གྲུ་རྐྱང་སྡེ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ།
2022.09.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཟླ་དགུ་པའི་ཡུལ་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།

ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་གྲུ་རྐྱང་སྡེ་བར་བསྐྱོད་ཚེ། སྡེ་བའི་ཨར་ལམ་སྟེང་ཕར་འགྲོ་ཚུར་འོང་བྱེད་ཀྱིན་པའི་རླངས་འཁོར་མང་པོ་མཐོང་ཐུབ། ལམ་གྱི་གཞོགས་གཉིས་སུ་བཙུགས་པའི་ལམ་སྒྲོན་དང་། གྲལ་དག་པའི་ཐང་ཆེན། སྟར་ཕྲེང་བསྒྲིགས་པའི་སྡོད་ཁང་བཅས་ལས་རི་གཤམ་དུ་ཆགས་པའི་མཛེས་སྡུག་གི་སྡེ་བ་འདིའི་རྣམ་པ་གསར་པ་ཞིག་མངོན་འདུག ཁྲི་འདུ་རྫོང་གི་ཞིང་སྡེའི་ཏང་ཀྲི་པུའུ་ཡི་གྲོང་གསེབ་བྱ་བའི་ཟིན་བྲིས་རྩིས་ཐོ་དང་པོ་དེར་ལྟ་ཀློག་བྱེད་དུས། དེའི་སྟེང་གི་ཡི་གེ་དག་ནི་སྡེ་བ་དེ་མཚོ་སྔོན་ཞིང་ཆེན་གྱི་དཔལ་ཡོན་སྡེ་གྲོང་དུ་ཇི་ལྟར་གྱུར་བའི་དན་རྟགས་ཤིག་རེད། ལོ་མང་པོའི་སྔོན་གྱི“དབུལ་ཕོངས་སྡེ་བ”ནས་ས་གནས་ཀྱི“དཔེ་སྟོན་སྡེ་བ”རུ་གྱུར་པ་དང་། གྲུ་རྐྱང་སྡེ་བས་ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ། རྨང་གཞི་བརྟན་པོར་བཏང་བ་དང་ཐོན་ལས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་ཀྱི་དཀའ་སྡུག་བསལ་བ་བཅས་དང་། གྲོང་གསེབ་འཕེལ་རྒྱས་གཏོང་བའི་འབད་འཐབ་ཁྲོད་དུ། འབད་བརྩོན་གྱི་རྔུལ་ཆུ་དང་བློ་གྲོས་ཀྱིས་ཐོག་མའི་བསམ་འདུན་དང་འོས་འགན་ལག་ལེན་བྱས་ཏེ། སྔོན་ཆད་ཀྱི་དབུལ་ཕོངས་སྡེ་བ་དེ་མཛེས་ཤིང་ལྟ་ན་སྡུག་པའི་སྡེ་བ་ཞིག་ཏུ་བསྒྱུར་པ་རེད།

ཏང་གི་འཛུགས་སྐྲུན་གྱིས་རྣམ་པ་གསར་བསྒྱུར་དང་འཕེལ་རྒྱས་འཚོལ་སྙེག་ལ་སྣེ་ཁྲིད་པ།

ཞིང་སྡེ་ཕྱུག་པོ་ཡིན་མིན་གྱི་འགག་རྩ་ནི་ཀྲི་པུའུ་ལ་རག་ལས་པ་དང་། ཀྲི་པུའུ་སྟོབས་ལྡན་ཡིན་མིན་གྱི་འགག་རྩ་ནི་ཀྲི་པུའུ་ཧྲུའུ་ཅི་ལ་རག་ལས་ཡོད།

