འབྲི་ཆུ་སྡེ་བས་ཐོན་ལས་དར་སྤེལ་ལ་ཤུགས་བསྣན་ཏེ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།
2022.09.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

ཧྲུའུ་ཅི་སེང་གེ ཁྱེད་ཀྱིས་ལྟོས་དང་། ངེད་ཚང་གི་ད་ལོར་གསར་དུ་རྩེབས་པའི་བེའུ་དག་ཅི་འདྲའི་ལག་ཆགས་ཡོད་པ་ལ་ཨང་།

བཟོད་པ། ཁྱེད་ཚང་ནི་གསོ་སྤེལ་ཁྱིམ་ཚང་ཆེ་ཤོས་ཡིན་པས། སྣེ་ཁྲིད་ཀྱི་ནུས་པ་ལེགས་པོར་འདོན་དགོས། ཁྱོད་ཀྱི་ནོར་གནག་གསོ་སྤེལ་གྱི་མན་ངག་དེ་ཚང་མར་ཡང་ཅིག་འཁྲིད་རོགས་བྱོས།

ནངས་སྔ་མོ་ནས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབྲི་ཆུ་སྡེ་བའི་སྡེ་མི་བཟོད་པ་ཡིས་ཁོ་ཚང་གི་ནོར་རྣམས་དེད་ནས་སྡེ་བའི་ནང་ཡོང་སྟེ་ཧྲུའུ་ཅི་གཞོན་པ་སེང་གེ་ལ་གཏམ་བཟང་དེ་བཤད།

སེང་གེ་ནོར་ཁྱུའི་དཀྱིལ་དུ་སོང་ནས་བེའུ་ལ་ཞིབ་ཏུ་བལྟས་རྗེས། ཡང་བཟོད་པར་གཟན་རྩྭ་འདོན་སྤྲོད་ཐད་ཀྱི་གནད་དོན་ཁ་ཤས་དྲིས་བྱུང་། སེང་གེ་ཡིས་བེའུ་ལག་ཆགས་པ་བཟང་། འོན་ཀྱང་ཁྱོད་ཀྱིས་སྣང་མེད་ལྷོད་གཡེང་བྱེད་མི་རུང་། ལོ་མཇུག་ལ་ཐོན་ན་ཁྱོད་ཀྱིས་ད་དུང་གོང་ལ་ལས་འགན་སྤྲོད་དགོས་པ་མ་ཡིན་ནམ་ཟེར་བར། ཧྲུའུ་ཅིའི་སེམས་བདེ་མོ་བྱོས་དང་། འདང་རྒྱག་མེད་ཅེས་བཟོད་པ་ཡིས་ལག་པས་བྲང་ཁར་རྡེག་བཞིན་སྤོབས་གདེངས་དང་བཅས་ཁས་ལེན་བྱས།

མ་གཞིར། སེང་གེ་ཡིས་བཤད་པའི་ལས་འགན་ཟེར་བ་ནི་བཟོད་པ་དང་སྡེ་བའི་བར་ལ་བཞག་པའི་གན་རྒྱ་དེ་རེད། ཉིས་སྟོང་བཅུ་དགུ་ལོར་ཕྱུགས་ལས་ཅུའུ་ཡིས་འབྲི་ཆུ་སྡེ་བར་རྒྱུད་སྤེལ་འབྲི་མོ་ཉོ་བྱེད་དུ་སྒོར་མོ་འབུམ་དྲུག་དང་ཁྲི་གཅིག་གི་ཆེད་དམིགས་མ་དངུལ་གནང་བ་དང་། ཐོག་དང་པོར་སྡེ་བས་ཁྱོན་བསྡོམས་འབྲི་བརྒྱ་དང་ཉེར་གཉིས་ཉོས་པ་རེད། ཡིན་ཡང་རྩྭ་སར་ཚད་ཡོད་པའི་རྐྱེན་གྱིས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཇུག་མཐར་སྡེ་བའི་ནང་གི་གསོ་སྤེལ་ཁྱིམ་ཚང་དྲུག་ལ་ཚབ་གསོ་གན་རྒྱ་བཞག་སྟེ་ཉོས་ཡོང་བའི་འབྲི་མོ་ཚབ་གསོ་བྱེད་དུ་བཅུག་པ་དང་། གན་རྒྱ་བཞག་རྗེས་ཀྱི་གསོ་སྤེལ་ཁྱིམ་ཚང་དག་གིས་ལོ་རེར་སྡེ་བ་ཐུན་མོང་ལ་བེའུ་དྲུག་རེ་སྤྲོད་དགོས་ལ། སྡེ་བ་ཐུན་མོང་གིས་གཅིག་གྱུར་སྒོས་དེ་དག་བཙོང་རྗེས་སྡེ་བ་ཡོངས་སུ་ཁེ་སྤོགས་བགོ་བཤའ་རྒྱག་པ་ཡིན་ཞིང་། འཕྲོ་མའི་བེའུ་དག་ནི་གསོས་རིན་ལྟ་བུར་གསོ་སྤེལ་ཁྱིམ་ཚང་ལ་དབང་བར་བྱས་ཡོད།

