གངས་རིའི་འདབས་ཀྱི་རྣམ་པ་གསར་བ།
2022.08.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་ནི་ཨ་མྱེས་རྨ་ཆེན་གངས་རིའི་འདབས་རོལ་ཏུ་ཆགས་ཤིང་། གནས་དེའི་མཚོ་འཕང་ལ་རྨིད་སུམ་སྟོང་དྲུག་བརྒྱ་ལྷག་ཙམ་ཡོད། རི་མཐོ་ལུང་ཟབ་ཀྱི་ཡུལ་དེ་རུ་ཏང་གི་སྣེ་ཁྲིད་འོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡངས་ཤིང་རྒྱ་ཆེ་བའི་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་འདུག

རྨ་ཆེན་རྫོང་གངས་རི་ཡུལ་ཚོ་རུ་གསར་འབྲོག་ལས་ཆེད་ལས་མཉམ་ལས་ཁང་ནི་གཡུ་ཁོག་སྡེ་བར་ཡོད་པ་དང་།  དེ་ནི་ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་འཕེལ་རྒྱས་ལ་སྐུལ་མ་བཏང་བའི་གྲུབ་འབྲས་ཀྱི་དཔེ་མཚོན་རང་བཞིན་ཞིག་རེད།

མཉམ་ལས་ཁང་དེ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་ལྔ་བར་བཙུགས་པ་དང་། མཉམ་ལས་ཁང་དེ་ཡིས་འོ་མ་དང་ཞོ། ཤ་སྐམ་སོགས་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱེད་པའི་བྱ་བ་གཙོ་བོར་གཉེར་བཞིན་ཡོད།

ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་མཉམ་ལས་ཁང་གིས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མི་རིགས་རིག་གནས་སྔོག་འདོན་དང་བེད་སྤྱོད་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་སྟེ།   ཁྱད་ལྡན་སྤུས་རྟགས་བཏོད་ནས་འབྲེལ་ཡོད་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་གསར་བཟོ་བྱེད་པ་གཙོ་གནད་དུ་བཟུང་སྟེ། གཡུ་ཁོག་སྡེ་བའི་ཁྱིམ་ཚང་རེ་གཅིག་གི་མི་གྲངས་ཉིས་བརྒྱ་དང་བཅུ་གཅིག་གི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས།

གསར་འགོད་པ་མཉམ་ལས་ཁང་དེའི་ཐོན་སྐྱེད་ཁང་དུ་ཐོན་དུས། ཞྭ་མོ་དང་སྐེ་དཀྲིས། རྐང་འབོབ། དངུལ་ཁུག་སོགས་ནོར་ཁུལ་གྱིས་བཟོས་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྫས་རིགས་སྣ་ཚོགས་ཀྱིས་མིག་དབང་འཕྲོག་པར་བྱེད་ཅིང་།  ཚོང་རྫས་དེ་རིགས་ལག་ཏུ་བླངས་པའི་ཚེ་ན་ནོར་ཁུལ་གྱི་འཇམ་ཚོར་བདེ་ལྷང་ངེ་བ་ཞིག་དབང་མེད་དུ་སྟེར་བར་བྱེད།

ཉིས་སྟོང་ཉི་ཤུ་ལོར་སླེབས་སྐབས། གངས་རི་ཡུལ་ཚོའི་ཏང་ཨུ་ཡི་རྒྱབ་སྐྱོར་འོག་དང་འབྲེལ་གཏུག་ལས་ཁུངས་ཏེ་རྨ་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡི་མཚམས་སྦྱོར་འོག ང་ཚོས་ཧྲང་ཧེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྐྲུན་བྱས་པའི་སྒོར་མོ་འབུམ་གཉིས་ཀྱི་ནོར་ཁུལ་འཐག་བཟོའི་སྒྲིག་ཆས་བརྩོན་ལེན་བྱས་ཏེ། ཧྲང་ཧེ་གྲོང་ཁྱེར་གྱི་ཞིག་ཅ་ཉོ་འཚོང་ཚད་ཡོད་ཀུང་ཟི་བར་ནོར་ཁུལ་ཕྱིར་ཚོང་གི་གྲོས་མཐུན་བཞག་སྟེ། འབྲི་གཡག་གི་ཁུ་ལུ་སྤྱི་རྒྱ་སྟོང་ལྔ་བཙོངས་པ་དང་།  དེའི་སྐོར་གྱི་ཐོན་རྫས་རིགས་ཧྲང་ཧེ་དང་མགོ་ལོག་གི་ཁྲོམ་རར་བཀྲམ་པར་ལོ་དེའི་ཡོང་འབབ་ཁོ་ནས་སྒོར་མོ་འབུམ་བཞི་དང་ཁྲི་བརྒྱད་ཟིན་སོང་ཞེས་མཉམ་ལས་ཁང་གི་འགན་ཁུར་བ་སྒྲོལ་མ་སྐྱིད་ཀྱིས་ངོ་སྤྲོད་བྱས།