“སྔོན་ཆད་ཀྱི་ཁྲི་དབང་གྲོང་རྡལ་གྲུ་རྐྱང་སྡེ་བའི་ཐོན་ལས་གྲུབ་ཚུལ་ནི་རྣམ་པ་སྣ་རྐྱང་ཡིན་ལ་ཡོང་སྒོའི་ལམ་བུ་དོག་པ། དབུལ་ཕོངས་ཀྱི་གཞི་ཁྱོན་ཆེ་ལ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་མི་འདང་བ་ཞིག་ཡིན།”སྡེ་བའི་བགྲོད་ལམ་དེད་ནས་འགྲོ་ཞོར་དུ། “2021ལོའི་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་ཐོབ་པའི་གྲུ་རྐྱང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་ནོར་བུ་ཡིས་བཤད་པའི་ཉེ་བའི་ལོ་ཤས་རིང་གི་སྡེ་བའི་འགྱུར་ལྡོག་ལ་ཉན། ཐོན་ལས་སྣ་གཅིག་ཡིན་པ་དང་ཡོང་སྒོ་བཙལ་བའི་ཐབས་ལམ་མེད་པར་ཅི་བྱ་གཏོལ་མེད་དུ་གྱུར་བར་དམིགས་ཏེ། གྲུ་རྐྱང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཏང་གི་འཛུགས་སྐྲུན་གྱིས་གཅིག་གྱུར་སྣེ་ཁྲིད་རྒྱུན་འཁྱོངས་དང་སྡེ་བའི་གནས་བབ་ལ་བསྟུན་ནས། ད་གཟོད་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དཔེ་དབྱིབས་གསར་པ་འཚོལ་ཞིབ་བྱས་པར་མ་ཟད། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མཐོར་འདེགས་གཏོང་བར་སྙམ།

“སྔོན་ཆད་སྡེ་བའི་ལམ་ནི་ས་ལམ་ཡིན་པ་དང་ངོས་མི་སྙོམས་ལ། ཐ་ན་ཐང་ཆེན་ཞིག་ཀྱང་མེད་པས། བྱ་འགུལ་སྤེལ་འདོད་ཀྱང་སྤེལ་ས་མེད། ལོ་གཉིས་ཀྱི་སྔོན་དུ། སྡེ་བས་མ་དངུལ་སྒོར་འབུམ་བཞི་བཏང་ནས་འཛུགས་སྐྲུན་བྱས་པའི་འབའ་ཡུལ་རིག་གནས་ཐང་ཆེན་དུ་ལུས་ཕུང་སྦྱོང་བརྡར་བྱེད་པ་དང་ཡང་ན་སྡེ་བའི་བྱ་འགུལ་སྤེལ་བ། དེ་ལས་གཞན་ད་དུང་སྡེ་མིའི་གཉེན་སྟོན་བྱེད་པ་སོགས་གང་ཡིན་ཡང་ཐང་ཆེན་དེར་སྤེལ་བ་རེད། སྐབས་རེར་སྡེ་བའི་ནང་དུ་སུ་ཚང་གི་གཉེན་སྟོན་བྱེད་ཀྱང་། ཁྱིམ་མཚེས་ཀྱི་རྒན་གཞོན་ཚང་མ་ཡོང་ནས་རོགས་རམ་བྱེད་པའི་སྣང་ཚུལ་དེ་ནི་ཧ་ཅང་འདུ་འཛི་ཆེ་བ་ཞིག་ཡིན”ཞེས་བློ་བཟང་ནོར་བུའི་གདོང་ལ་ཡིད་ཚིམ་པའི་འཛུམ་མདངས་ཤིག་མངོན་བྱུང་།