ངེད་ཚང་གིས་གསོས་པའི་ནོར་ཅུང་མང་བས། སྡེ་བས་ང་བཙལ་ནས་གན་རྒྱ་བཞག་པ་རེད། ངས་ངེད་ཚང་དང་ཁྱིམ་ཚང་གཞན་པ་ལྔ་ཡིས་གན་རྒྱ་འཇོག་སྐབས་ཚང་མར་ཡིད་ཆེས་ཀྱིས་ཁེངས་ཏེ། གཏན་ནས་ཡིད་ཆད་དུ་མི་འཇུག་ཅེས་སྡེ་བར་ཁག་ཐེག་བྱེད་པའི་རྣམ་པ་ད་དུང་ཡང་དྲན་གྱིན་འདུག་ཅེས་བཟོད་པ་ཡིས་བློ་བདེ་བའི་ངང་ནས་རང་གི་ནོར་ཁྱུ་ལ་ལྟ་བཞིན་བཤད།

ཁུལ་ཡོངས་ཀྱི་ཕྱུགས་ལས་རྫོང་ཆེན་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་ལ། ཆུ་དམར་ལེབ་རྫོང་གིས་ད་བར་དུ་ཕྱུགས་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་གཅིག་ཏུ་གཞོལ་ཡོད་དེ། འབྲི་ཆུ་སྡེ་བས་འཕེལ་རྒྱས་ཀྱི་ལམ་བུ་འདི་ཉིད་ར་སྤྲོད་བྱེད་ཐུབ།

དེ་སྔ་ཉིས་སྟོང་བཅུ་གཉིས་ལོར། འབྲི་ཆུ་སྡེ་བས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་དང་། ལོ་དེར་གསར་འཛུགས་བྱེད་སྐབས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་བེའུ་ཉོ་བྱེད་ལ་ཁྱོན་བསྡོམས་སྤྱིའི་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་བཏང་བ་རེད། ལོ་འདི་དག་གི་རིང་ལ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་མཉམ་ལས་ཁང་གི་རྒྱ་ཆེའི་ཁོངས་མི་རྣམས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཏུ། མཉམ་ལས་ཁང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད་ལ། མིག་སྔར་ནོར་གནག་བརྒྱ་ལྷག་དང་ལུག་ལྔ་བརྒྱ་ལྷག་ཡོད་པ་དང་། ལོ་རེར་བསྡོམས་པས་ཁེ་སྤོགས་སྒོར་མོ་འབུམ་གཅིག་དང་ཁྲི་ལྔ་ལྷག་བགོ་རྒྱུ་ཡོད།

ལོ་རེའི་མཉམ་ལས་ཁང་གིས་བགོས་པའི་ཁེ་སྤོགས་དང་། དེའི་ཁར་རང་ཚང་གི་ནོར་ལུག་དང་ཚབ་གཉེར་གྱི་ནོར་གནག་བཙོང་བ་བསྣན་ན། གཞན་པའི་ཡོང་འབབ་བཤད་མ་དགོས་པར། ནོར་ལུག་གསོ་སྤེལ་ཁོ་ནར་ཡང་ཡོང་འབབ་མི་ཉུང་བ་ཞིག་ཡོད་ཅེས་བཟོད་པས་སྤྲོ་དགའི་ངང་ནོར་དང་ལུག་གི་ཚོང་གི་སྐོར་ནས་རྩིས་ཤིག་བརྒྱབ་བྱུང་།

