ཟི་ལིང་གྲོང་ཁྱེར་གྱི་གཞིས་ཁུལ་སྐོར་ཞིག་གི་རིམས་ནད་གནས་བབ་ཅུང་ཛ་དྲག་ཏུ་གྱུར་བ་དང་བསྟུན་ནས། གཞིས་ཁུལ་སོ་སོའི་ལས་བྱེད་མི་སྣ་དང་མི་དམངས་ཉེན་རྟོག་པ། དང་བླངས་པ། ཁྱིམ་དུ་སྡོད་པའི་མང་ཚོགས་བཅས་ཀྱིས་བློ་སེམས་གཅིག་གིས་མཐུན་སྒྲིལ་བྱས་ཏེ། རིམས་འགོག་གི་ལས་གནས་མི་འདྲ་བ་སོ་སོ་ནས་ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་བྱ་བ་བརྟན་སྲུང་བྱས། པེན་ཧི་ལམ་གཞིས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཅོན་གྱིས་ཉིན་གཅིག་ལའང་ཁ་པར་ཐེངས་ཉིས་བརྒྱ་ཙམ་གཏོང་ལེན་བྱེད་ཀྱི་ཡོད།
ཟླ་དགུ་བའི་ཚེས་གཅིག་ཉིན་གྱི་ཞོགས་པར། ནམ་ད་དུང་ལངས་མི་འདུག ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཡུན་མ་སྲང་ལམ་དོན་གཅོད་ཁང་པེན་ཧི་ལམ་གཞིས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཅོན་ཏག་ཏག་གཞིས་ཁུལ་གྱི་གཞུང་ལས་ཁང་གི་སྒྲོག་ཙེ་ལ་བསྙེས་ནས་དུས་ཚོད་གཉིས་ཙམ་ལ་གཉིད་ཅུང་ཟད་ལོག་རུང་རེད། ཡིན་ཡང་ཁ་པར་ལས་དྲིལ་སྒྲ་གྲགས་མ་ཐག་མོས་ངོ་གདོང་སྟབས་བདེ་ཞིག་བཀྲུས་རྗེས་ཡང་བསྐྱར་ཉིན་གཅིག་གི་བྱ་བའི་མགོ་བརྩམས་སོང་། ཐེངས་འདིར་རིམས་ནད་བྱུང་བ་ནས་བཟུང་ཧོང་ཅོན་ཉིན་རྒྱུན་དུ་གཞུང་ལས་ཁང་དུ་བསྡད་ཡོད་པ་རེད།
ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་ཡི་སྟེང་། ཧོང་ཅོན་ལ་གོང་རིམ་ནས་གཞིས་ཁུལ་གྱི་ལས་བྱེད་མི་སྣ་གཞན་པ་དག་དང་མཉམ་དུ་ལས་ཁུངས་སུ་ཐོན་དགོས་པའི་བརྡ་འབྱོར། དེ་ནས་བཟུང་སྟེ་ཁོ་མོ་ནི་བྱ་བའི་བཀོད་འདོམ་མཁན་ཡིན་ཞིང་ཁོ་མོའི་སྣེ་ཁྲིད་ཀྱི་འོག་ཏུ་གཞིས་ཁུལ་གྱི་རིམས་འགོག་བྱ་བ་དེ་རྒྱུན་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། དུས་རྒྱུན་ཡུལ་དངོས་སུ་ཁོ་མོ་ནི་རིམས་འགོག་འཐབ་རྩོད་མཁན་ཞིག་ཡིན་པས་གནས་ཚུལ་སྣ་ཚོགས་ལ་རྒྱུས་ལོན་བྱེད་དགོས་པ་ལས་ད་དུང་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་དགོས། ཡང་ལན་རེར་མོ་ནི་འདུམ་སྒྲིག་མཁན་ཞིག་ཀྱང་ཡིན་ཏེ། སྡོད་དམངས་རྣམས་ཀྱི་འཚོ་བའི་དཀའ་ཁག་སྣ་ཚོགས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
