ཏང་ཡོན་གྱིས་གདོང་ལེན་དཔེ་སྟོན་གྱི་ནུས་པ་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས།
2022.08.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

ན་གོར་མོ་ཧོན་ཡུས་གླ་གཏོང་རླངས་འཁོར་ཀུང་སིའི་ཏང་ཀྲི་པུའུ་ཡིས་བཙུགས་པའི“རིམས་འགོག་དང་བླངས་པའི་ཞབས་ཞུའི་རུ་ཁག”གི་ཁོངས་མི་རེད།

བསྟུད་མར་ཉིན་འགའི་རིང་ལ། རྙོག་འཛིང་ལྡན་ལ་ཛ་དྲག་ཆེ་བའི་རིམས་ནད་གནས་ཚུལ་གྱི་མདུན་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི“གསར་པ་གཉིས”ཀྱི་རྩ་འཛུགས་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་སྔོན་ལ་སྐྱོད་པ་དང་། ལག་གདང་སྦྲེལ་ནས་ཏང་འཛུགས་བསྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། འཕྲལ་སྒྲུབ་བཀོད་སྒྲིག་དང་དམ་འཛིན་ནན་མོ་བྱེད་པ། གཙོ་གནད་ས་ཁུལ་ལ་ཚོད་འཛིན་ནན་མོ་བྱེད་པ། ཞབས་ཞུ་འགན་ལེན་ཞིབ་ཚགས་བཅས་བྱས་ནས། ཏང་དར་ཚྭ་འདམ་གཞོང་སའི་མྱ་ངམ་ཐང་གི་རིམས་འགོག་ལས་ཡུལ་དང་པོར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

རིམས་འགོག་ལས་ཡུལ་དང་པོ་རུ་ཏང་དར་གྱིས་སྲ་ཞིང་བརྟན་པའི་བཙན་རྫོང་ཞིག་བསྐྲུན།

རིམས་ནད་བྱུང་རྗེས། མཚོ་ནུབ་ཁུལ་གྱི“གསར་པ་གཉིས”ཀྱི་རྩ་འཛུགས་ཏང་རྩ་འཛུགས་ཀྱིས་བརྡ་ཐོ་དང་གྲོས་འདོན་ཡི་གེ སྐུལ་སློང་བཀའ་རྒྱ་སོགས་ཀྱི་བྱེད་ཐབས་སྤྱད་ནས། བྱ་བའི་སྟོབས་ཤུགས་སྡེ་ཁུལ་དུ་གཅིག་འདོམས་བྱས་ཏེ། ཏང་ཡོན་གྱི་གདོང་ལེན་ལས་གནས་དང་། ཏང་ཡོན་གྱི་འགན་འཁྲིའི་ས་ཁུལ། ཏང་ཡོན་གྱི་དང་བླངས་ཞབས་ཞུ་རུ་ཁག་སོགས་བཙུགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཇི་ལྟར་སྤེལ་ན་ལས་ཡུལ་དང་པོའི་བྱ་བའི་སྟོབས་ཤུགས་དེ་ལྟར་གནས་ཡོངས་སུ་ཁྱབ་པར་བྱས།

ན་གོར་མོ་གྲོང་ཁྱེར་གྱི“གསར་པ་གཉིས”ཀྱི་རྩ་འཛུགས་ཏང་རྩ་འཛུགས་ཀྱི་ཏང་ཡོན་126དང་། ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་སུམ་ཅུ། གཏེར་ལེན་ཁ་གྲོང་ཁྱེར་གྱི“གསར་པ་གཉིས”ཀྱི་རྩ་འཛུགས་ཏང་རྩ་འཛུགས་བཅོ་བརྒྱད་དང་ཏང་ཡོན300ལྷག་ཙམ་མྱུར་དུ་རིམས་འགོག་གཙོ་གནད་ས་ཁོངས་སུ་བསྐྱོད་པ་རེད། མཚོ་ནུབ་ཁུལ་ལན་ཐེན་འཕྲལ་སྒྲུབ་རོགས་སྐྱོབ་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཡིས་དང་བླངས་པ་ཉེར་དྲུག་རིམས་འགོག་ལས་ཡུལ་དང་པོར་མངགས་ནས་རས་གུར་ཕུབ་པ་དང་། བཤེར་རིས་བརྟག་ནས་ཐོ་འགོད་བྱེད་པ། སྒྲིག་ལམ་སྲུང་སྐྱོབ། དངོས་ཟོག་དབོར་འདྲེན་སོགས་ཀྱི་བྱ་བར་གཞོགས་འདེགས་བྱས།