ནོར་དང་ལུག་གི་ཚོང་ཡོད་པ་ལས་གཞན། འབྲི་ཆུ་སྡེ་བས་ད་དུང་མིག་རྒྱང་ཚོང་ལས་གཞན་གྱི་སྟེང་དུ་དམིགས་ཡོད། དར་སྤེལ་གྱི་ལམ་བུ་གཅིག་རྐྱང་ཁོ་ན་ཞིག་ཡིན་མི་སྲིད་པས། ང་ཚོས་ནུས་ཚོད་ཀྱིས་ཕྱུག་འགྱུར་འཕེལ་རྒྱས་ཀྱི་མ་དཔེ་སྣ་ཚོགས་ལ་ཚོད་ལྟ་བྱེད་དགོས་ཞེས་སེང་གེ་ཡིས་བཤད།

རྨ་ཆུའི་མགོ་ཁུངས་ཁ་ལོ་བའི་སློབ་གྲྭ་ནི་འབྲི་ཆུ་སྡེ་བའི་ཚོང་ཆེན་ཞིག་ཡིན། ཁ་ལོ་བའི་སློབ་གྲྭ་ནི་རྫོང་མཁར་གྱི་ལྷོ་ནུབ་ཏུ་གནས་ཡོད་དེ། ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པར། འབྲི་ཆུ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཁ་ལོ་བའི་སློབ་གྲྭའི་ཐོག་མའི་ཁེ་གཉེར་མཁན་གྱིས་གྲོས་མོལ་བྱས་པ་བརྒྱུད། ཁ་ལོ་བའི་སློབ་གྲྭའི་བདག་དབང་དེ་སྒོར་མོ་ས་ཡ་གསུམ་དང་འབུམ་བདུན་གྱི་རིན་གོང་ལྟར་འབྲི་ཆུ་སྡེ་བར་བསྐོར་བ་རེད། འོན་ཀྱང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་སྟེར་ཐེངས་གཅིག་གིས་རིན་ཆ་ཚང་སྤྲོད་པའི་ནུས་པ་མེད་སྟབས། མཇུག་མཐར་ཕྱོགས་གཉིས་ཀྱིས་གྲོས་ཆད་བཞག་སྟེ་ལོ་ལྔ་ཡི་རིང་ལ་དུས་བཅད་ཀྱིས་སྟེར་རྒྱུ་ཐག་གིས་བཅད་པ་དང་། འབྲི་ཆུ་སྡེ་བས་ལོ་རེར་སྒོར་མོ་འབུམ་བདུན་དང་ཁྲི་བཞི་ཡི་བུ་ལོན་འཇལ་དགོས་ལ། ཉིས་སྟོང་ཉེར་བཞི་ལོར་འཕྲོ་མའི་ཆད་དངུལ་ཁ་ཚང་བར་སྤྲད་ནས་ཚར་ཐུབ། ལོ་གཅིག་རིང་གི་འཛུགས་སྐྲུན་འཕེལ་རྒྱས་བརྒྱུད་ནས། ཉིས་སྟོང་ཉི་ཤུ་ལོར་ཁ་ལོ་བའི་སློབ་གྲྭ་འདིས་ལོ་གཅིག་གི་ཡོང་འབབ་སྒོར་མོ་ས་ཡ་གཅིག་མངོན་འགྱུར་བྱུང་ཞིང་། འཕྲོར་ལུས་ཀྱི་ཆད་དངུལ་ཁ་ཚང་བར་སྤྲད་རྗེས། འབྲི་ཆུ་སྡེ་བའི་ཁྱིམ་ཚང་ལྔ་བརྒྱ་དང་བཅུ་གསུམ་གྱི་སྡེ་མི་ཚང་མས་ལོ་མཇུག་གི་བགོ་བཤའ་བྱེད་པའི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་ཡོད།