ཧོང་ཅོན་གྱིས་གསར་འགོད་པ་བཤད་རྒྱུར། རིམས་ནད་སྔོན་འགོག་བྱ་བར་ཞུགས་པ་ནས་བཟུང་། ཕལ་ཆེར་ངལ་གསོ་ཞིག་གཏན་ནས་བྱེད་མ་མྱོང་ཟེར། ཁོ་མོས་རང་གི་ཁ་པར་དུ་བལྟ་དུས་ཉིན་གཅིག་ལ་ཁ་པར་ཐེངས་ཉིས་བརྒྱ་ཙམ་ཞིག་གཏོང་ལེན་བྱས་ཡོད་པ་དང་། དེ་དག་ཚང་མ་ནི་རིམས་ནད་སྔོན་འགོག་བྱ་བ་བཀོད་སྒྲིག་དང་སྡོད་དམངས་རྣམས་ཀྱི་བློ་འདྲི་ཁ་པར་རེད། སྡོད་དམངས་ཚོས་བློ་འདྲི་ཁ་པར་རྒྱག་ཐེངས་རེ་ལ་ཧོང་ཅོན་གྱིས་རེ་རེ་བཞིན་སེམས་ཞིབ་མོས་འགྲེལ་བཤད་རྒྱག་གི་ཡོད་པ་རེད། ཧོང་ཅོན་གྱིས་བཤད་རྒྱུར། ང་ནི་གཞིས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡིན། ངའི་འགན་འཁྲི་ནི་སྡོད་དམངས་རྣམས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ་སྡོད་དམངས་རྣམས་སེམས་བདེ་མོའི་ངང་ཁྱིམ་ནས་འདུག་ཏུ་འཇུག་པ་དང་། དཀའ་ཚེགས་ཀྱི་ཁྲོད་དུ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུ་དེ་ཡིན་ཟེར།
གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཆབ་སྲིད་ལས་དོན་ལྟ་སྐུལ་ཁང་གི་མི་དམངས་ཉེན་རྟོག་པ་སུང་ཁྲོན་ལ་ཁ་པར་གྱི་ལམ་ནས་འབྲེལ་གཏུག་བྱེད་དུས། ཁ་པར་གྱི་ནང་དུ་བྱ་བའི་ཡུལ་དངོས་ཀྱི་སྒྲ་གསལ་བོར་ཐོས་ཐུབ། ཁང་རྩེགས་ཀྱི་བར་ཁྱམས་སོགས་སྤྱི་པའི་ས་ཁུལ་དུ་དུག་སེལ་བྱེད་རྒྱུ་དང་ཉིང་སྐྱུར་བཤེར་འཇལ་གྱི་ཡུལ་དངོས་སྒྲིག་ལམ་རྒྱུན་སྲུང་བྱེད་པ། སྡོད་དམངས་རྣམས་ཀྱི་གད་སྙིགས་བསྡུ་ལེན་བྱེད་པ། དེ་མིན་ཕྱོགས་ཡོངས་ལ་དུག་སེལ་བྱེད་པ་བཅས་བྱ་བ་རིགས་བཞི་ཙམ་ལས་མེད་ཀྱང་། སྡེ་ཚན་གསུམ་གྱི་ཁང་རྩེགས་བདུན་པའི་བར་དུ་ཐོག་རྩེགས་རེ་རེ་བཞིན་དུག་སེལ་བྱེད་བཞིན་ཡོད་ཅེས་སུང་ཁྲོན་གྱིས་གསར་འགོད་པར་བཤད།
སུང་ཁྲོན་གྱིས་བཤད་རྒྱུར། ཐོག་རྩེགས་བདུན་པའི་ཁྱིམ་དུ་དངོས་བོ་སྐྱེལ་བར་ཐེངས་བཅུ་ལྷག་ལ་ཡར་འགོ་མར་འབབ་བྱེད་དགོས་ཀྱི་ཡོད་པ་དང་། འགོ་ཐེངས་རྗེས་མ་དེར་དུག་སེལ་སྣོད་ཀྱང་ཁུར་ནས་འགྲོ་དགོས་ཏེ་སྡེ་ཚན་ཧྲིལ་བོའི་ཁང་རྩེགས་རེ་རེར་དུག་སེལ་བྱེད་དགོས་ཟེར།
སྲིད་གཞུང་གིས་བྱིན་པའི་དངོས་རྫས་རེ་རེ་དེ་ལྟར་ཁྱིམ་ཚང་རེ་རེའི་སྒོ་མདུན་དུ་སྐྱེལ་དགོས་པ་ལས་གཞན་ད་དུང་སུང་ཁྲོན་དང་ཁོའི་ལས་གྲོགས་གསུམ་གྱིས་སྡོད་དམངས་རྣམས་ཀྱི་དགོས་མཁོ་ལྟར་དུ་སྡེ་ཁུལ་གྱི་ཕྱི་རོལ་ཏུ་ལས་འགན་སྒྲུབ་བཞིན་པའི་ལས་བྱེད་མི་སྣར་འབྲེལ་བ་བྱས་ཏེ། དུས་ཐོག་ཏུ་སྨན་རྫས་དང་འོ་མ། འོ་ཕྱེ། སྒོ་ང་སོགས་སྡོད་དམངས་རྣམས་ཀྱི་ཁྱིམ་དུ་བསྐྱལ་དགོས་པ་རེད།