གཏེར་ལེན་ཁ་ཁྲང་ཅང་སྨན་ཁང་གི་ཏང་ཀྲི་པུའུ་ཡིས་ངལ་གསོ་བྱས་ཡོད་པའི་ལས་བཟོ་བ་མྱུར་དུ་ཕྱིར་ལས་རྐང་དུ་ཡོང་དགོས་པའི་བཀའ་ཕབ་པ་མ་ཟད། སྨན་ཁང་ཡོངས་ཀྱིས་མྱུར་དུ“གྲ་སྒྲིག”བྱས་པ་དང་། མི་བཞི་བཅུ་ཡིས་གྲུབ་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་རུ་ཁག་གྲོང་ཁྱེར་ཡོངས་ཀྱི་ཉིང་སྐྱུར་སྔོག་འདོན་ས་ཚིགས20རུ་མངག  ན་ གོར་མོ་གྲོང་ཁྱེར་ཅན་ཆའོ་སྨན་ཁང་གི་ཏང་ཀྲི་པུའུ་ཡིས་དུས་ཐོག་ཏུ་སྨན་བཅོས་མི་སྣ་50སྐོང་འཐེན་བྱས་ནས། ན་གོར་མོ་གྲོང་ཁྱེར་མཁར་ནུབ་སམཁུལ་གྱི་སྡོད་ཁུལ་སོ་སོ་དང་། ཁུ་ནུ་ཟོག་སྐྱེལ་གླིང་སོགས་ཉིང་སྐྱུར་བརྟག་དཔྱད་བྱ་ཡུལ་དུ་བསྐྱོད་དེ་རེ་བ་ལྟར་ཉིང་སྐྱུར་བརྟག་དཔྱད་ཀྱི་བྱ་བ་སྤེལ་བ་དང་། ཚོད་ལྟ་ཁང་གི་ལས་སྒོའི་རྐང་འཛིན་པ་གསུམ་སྐོང་འཐེན་བྱས་ནས། ན་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་ཉིང་སྐྱུར་བརྟག་དཔྱད་བྱ་བར་རོགས་སྐྱོར་བྱེད་དུ་མངག

རིམས་འགོག་ལས་ཡུལ་དང་པོ་རུ་འབད་འཐབ་བྱས་ནས་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས།

“ཚང་མས་སྔ་མོ་ནས་བདེ་ཐང་བཤེར་རིས་བརྟག་ཏེ་བར་ཐག་སྨི་གཉིས་རྒྱུན་འཁྱོངས་བྱ་དགོས།” མཚོ་སྔོན་མིན་དབྱང་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སིའི་ཉིང་སྐྱུར་བརྟག་དཔྱད་ཡུལ་དངོས་སུ། ཀུང་སིའི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཚོས་སྟོད་གོས་དམར་པོ་གྱོན་པ་དང་ཏང་རྟགས་བྲང་ཁར་བཏགས་ནས། ཉིང་སྐྱུར་བརྟག་དཔྱད་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོབ་ཡག་པོ་བྱ་ཆེད། ཕྲེང་ལྟར་བསྒྲིག་པའི་མི་ཚོགས་ཁྲོད་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་རྣམ་པ་དེ་ཆེས་མཛེས་པའི“སྐོར་སྐྱོད་དར་ཆ”ཞིག་ཏུ་གྱུར་ཡོད།