ཁ་ལོ་བའི་སློབ་གྲྭས་སྔར་ལས་མང་བའི་ཁེ་སྤོགས་མང་པོ་མངོན་འགྱུར་བྱེད་ཆེད་དུ། ལོ་དུ་མའི་རིང་ལ་རྫོང་ཨུའི་རྩ་འཛུགས་པུའུ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཁ་ལོ་བའི་སློབ་གྲྭའི་ལས་བྱེད་མི་སྣ་དང་ལྷན་དུ། གནས་ཡུལ་འཛུགས་སྐྲུན་དང་སྒྲིག་ཆས་གསར་སྒྱུར། རླངས་འཁོར་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་སྒོ་ཇེ་ཚང་དུ་བཏང་། དུས་མཚུངས་སུ། ཁ་ལོ་བའི་སློབ་གྲྭས་ཁྲིད་སྦྱོང་མི་སྣ་རྩ་འཛུགས་བྱས་ཏེ་ཡུལ་དངོས་གསོ་སྦྱོང་བྱས་པ་དང་། ཁྲིད་སྦྱོང་མི་སྣ་ལས་སྒོའི་སློབ་ཁྲིད་ལ་ཞུགས་ཤིང་སློབ་སྦྱོང་བྱེད་དུ་བཅུག་ནས། བསམ་བློའི་ངོས་ཟིན་མཐོར་འདེགས་བྱས་ཤིང་། ཞབས་ཞུའི་འདུ་ཤེས་དང་ནུས་རྩལ་མཐོར་འདེགས་བྱེད་པ། རང་ངོས་ཀྱི་བྱང་ཚད་ཇེ་དྲག་ཏུ་གཏོང་བ། ནང་རྩལ་སྦྱོང་བརྡར་གྱིས་ཁྲོམ་རའི་སྲོག་ཤིང་གི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། དོན་ཆུང་རེ་རེ་ལེགས་སྒྲུབ་དང་དོན་བཟང་རེ་རེ་ནན་སྒྲུབ། དོན་དངོས་རེ་རེ་ནན་སྒྲུབ་ལེགས་སྒྲུབ་བཅས་བྱས་ནས། ཐབས་ཤེས་མང་པོ་མཉམ་བསྟར་གྱིས་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་ཡར་ནས་ཡར་ལ་སྤེལ།

ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་རྨང་གཞི་ཡིན་ཏེ། ཕྱོགས་སྣེ་གཅིག་ནི་རོང་འབྲོག་མང་ཚོགས་ཀྱི་སྒོར་ཁུག་དང་འབྲེལ་ནས་ཡོད་ལ། ཕྱོགས་སྣེ་ཅིག་ཤོས་ནི་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་ཀྱི་རྗེས་ཤུགས་དང་འབྲེལ་ནས་ཡོད། འབྲི་ཆུ་སྡེ་བས་གྲོང་གསེབ་དར་སྤེལ་གྱི་ལམ་བུའི་སྟེང་དུ་རང་ཉིད་ཀྱི་གོམ་སྟབས་དང་གོམ་འགྲོས་ཀྱིས་སྐྱོད་ཀྱིན་ཡོད་དེ། ནོར་དང་ལུག་གི་ཚོང་དང་ཁ་ལོ་བའི་སློབ་གྲྭ་ལས་གཞན། སྡེ་བའི་ཐུན་མོང་དཔལ་འབྱོར་ཁྲོད་དུ། ད་དུང་ལྕགས་རིགས་ལས་སྣོན་ཁྲོམ་ར་དང་འོད་ཧྥུ་གློག་ཚིགས་ཤིག་ཀྱང་ཡོད་ལ། དེ་དག་ཚང་མར་སྡེ་མི་རྣམས་ཀྱིས་མ་རྩ་བཏང་བ་དང་། མཇུག་མཐར་ཡོང་འབབ་མངོན་འགྱུར་བྱུང་བ་དེ་ཁེ་སྤོགས་བགོ་བའི་རྣམ་པས་ཁྱིམ་ཚང་རེ་རེའི་ལག་ཏུ་སྤྲོད་ཀྱིན་ཡོད།

གྲོང་གསེབ་དར་སྤེལ་གྱི་མགོ་རྩོམ་ས་དང་གཞི་འབབ་ས་ནི་ཞིང་པ་དུང་ཕྱུར་མང་པོ་འཚོ་བ་ཡག་པོར་རོལ་དུ་འཇུག་རྒྱུ་དེ་རེད། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་ཅིང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་བཞེངས་པའི་འཆར་འགོད་རི་མོ་བཞིན་དུ། བདེ་སྐྱིད་མཛེས་སྡུག་ལྡན་པའི་འབྱོར་ཕྱུག་དར་རྒྱས་ཀྱི་ལམ་བུ་ཞིག་ཏུ་འབད་པས་བསྐྱོད་རྒྱུ་ཡིན་ཞེས་སེང་གེ་ཡིས་བཤད།

                                                                                               རྩོམ་སྒྲིག་པ། གཡང་འབུམ་རྒྱལ།