ་གནས་གཅིག་ནི་རྫོང་དང་། ཡུལ་ཚོ།  སྡེ་བ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་ཟེར་བ་དང་།  དྲ་མིག་གཅིག་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དྲ་མིག་ལ་ཟེར་ཞིང་།  ཁྱིམ་སྦྲེལ་བཅུ་ནི་བལྟོས་བཅས་ཀྱིས་གཅིག་སྡུད་བྱས་པའི་སྡེ་བའི་ཁྱིམ་ཚང་བཅུ་ལ་གཞིགས་ནས་མཉམ་འགོག་མཉམ་བཅོས་ཀྱི་ཞབས་ཞུའི་ཚན་པར་ཟེར་བ་རེད།

ཤ་ཚལ་སྒོང་གསུམ་དང་།   ཟ་འབྲུ།   ཤིང་འབྲས་བཅས་ནི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་ཐད་ཀར་འབྲེལ་བ་ཡོད། ཀོས་དབྱང་གྲོང་ཁྱེར་ཀོན་ཧྲན་མཚེའུ་ཁུལ་གྱི་  དམངས་ཕན་སྒོ་རྩིས་ཁང་དབྱང་ཀོན་ཚོང་ཁང་གི་སྒོ་ཁར་ཡོད་པའི་སྒོར་གཅིག་གི་སྔོ་ཚལ་ཆེད་ཚོང་བྱེད་སའི་ཚོད་དཀར་དང་། ལ་ཕུག་སོགས་རྒྱུན་པར་རིན་གོང་དམའ་མོས་བཙོང་བཞིན་ཡོད། 2021ལོའི་ཟླ་2པར་ཚོང་ཁང་དེར་གཟིགས་ཞིབ་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཕན་སྒོ་རྩིས་ཚོང་ཁང་གིས་ཁེ་སྤོགས་ཆུང་བའི་གཉེར་སྐྱོང་རྒྱུན་འཁྱོངས་བྱས་ནས། ཞིང་པ་དང་གྲོང་ཁྱེར་སྡོད་དམངས་ལ་ཕན་པ་སྐྲུན་པའི་གཉེར་སྐྱོང་བྱེད་ཐབས་དེར་གདེང་འཇོག་གང་ལེགས་གནང་བ་རེད།

ཀོས་ཀྲིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་ཆུ་བེད་དང་ཁོར་ཡུག་སྲུང་སྐྱོབ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ ཚང་དུ་བཏང་ཞིང་། སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆད་དངུལ་ཁ་གསབ་བྱས་ནས། འཕེལ་རྒྱས་གཏོང་བའི་ཁྲོད་མཛེས་སྡུག་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།