གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གང་མྱུར་གྱིས་ལག་བསྟར་བྱེད་དགོས།
2022.09.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 13

གྲོང་གསེབ་དར་སྤེལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས “གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཐུན་མོང་འབྱོར་ཕྱུག་ལ་ཡར་སྐུལ་བྱས་ན་ཆེས་དཀའ་ཚེགས་ཆེ་ཞིང་ཆེས་ལྗིད་པའི་ལས་འགན་དེ་སྔར་བཞིན་རོང་འབྲོག་ཁུལ་ན་ཡོད།”ཅེས་བསྟན་པས། ང་ཚོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གཏིང་ཟབ་མོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནད་འཁེལ་ཇུས་བསྟར་བྱེད་པ་དང་ཁྱོན་ཡོངས་ནས་སྟོབས་ཤུགས་བཏོན་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་གང་མྱུར་གྱིས་སྐུལ་འདེད་བྱེད་དགོས།

ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་ནས་ཕྱིར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱེད་པའི་འགུལ་རྣམ་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ནང་རྐྱེན་དངོས་འབེབས་བྱེད་པ་དང་དབུལ་ཐར་ས་ཁུལ་གྱི་རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། འབྲུ་རིགས་བདེ་འཇགས་དང་ས་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་ནན་འགེལ་བྱས་ཏེ“ས་ཞིང་ཞིང་ལས་ཐད་མི་སྤྱོད་པ”དང“འབྲུ་རིགས་མི་འདེབས་པ”བློ་ཐག་རྦད་ཆོད་ཀྱིས་འགོག་དགོས། རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་བཟང་ཕྱོགས་སུ་འཕེལ་བའི་གེགས་རྐྱེན་ནུས་ཤུགས་ཡོད་རྒུས་བསལ་ནས། ས་བབ་དང་བསྟུན་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་དང་ཡུལ་སྐོར། ཁམས་གསོ་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཐུན་མོང་དཔལ་འབྱོར་རྒྱ་ཆེར་བཏང་སྟེ། ཆ་རྐྱེན་འཛོམས་པའི་རྫོང་ཁོངས་སུ་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་སུ་གཏོང་དགོས། རོང་འབྲོག་ཁུལ་གྱི་གཙོ་གནད་ཁྱབ་ཁོངས་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ཏེ་རོང་འབྲོག་ཁུལ་གྱི་རྩ་བའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། ས་ཞིང་དང་རྩྭ་ས། ཐུན་མོང་ཐོན་དབང་སོགས་ཀྱི་ལམ་ལུགས་གཏིང་ཟབ་མོས་བཅོས་བསྒྱུར་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་བྱེད་པ་དང་སྤྱི་པའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། སྲོལ་རྒྱུན་སྡེ་བ་དང་ཁང་པ། ལོ་རྒྱུས་རིག་གནས་ཀྱི་སྡེ་བ་དང་གྲོང་རྡལ་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། ཕུལ་བྱུང་གི་རང་སའི་རིག་གནས་འཕེལ་རྒྱས་སུ་གཏོང་ཞིང་རྒྱུན་འཛིན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན། གསར་སྐྲུན་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དྭངས་གཙང་བཅས་ཀྱིས་རང་ཞིང་གི་གྲོང་གསེབ་དར་སྤེལ་གྱི་གནད་འགག་དམ་འཛིན་དང་ཁ་ཕྱོགས་གཏན་འཁེལ་དང་ལམ་ཕྱོགས་ཁྲིད་སྟོན་བྱེད་དགོས། ང་ཚོས་གྲོང་གསེབ་དར་སྤེལ་འཐབ་ཇུས་དེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་འབྲེལ་བའི་སྤྱི་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ལས་འགན་དུ་བརྩིས་ཏེ། སྔར་ལས་ཆེ་བའི་ཆོད་སེམས་དང་སྔར་ལས་གསལ་བའི་དམིགས་འབེན། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་བཅས་ཀྱིས། ཞིང་ལས་ཀྱི་སྤུས་ཚད་མཐོན་པོ་དང་ཕན་འབྲས་མཐོན་པོ། གྲོང་གསེབ་ཀྱི་བདེ་སྡོད་ལས་བརྩོན་དང་། ཞིང་པ་འབྱོར་ལྡན་དུ་འགྱུར་བར་ཡར་སྐུལ་བྱས་ཏེ། དུས་རབས་གསར་པའི་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་ཧུར་བརྩོན་གྱིས་སྐུལ་འདེད་བྱེད་དགོས།