མཉམ་ལས་ཁང་དེ་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་བསྐྱེད་པའི་གོ་རིམ་ཁྲོད་དུ་ཁུལ་དང་རྫོང་། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་རིག་གནས་ཡུལ་སྐོར།  བུད་མེད་མཉམ་འབྲེལ་ལྷན་ཚོགས།  འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།  ཞིང་ཕྱུགས་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཡོད།  ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་བརྟེན་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བཅོ་བརྒྱད་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་སོང་ཞེས་སྒྲོལ་མ་སྐྱིད་ཀྱིས་བཤད།

མཉམ་ལས་ཁང་གི་སྒོ་འགྲམ་དུ་ཆོས་སྐྱོང་དང་ཁོའི་ལས་རོགས་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཕྱོགས་སོ་སོ་ནས་བསྡུས་ཡོང་བའི་ནོར་ཁུལ་དེ་དག་སོ་སོར་བཀར་བཞིན་འདུག སྔོན་ཆད་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཡིན་པའི་ཆོས་སྐྱོང་གི་ན་ནིང་ལོའི་ཟླ་ཕོགས་ཀྱི་སྟེང་དུ་ལོ་མཇུག་གི་ཡོང་སྒོའི་བགོ་བཤའ་ཁ་སྣོན་བྱས་ཚེ་སྒོར་མོ་ཁྲི་གཅིག་རེད།

ཡུན་རིང་འཕེལ་རྒྱས་ཡོང་བའི་ཆེད་དུ་མཉམ་ལས་ཁང་གིས་ཉིས་སྟོང་བཅུ་དྲུག་ལོར་ཏང་ཀྲི་པུའུ་བཙུགས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཉམ་ལས་ཁང་ནང་ཁུལ་གྱི་ལམ་ལུགས་འཛུགས་སྐྲུན་སྐོར་རྒྱུན་ཆད་མེད་པར་འཐུས་སྒོ་ཇེ་ཚང་དུ་བཏང་བ་དང་། དོ་དམ་དང་བྱ་དགའ་སྤྲོད་པ་དང་ཆད་པ་གཅོད་པའི་ལམ་ལུགས་སྣ་ཚོགས་བཙུགས་པ་དང་འཐུས་ཚང་དུ་བཏང་བས། མཉམ་ལས་ཁང་དེའི་འཁོར་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་སོང་བ་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་སྒྲོལ་མ་སྐྱིད་ཀྱིས་ཏང་འཛུགས་སྐྲུན་བྱ་བར་ཧ་ཅང་མཐོང་ཆེན་བྱས་པས་རེད།

ཉེ་བའི་ལོ་ཤས་རིང་། རྨ་ཆེན་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡི་སྣེ་ཁྲིད་འོག མཉམ་ལས་ཁང་དེས་པེ་ཅིན་གྱི་རིག་གནས་རྒྱུད་སྤེལ་ཚད་ཡོད་ཀུང་ཟི་ཞིག་དང་མགོ་ལོག་རྨ་ཆེན་གངས་རིའི་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟི། དེ་མིན་གངས་རི་ཡུལ་ཚོའི་གཡུ་ཁོག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་མཉམ་ལས་གྲོས་མཐུན་བཞག་ནས་སྔར་ལས་འཕེལ་རྒྱས་དང་རྒྱ་ཆེར་བཏང་ཡོད།

ཉིས་སྟོང་ཉེར་གཉིས་ལོར་གངས་རི་ཡུལ་ཚོས་མང་ཚོགས་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ནས་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ཏེ།  ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་རྒྱུ་དེ་གཞི་རིམ་གྱི་གནད་དོན་བཅོས་སྐྱོང་བྱེད་པའི་ཀུན་ནུས་ལྡེ་མིག་ལྟ་བུ་ཞིག་ཏུ་འགྱུར་བར་བྱས་པས། སྡེ་བ་སོ་སོའི་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་རྩོལ་ནུས་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་སྟེ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་བཙན་རྫོང་ལྟ་བུ་ཞིག་ཏུ་གྱུར་ཡོད།

སྡེ་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གོ་གནས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས།  སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་གཏོང་རྒྱུ་རྨང་གཞིར་བཟུང་སྟེ། ཧུར་བརྩོན་ཆེན་པོས་གོང་རིམ་སྡེ་ཁག་དང་འབྲེལ་བ་བྱས་པ་དང་ཕྱོགས་མང་པོའི་ཐད་ནས་རྟོག་དཔྱོད་དང་ཞིབ་འཇུག་བྱས་པ་བརྒྱུད།  རྒྱུད་བཟང་འབྲི་གཡག་ཁག་ཅིག་བདམས་ནས་ཉོས་ཏེ་སྡེ་བ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་པ་དེས་སྡེ་བའི་ཕྱུགས་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཕྱིན་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་རའི་རྣམ་པ་གཉིས་ཟུང་འབྲེལ་བྱེད་པའི་ཐོན་སྐྱེད་བྱེད་སྟངས་དེས་གཡུ་ཁོག་སྡེ་བར་ཕན་འབྲས་ཐོན་པར་སྐུལ་འདེད་བྱས་ཡོད་ཅེས་གངས་རི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལིག་ཁྲིན་ཚེ་ཡིས་དེ་ལྟར་བཤད།