རིམས་འགོག་ལས་ཡུལ་དང་པོ་རུ། དེ་ལྟ་བུའི་གདོང་ལེན་པ་ཧ་ཅང་མང་པོ་ཡོད། ན་གོར་མོ་སྤྱི་པའི་འགྲུལ་སྐྱེལ་འགྲིམ་འགྲུལ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་དང་། ཏང་ཡོན་ཚོས་རང་འགུལ་ངང་རེ་ཞུ་བྱས་ཏེ། “རུ་སྣེ་ཁྲིད་མཁན”གྱི་འགན་འཁུར་ནས་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུགས་དང་། གླ་གཏོང་རླངས་འཁོར་སྡོད་ས། རླངས་འཁོར་སྒུག་སའི་ཚོམས་ཆེན་སོགས་གཙོ་གནད་ས་ཁོངས་སུ་ལས་རེས་བྱེད་པ་དང་། ཚ་བ་ཇི་འདྲ་ཆེ་རུང་གཡུལ་ས་བརྟན་སྲུང་བྱས་ཏེ་སོ་སྲུང་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ལྟ་སྐུལ་མཛུབ་སྟོན་གྱི་བྱ་བ་གཟབ་ནན་སྒོས་སྒྲུབ་པ་དང་། སྔ་རྗེས་སུ་གླ་གཏོང་རླངས་འཁོར825དང་སྤྱི་སྤྱོད་རླངས་འཁོར65ཡི་ཨང་རྟགས་བཤེར་ནས་རླངས་འཁོར་ནང་སྡོད་པ་དང་། དངོས་མིང་བཀོལ་ནས་སྒོར་མོ་སྟེར་བ་སོགས་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཚད་ལྡན་དུ་བཏང་བ་རེད།

ན་གོར་མོ་ཧོན་ཡུས་གླ་གཏོང་རླངས་འཁོར་ཀུང་སིའི་ཏང་ཀྲི་པུའུ་ཡིས་སྔ་རྗེས་སུ་དང་བླངས་པ50དང་། གླ་གཏོང་རླངས་འཁོར50མངག་ནས“རིམས་ནད་འགོག་བཅོས་ཀྱི་དང་བླངས་པའི་ཞབས་ཞུ་རུ་ཁག”བཙུགས་ཏེ། ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེའི་བར་བརྒྱུད་དང་། སྨན་བཅོས་ལས་དོན་མི་སྣ་སྐྱེལ་བསུ་སོགས་ཀྱི་བྱ་བའི་འགན་འཁུར་གྱིན་ཡོད། “རིམས་ནད་མ་ཡལ་ཚེ་ང་ཚོས་ཕྱིར་བཤོལ་གཏན་ནས་མི་བྱེད།” སྨན་བཅོས་ཟོག་རོ་བདེ་འཇགས་དང་དུས་ཐོག་ཏུ་ཐག་གཅོད་ཐུབ་པའི་འགན་ལེན་བྱ་ཆེད། ན་གོར་མོ་བདེ་སྲུང་ཞབས་ཞུ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡིས་དང་བླངས་ཞབས་ཞུ་རུ་ཁག་བཙུགས་པ་དང་། ཉེན་ཡོད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་རུ་ཁག་གི་ཆེད་ལས་ཁྱད་སྟོབས་བེད་སྤྱད་དེ། ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱི་སྨན་བཅོས་ཟོག་རོ་བདེ་འཇགས་ངང་དབོར་འདྲེན་བྱེད་པའི་ལས་འགན་འཁུར་གྱིན་ཡོད།

རིམས་ནད་སྔོན་འགོག་གི་ལས་ཡུལ་དང་པོར་ཞབས་ཞུ་སྒྲུབ་པ་ལས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཤུགས་མངོན།

རིམས་ནད་བྱུང་རྗེས། མཚོ་ནུབ་ཁུལ་གྱི“གསར་པ་གཉིས”ཀྱི་རྩ་འཛུགས་ཏང་རྩ་འཛུགས་ཀྱིས་ཕན་ཚུན་རོགས་རེས་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། སྨན་བཅོས་རྒྱབ་སྐྱོར་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། དང་བླངས་ཞབས་ཞུ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་མ་དངུལ་དང་དངོས་ཟོག མི་ཤུགས་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱས་པ་རེད།