སུང་ཁྲོན་གྱིས་བཤད་རྒྱུར། ཉིན་འདི་ཚོར་ཁོ་དང་ཁོའི་ལས་གྲོགས་ཚོའི་བྱ་བར་སྡོད་དམངས་རྣམས་ཀྱི་ཡིད་ཆེས་དང་ཁས་ལེན་ཐོབ་ཡོད། དེ་བས་མུ་མཐུད་དུ་སྡོད་དམངས་རྣམས་ལ་རོགས་རམ་བྱས་ཏེ་ཚང་མ་དང་མཉམ་དུ་རིམས་ནད་ཀྱི་དཀའ་ཁག་ལས་རྒྱལ་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
ཧུའུ་ཐེ་སྡོད་ཁུལ་གྱི་དང་བླངས་པ་ཡེ་ཞའོ་ཉིན་ལ་མཚོན་ན་ཉིན་གཅིག་ལ་ཆ་སྙོམས་ཀྱིས་གོམ་པ་ཁྲི་གཅིག་དང་སྟོང་ལྔ་ཙམ་ལ་འགྲོ་བཞིན་ཡོད། ཞོགས་པའི་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་དུ། ལོ་ན་ང་བདུན་ལ་སོན་པའི་དང་བླངས་པ་ཡེ་ཞའོ་ཉིན་མལ་ལས་ལངས་ཤིང་། གྱོན་པ་དང་འགོག་སྲུང་ལྭ་བ་ལེགས་པོར་གྱོན་རྗེས་མཁར་ནུབ་ཁུལ་ཧུའུ་ཐེ་སྡོད་ཁུལ་གྱི་ཐང་ཆེན་དུ་ཡོང་ནས་ཧུའུ་ཐེ་གཞིས་ཁུལ་གྱི་ལས་བྱེད་མི་སྣ་རྣམས་དང་མཉམ་དུ་སྦྲ་གུར་ཕུབ་རོགས་དང་སྒྲོག་ཙེ་སྒྲིག་པ་སོགས་བྱས་ནས་ཉིན་རེ་རེའི་ཉིང་སྐྱུར་བཤེར་འཇལ་བྱེད་པའི་གྲ་སྒྲིག་བྱ་བར་རོགས་རམ་བྱེད་བཞིན་ཡོད།
ཡེ་ཞའོ་ཉིན་གྱིས་ཉི་མ་རེ་རེར་སྡོད་དམངས་རྣམས་ཀྱི་གཞི་རྩའི་ཆ་འཕྲིན་གྱི་རེའུ་མིག་ལག་ཏུ་བཟུང་ཞིང་། ཁ་ཐུམ་ལེགས་པོར་རྒྱག་པ་དང་མི་རེའི་བར་ལ་རྨིད་གཉིས་ཀྱི་བར་ཐག་ཞོག ཉིང་སྐྱུར་བཤེར་འཇལ་བྱས་ཚར་རྗེས་མྱུར་དུ་ཁྱིམ་ལ་སོང་ཞེས་ཡང་ཡང་སྒྲོག་གིན་འདུག ཡེ་ཞའོ་ཉིན་གྱིས་ཉིང་སྐྱུར་བཤེར་འཇལ་བྱ་པའི་སྡོད་དམངས་ཀྱི་གྲངས་ཀ་སྡོམ་རྩིས་བྱས་རྗེས། གལ་ཏེ་ཉིང་སྐྱུར་བཤེར་འཇལ་བྱས་པའི་གྲངས་ཀ་དེ་གཞི་རྩའི་ཆ་འཕྲིན་སྟེང་གི་གྲངས་ཀ་ལས་ཉུང་ཚེ། ཡེ་ཞའོ་ཉིན་དང་ཁོའི་ལས་གྲོགས་དང་བླངས་པ་ཚོ་མྱུར་དུ་ཁང་རྩེགས་རེ་རེའི་ཁྱིམ་ཚང་གཅིག་གཅིག་གི་སྒོ་ཁར་སོང་སྟེ་སྡོད་དམངས་རྣམས་ལ་མྱུར་དུ་ཉིང་སྐྱུར་བཤེར་འཇལ་བྱེད་པར་སྐུལ་སློང་བྱེད་བཞིན་ཡོད།
ང་རང་དང་བླངས་པའི་རུ་གཙོ་ཞིག་ཏུ་བདམས་པ་ནས་བཟུང་ངའི་འགན་འཁྲི་ཧ་ཅང་ལྗིད། དུས་རྒྱུན་དུ་སྡོད་ཁུལ་གྱི་མི་རྣམས་ལ་དེ་འདྲའི་ཆ་རྒྱུས་མེད། ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ནས་སྡོད་ཁུལ་གྱི་སྡོད་དམངས་རྣམས་ཀྱི་ཆ་འཕྲིན་ཅུང་གསལ་བོར་ཤེས་པར་བྱས་ཚེ་ངས་ཁོ་ཚོ་ལ་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་ཐུབ། ཐེངས་འདིར་ཚང་མས་འབད་བརྩོན་བྱས་པ་བརྒྱུད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་ང་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་ཡེ་ཞའོ་ཉིན་དགོད་བཞིན་དུ་གསར་འགོད་པར་དེ་ལྟར་བཤད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།