མི་རིགས་བསྐྱར་དར་འབྱུང་དགོས་ན་གྲོང་གསེབ་ངེས་པར་དུ་དར་སྤེལ་གཏོང་དགོས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་ནི“ཞིང་ལས་སྟོབས་ལྡན་དང་ཞིང་སྡེ་མཛེས་སྡུག ཞིང་པ་ཕྱུག་པོ”ཡོང་བར་མངོན་འགྱུར་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་བྱེད་པ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོན་རྟགས་རང་བཞིན་གྱི་བཟོ་འགོད་ཅིག་ཏུ་བརྩི་བ་དང་། བྱེད་ཐབས་གལ་ཆེན་མང་པོ་སྤྱད་དེ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེས་ཆེ་ཞིང་ཤུགས་ཚད་ཆེས་ཆེ་བ། ཕན་ཐོགས་ཚད་ཆེས་མཐོ་བའི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ཞིག་བརྒྱབ། 2020ལོར། ང་ཚོས་དབུལ་ཕོངས་བཙན་རྫོང་ལ་གཏིང་ཟབ་ཏུ་ཕར་རྒོལ་བྱས་ཏེ་ཆེས་མིད་དཀའ་བའི“རུས་པ་སྲ་མོ”དེ་མུར། ལོ་ངོ8ལ་བརྩོན་པ་བྱས་པ་བརྒྱུད། ང་ཚོས་དུས་རབས་གསར་པའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ལས་འགན་དུས་ལྟར་ཡོངས་འགྲུབ་བྱས་པ་དང་། ཆེས་དབུལ་ཕོངས་དང་ཡུལ་ཁོངས་རང་བཞིན་ཧྲིལ་པོ་དབུལ་ཕོངས་ཡིན་པ་མེད་པར་བཟོས་ཏེ། འཛམ་གླིང་སྐྱེ་འགྲོ་ཀུན་ཧ་ལས་པའི་རྒྱལ་ཁ་ཆེན་པོ་བླངས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་བླངས་པ་དེ་ཡིས་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་དགེ་མཚན་གང་ལེགས་ཀྱིས་མཚོན་ལ། ཏང་གིས་མགོ་ཁྲིད་པའི་མི་དམངས་དུང་ཕྱུར་མང་པོས་གསར་གཏོད་བྱས་པའི་འཇིག་རྟེན་གྱི་ངོ་མཚར་དེ་འཛམ་གླིང་ཡོངས་ལ་བསྟན། ང་ཚོས་ལོ་རྒྱུས་ཀྱི་ལྟ་བ་ཆེན་མོས་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ལ་དམིགས་པ་རྒྱུན་འཁྱོངས་བྱེད་དགོས། “ཞིང་གསུམ”གནད་དོན་ལ་གཏིང་ཟབ་ཏུ་རྒྱུས་ལོན་བྱས་ན། ད་གཟོད་རང་རེའི་ཏང་འདི་དང་རྒྱལ་ཁབ་འདི། མི་རིགས་འདི་ལ་སྔར་བས་རྒྱུས་ལོན་ལེགས་པོ་བྱེད་ཐུབ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན་ཆེས་ཚེགས་ཆེ་ཞིང་ཆེས་ལྗིད་ཆེ་བའི་ལས་འགན་ནི་སྔར་བཞིན་ཞིང་སྡེ་ན་ཡོད་པ་དང་། ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་རྨང་གཞི་ནི་སྔར་བཞིན་ཞིང་སྡེ་ཡིན་པ་སེམས་ལ་ངེས་དགོས། དུས་མཚུངས་སུ། “ཞིང་གསུམ”བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་མོད། འོན་ཀྱང་ཞིང་ལས་ཀྱི་རྨང་གཞི་ད་རུང་བརྟན་པོ་མིན་པ་དང་། གྲོང་གསེབ་དང་གྲོང་རྡལ་ཡུལ་ཁོངས་ཀྱི་འཕེལ་རྒྱས་དང་ཡོང་སྒོ་བགོ་བཤའ་ལ་ཧེ་བག་ཅུང་ཆེ་ལ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དོ་མཉམ་མིན་པ་དང་། ཞིང་སྡེ་འཕེལ་རྒྱས་འཛོམས་པོ་མིན་པ་བཅས་ཀྱིས་སྔར་བཞིན་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་གཅིག་བསྡུས་ཀྱིས་མཚོན་ཡོད།

དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གཙོ་བོ་ཡིན། ལས་ཞུགས་རྒྱ་བསྐྱེད་པ་དང་ཡོང་སྒོ་འཕར་བར་གཅིག་བསྡུས་ཀྱིས་ཡར་སྐུལ་བྱེད་དགོས། ལས་ཞུགས་དམིགས་བསལ་སྲིད་ཇུས་དངོས་འབེབས་བྱས་ཏེ། ལས་ཞུགས་ལས་སྐྲུན་གྱི་ཞབས་ཞུར་ཤུགས་བསྣན་ནས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བྱ་བ་ལེགས་པོར་བསྒྲུབ་དགོས། ལས་སྐྲུན་གྱིས་ལས་ཞུགས་ལ་སྣེ་ཁྲིད་ནས་སྟབས་བསྟུན་ལས་ཞུགས་སོགས་ཀྱི་རྣམ་པ་གསར་པའི་ལས་ཞུགས་སྲིད་ཇུས་རམ་འདེགས་ལ་ཤུགས་སྣོན་བྱེད་པ་དང་། སྤྱི་པའི་ལས་ཞུགས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ། རོང་འབྲོག་པར་གོ་རིམ་ལྡན་པའི་སྒོ་ནས་སྣེ་ཁྲིད་དེ་གྲོང་རྡལ་དུ་གནས་སྤར་བ་དང་། ཞིང་ལས་མ་ཡིན་པའི་ལས་ཞུགས་གྲངས་ཀ་རྒྱ་བསྐྱེད་པ། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བྱེད་པ་བཅས་ཀྱིས་ངལ་རྩོལ་པའི་བྱང་ཚད་དང་ལས་ཞུགས་སྤུས་ཀ་མཐོར་འདེགས་བྱེད་དགོས། ཞིང་ཕྱུགས་ལས་གསར་པའི་གཉེར་སྐྱོང་ལས་རིགས་གསོ་སྐྱོང་དང་ལས་རིགས་གསར་པའི་རོང་འབྲོག་པ་སྐྱེད་སྲིང་བྱེད་དགོས། རོང་འབྲོག་པའི་ཡོང་འཕར་ཐབས་ལམ་རྒྱ་བསྐྱེད་ནས་ཁྱད་ལྡན་ངལ་ལས་ཀྱི་ཟོང་རྟགས་གསོ་སྐྱོང་དང་མཐོར་འདེགས་བྱེད་པ། སྐྱེ་ཁམས་དོ་དམ་ལས་གནས་ཚད་ལྡན་གྱིས་བཀོད་སྒྲིག་དང་ལེགས་སྒྲིག་བྱས་ཏེ། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། སྐྱེ་ཁམས་ཅུང་ལེགས་པོ་དེ་གྲོང་གསེབ་དར་སྤེལ་གྱི་འདེགས་སྐྱོར་བྱེད་སར་འགྱུར་དུ་བཅུག་སྟེ། སྐྱེ་ཁམས་གཞིས་འཕྲོད་ཀྱི་བྱ་བ་ལེགས་པོར་བསྒྲུབས་ན་ངེས་པར་ཞིང་སྡེའི་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་སྲུང་བ། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། འཁོར་རྒྱུག་དཔལ་འབྱོར་ལེགས་པོར་འཛིན་པ། ཁོར་ཡུག་ལ་གཅེས་པའི་འདུ་ཤེས་དེ་འཚོ་བའི་ཁྲོད་ལ་འདྲེས་སུ་འཇུག་པ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ལོ་རྒྱུས་ཀྱིས་བསྐྱུར་བའི་གནད་དོན་ཐག་གཅོད་བྱེད་པ། ཆེས་རྨང་གཞིའི་དམངས་འཚོའི་དཀའ་གནད་དངོས་གནས་ཐག་གིས་གཅོད་པ། ལྗང་མདོག་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་སྲུང་གི་བཟང་ཆ་ཟུང་འབྲེལ་བྱེད་པ། ཞིང་ཁའི་མཛེས་ལྗོངས་ཀྱི་མཛེས་སྡུག་འཆར་གཞི་འགོད་པ་བཅས་ཀྱིས་སྐྱེ་ཁམས་གཞིས་འཕྲོད་ཀྱི་མཛེས་སྡུག་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས། དེར་བརྟེན། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་མཚམས་ཡིད་ལ་དམ་པོར་བཅངས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་བརྩོན་གྱིས་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་ཏང་གི་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་སྣེ་འདྲེན་བྱེད་པ། ལངས་གནས་མཐོན་པོས་འཆར་གཞི་འགོད་པ་དང་མགོ་ཚུགས་ས་མཐོན་པོས་བཀོད་སྒྲིག་བྱེད་པ། ཚད་གཞི་མཐོན་པོས་སྐུལ་འདེད་གཏོང་བ། ངར་སེམས་ཆེན་པོས་འབད་འབུངས་བྱེད་པ། སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པ། གསར་བཏོད་ཡར་བརྩོན་བྱེད་པ། རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་པ། དམིགས་ཡུལ་ལ་གདོང་གཏད་ནས་ལྷོད་གཡེང་མི་བྱེད་པ། ནན་ཏན་གྱིས་ཧུར་བརྩོན་བྱེད་པ་བཅས་ཀྱི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་པ་འབྲི་དགོས།

                                                                                  རྩོམ་སྒྲིག་པ། གཡང་འབུམ་རྒྱལ།