རིམས་འགོག་གི་ལས་ཡུལ་དང་པོར་རྒྱབ་སྐྱོར་བྱ་ཆེད། མཚོ་སྔོན་ཧྭ་ཧོས་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡིས་མེ་འཁོར་འབབ་ཚུགས་ཀྱི་སྲང་ལམ་དང་། གྲོང་ཁུལ་གསར་པའི་སྡོད་ཁུལ་ལ་ཐེངས་གཅིག་རང་བཞིན་གྱི་འགོག་སྲུང་གྱོན་ཆས་ཆ་ཚང15དང་། གཅིག་སྤྱོད་ལག་ཤུབ་ཤོག་ཐུམ་གཅིག གཏེར་ཆུ་བསྡམ་བུ6བཅས་ཞལ་འདེབས་སུ་ཕུལ་བ་དང་། མཚོ་སྔོན་ཚྭ་ཁ་མཁའ་དབྱིངས་རྟགས་ཅན་གྱི་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡིས་ཝུའུ་ལན་རྫོང་ལ་གཏེར་ཆུ་དམ་བུ་ཁྲི2ཞལ་འདེབས་བརྒྱབ་སྟེ། རིམས་ནད་སྔོན་འགོག་གི་ལས་ཡུལ་དང་པོའི་ལས་བྱེད་མི་སྣར་བསིལ་འཇམ་ཞིག་བསྐྱལ་པ་དང་། ཏུའུ་ལན་གསོལ་མགྲོན་ཁང་གིས་རིམས་འགོག་གི་ལས་ཡུལ་དང་པོར་འབད་འཐབ་བྱེད་མཁན་གྱི་ལས་དོན་མི་སྣར་ཟ་མ་ཚ་མོ་ཞིག་ཟ་རུ་འཇུག་ཆེད། ཉིན་རེར་རིན་མེད་ཀྱི“གཅེས་སེམས་ཟས་རིགས”སྐལ1000ལྷག་ཉིང་སྐྱུར་བརྟག་དཔྱད་ཡུལ་དངོས་སུ་བསྐྱལ་བཞིན་ཡོད། གཏེར་ལེན་ཁ་གྲོང་ཁྱེར་གྱི་མའེ་ཐོན་མྱུར་སྐྱེལ་གྱིས“འབྲེལ་གཏུག་མེད་པའི་རྣམ་པའི”སྡེབ་སྐྱེལ་ཞབས་ཞུའི་ལས་དོན་སྤེལ་ནས། ཁུ་སིམ་མེར་འཇགས་རྣམ་དོ་དམ་སྐབས་སུ་སྡོད་དམངས་ལ་བཟའ་བཏུང་གི་དགོས་མཁོ་འགན་ལེན་ནུས་ལྡན་བྱས།

ཉེན་ཁར་ཐུག་དུས་འགན་འཁྲི་འཁུར་སེམས་མངོན། དྲག་ཆར་རླུང་ལས་ཐོག་མའི་བསམ་འདུན་མཚོན། གློ་བུར་དུ་བྱུང་པའི་རིམས་ནད་ཀྱི་མདུན་དུ། ཁུལ་ཡོངས་ཀྱི“གསར་པ་གཉིས”ཀྱི་རྩ་འཛུགས་ཏང་རྩ་འཛུགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་དར་ཆ་དེ་རིམས་ནད་ཀྱི་ཡུལ་དངོས་སུ་བཙུགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོའི་ཁྲོད་མངོན་གསལ་དོད་པོས་འདེགས་སྐྱོར་ཤུགས་ཆེན་བྱས་ཏེ། ཏང་ཡོན་གྱིས་གདོང་ལེན་དཔེ་སྟོན་གྱི་ནུས་པ་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་བྱས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།