ལིག་ཁྲིན་ཚེ་ཡི་སྣེ་ཁྲིད་འོག  ང་ཚོ་རུ་གསར་བུད་མེད་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་གི་གཞུང་ལས་ཁང་དུ་ཐོན་དུས།  དེ་རུ་གཡུ་ཁོག་སྡེ་བའི་བུད་མེད་ཚོས་དངོས་སུ་བཟོས་པའི་འཚེམ་དྲུབ་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་མང་པོ་ཞིག་བསྒྲིགས་ཡོད་པ་མཐོང་།

ཉིས་སྟོང་བཅུ་གཅིག་ལོར་གཡུ་ཁོག་སྡེ་བའི་ཏང་ཡོན་དཀོན་མཆོག་སྒྲོལ་མ་དང་བུད་མེད་བདུན་གྱིས་གྲོས་བསྡུར་བྱས་པ་བརྒྱུད་རང་འགུལ་ངང་རུ་གསར་བུད་མེད་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་ཞེས་པ་དེ་བཙུགས་པ་དང་།  དཀོན་མཆོག་སྒྲོལ་མས་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་གི་ཚན་གཙོའི་འགན་འཁུར་ཡོད། དུས་དེ་ནས་བཟུང་ཁོམ་པ་ཡོད་ཚེ་དཀོན་མཆོག་སྒྲོལ་མ་སོགས་རུ་གསར་སྡེ་བའི་བུད་མེད་དེ་དག་རི་མགོར་སོང་ནས་གད་སྙིགས་འཐུ་བཞིན་ཡོད་པ་དང་།  ཁོ་ཚོས་ད་དུང་རང་རང་གི་ཉེ་འཁོར་གྱི་མི་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་ཀྱི་ཡོད་པ་རེད། ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་གི་སྐུལ་ཁྲིད་འོག མི་སྔར་ལས་མང་པོ་ཞིག་སྔ་གཞུག་ཏུ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་དེའི་ཁྲོད་དུ་ཞུགས་པ་དང་།  ད་ལྟ་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་དེའི་མི་གྲངས་བཞི་བཅུ་ཞེ་གཅིག་ཏུ་འཕར་ཡོད་པ་རེད།

རུ་གསར་བུད་མེད་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་གིས་དུས་ངེས་མེད་དུ་ཚང་མ་རྩ་འཛུགས་བྱས་ནས་ཉེ་འཁོར་དུ་གད་སྙིགས་འཐུ་རུ་འགྲོ་བཞིན་ཡོད་པར་མ་ཟད།  ད་དུང་ཟླ་རེའི་ཚེས་བཅོ་ལྔ་དང་ཚེས་སུམ་ཅུ་ཉིན་ནི་བུད་མེད་ཚན་ཆུང་དེས་ཁོར་ཡུག་སྲུང་སྐྱོབ་ཉིན་མོར་གཏན་འཁེལ་བྱས་ཡོད་པ་རེད། ཉིན་མོ་དེ་དག་ལ་ཁོ་ཚོས་གད་སྙིགས་གཙང་སེལ་བྱེད་པ་ལས་གཞན་ད་དུང་རང་རང་གི་ཉེ་འགྲམ་ན་ཡོད་པའི་མི་རྣམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བྱེད་བཞིན་ཡོད་པ་དང་། ད་དུང་སྡེ་མི་རྣམས་དང་ཡུལ་སྐོར་བ་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་ཀྱང་བྱེད་བཞིན་ཡོད་པ་རེད།

གངས་རི་ཡུལ་ཚོས་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་དང་ཏང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱས་པས།  གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་གསར་སྐྲུན་ནུས་པ། གོང་བུར་འགྲིལ་ཤུགས་བཅས་སྔར་ལས་ཆེ་རུ་ཕྱིན་པ་དང་། རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་རང་ནུས་འདོན་སྤེལ་གང་ལེགས་དང་གནད་འགག་གི་དུས་སུ་ལངས་ཐུབ་པའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ནས།  དམངས་ཀྱི་དཀའ་ཁག་སེལ་བའི་ཁྲོད་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར། བདེ་འཇགས་ཀྱི་ཚོར་སེམས་བཅས་མཐོ་རུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ཅེས་ལིག་ཁྲིན་ཚེ་ཡིས་གསར་འགོད་པར་བཤད།

                                                                                  ཡིག་སྒྱུར་བ། གཡང་འབུམ་རྒྱལ།