ད་ལྟ། ཐང་ཆེན་དེ་ནི་ཁོད་སྙོམས་ལ་གྲལ་དག་པ་དང་རིགས་དབྱེ་སྙིགས་ཟོམ་ཡང་གོ་རིམ་ལྟར་བཞག་ཡོད། སྡེ་བའི་ནང་དུ་ལམ་སྒྲོན་ཡོད་པར་མ་ཟད། གཞན་ད་དུང་རིག་གནས་འགྲེམ་སྟོན་ཡང་སྒྲིག་བཀོད་བྱས་ཡོད། ས་སྲོད་ཀྱི་དུས་སུ། རྒན་པ་རྣམས་སྐོར་དང་སྐོར་བྱས་ནས་ཁ་བརྡ་བྱེད་པ་དང་བྱིས་པ་ཚོ་རོལ་རྩེད་ལ་གཡེང་ཞིང་མཆིས། སྐོར་བྲོ་ནི་དེ་ལས་ཀྱང་གཅིག་རྗེས་གཅིག་མཐུད་ཀྱིས་འཁྲབ་ཏེ་དགོད་སྒྲས་ཁེངས་འདུག

བྱེད་ཐབས་སྣ་ཚོགས་ཀྱིས་ཐོན་སྐྱེད་ཕྱུག་བསྒྱུར་གྱི་སྒོ་མོ་ཕྱེ་བ།

བསམ་འགྲུབ་དར་རྒྱས་ཚང་ནི་མ་གཞི་ནས་སྡེ་བའི་ནང་གི་དབུལ་ཁྱིམ་ཞིག་ཡིན། ལོ་ངོ་གསུམ་གྱི་སྔོན་དུ། སློབ་ཆེན་མཐར་ཕྱིན་པའི་བསམ་འགྲུབ་དར་རྒྱས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་ནོར་བུས་སྐུལ་ལྕག་འོག་ཕྱིར་སྡེ་བར་ལོག་པ་དང་། དེ་ནས་གྲོང་གསེབ་གཞི་རིམ་འཛུགས་སྐྲུན་གྱི་དཔུང་སྡེའི་ཁྲོད་དུ་ཞུགས། “སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཚེ། ང་ཚོའི་ཕྱོགས་སོ་སོ་ནས་ཁེ་ཕན་རེག་ཐུབ་པ་དང་། ཕྱུག་བསྒྱུར་འབྱོར་འབྲིང་དུ་བསྐྱོད་པའི་ལམ་ཇེ་ཡངས་དང་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་ཐུབ།”

ཉེ་བའི་ལོ་འགའི་རིང་ལ། གྲུ་རྐྱང་སྡེ་བའི་ཐོན་ལས་སྣེ་ཁྲིད་ཀྱིས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་དང་ལས་ཞུགས་ལ་སྐུལ་འདེད་བྱས་ཏེ། སྔ་གཞུག་ཏུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པར་མ་ཟད། “སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་གླིང”ཧུར་ཐག་གིས་གསར་སྐྲུན་བྱས་ཏེ། མ་རྐང་བཞག་པའི་མི་སྣར་ལོ་རེར10%ཡི་ཁེ་སྤོགས་བགོས།

བློ་བཟང་ནོར་བུས་མཚམས་སྦྱོར་བྱས་པ་ལྟར་ན། 2017ལོར་སྡེ་བའི་ནང་དུ“གེ་སར་གླིང་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང”བཙུགས་པ་དང་། མཉམ་ལས་ཁང་གི་ནང་དུ་ཕྱུགས་ར་དང་རྩྭ་ཁང་ལས་ཡོད་ལ། ད་ལྟ་ལུག200དང་ནོར་གནག208བཅས་ཡོད། “མཉམ་ལས་ཁང་གིས་ལོ་གསུམ་རེར་ཁེ་སྤོགས་ཐེངས་རེར་བགོས་ཏེ། སྡེ་བ་ཡོངས་ཀྱི་མང་ཚོགས་ལ་དཔལ་འབྱོར་གྱི་ཁེ་ཕན་ཅུང་ལེགས་པོ་བསྐྲུན།”

གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོའི་ཟླ12པའི་ཟླ་མཇུག་བར་དུ། གྲུ་རྐྱང་སྡེ་བས་འཛུགས་སྐྲུན་བྱས་པའི་སྦྲ་ནག་སྤྲོ་གསེང་གླིང་དང་གེ་སར་གླིང་ཆེད་ལས་མཉམ་ལས་ཁང་། ཡོན་ཀུན་འདེབས་འཛུགས་རྟེན་གཞི། གོང་བདེ་འབྲུ་སྣུམ་རང་འདེམས་ཚོང་ཁང་སོགས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལོ་རེའི་ཡོང་སྒོ་རིམ་བསགས་ཀྱིས་སྒོར་འབུམ་བརྒྱལ་ཉེ་བར་སླེབས།

ཐུན་མོང་ཕྱུག་བསྒྱུར་གྱིས་གྲོང་གསེབ་ལ་རེ་འདུན་གསར་པ་བསྩལ།

རྩྭ་ཐང་ཆེས་མཛེས་པའི་དུས་ཚིགས་འདི་ལ། མུ་མཐའ་བྲལ་བའི་ཁྲི་འདུ་རྩྭ་ཐང་ནི་ལྗང་མདོག་གིས་ཁེབས་ཤིང་ནོར་ལུག་ནི་མུ་ཏིག་ས་ལ་གཏོར་བ་དང་མཚུངས། ཀྱ་ཀྱུ་བཞུར་བའི་ཆུ་བོས་མི་ལ་སྣང་བ་སྐྱིད་པོ་ཞིག་སྟེར་ངེས། གྲུ་རྐྱང་སྡེ་བས་འཛུགས་སྐྲུན་བྱས་པའི་དབུལ་སྐྱོར་སྐྱེ་ཁམས་སྤྲོ་གསེང་གླིང་དུ་བསྐྱོད་ཚེ། སྔོ་བསངས་ཀྱི་ནམ་མཁའ་དང་ལྗང་མདོག་གི་ས་གཞིའི་བར་ན། “སྦྲ་ནག་སྤྲོ་གསེང་གླིང”གསལ་ལེར་མངོན་འདུག

སྤྲོ་གསེང་གླིང་གི་སྒོ་མདུན་དུ། ལོ་ན་གཞོན་པའི་བཀྲ་ཤིས་དོན་འགྲུབ་དང་ཁོའི་ཆུང་མ་ཞི་ལྷ་གཉིས་ཀྱིས་གདོང་ལ་འཛུམ་གྱིས་ཁེངས་ཏེ་སྤྲོ་གསེང་གླིང་དུ་རོལ་རྩེད་བྱེད་དུ་ཡོང་བའི་མགྲོན་པོ་སྣེ་ལེན་བྱེད་ཀྱིན་འདུག

ད་ལོ་ལོ་ན27ཡིན་པའི་བཀྲ་ཤིས་དོན་འགྲུབ་ནི་དྭ་ཕྲུག་ཅིག་ཡིན་ལ། སྡེ་བའི་ནང་གི་ཡིག་ཚགས་བཙུགས་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཀྱང་ཡིན། ཁོ་རང་དམའ་འབྲིང་མཐར་ཕྱིན་རྗེས་ཕྱོགས་སོ་སོར་སོང་ནས་གླ་བརྒྱབ་པ་དང་། དེའི་རྗེས་སུ་གཉེན་སྒྲིག་རྗེས་རྩལ་ནུས་མེད་པའི་རྐྱེན་གྱིས་ལོ་མང་པོར་ཁྱིམ་ཚང་གི་ཡོང་སྒོས་འགྲོ་སྒོ་མི་སུབ་པའི་གནས་སུ་ལུས་པས། ཀྲི་པུའུ་ཧྲུའུ་ཅི་རྒན་པ་བློ་བཟང་ནོར་བུས་ནམ་ཡང་ཁོའི་འཚོ་བའི་གནད་དོན་ལ་སེམས་ཁུར་བྱེད་ཀྱིན་འདུག དེ་ནས་སྡེ་བའི་ནང་དུ་སྤྲོ་གསེང་གླིང་བཙུགས་པ་ནས་བཟུང་། ཁོ་བཟའ་ཟླ་གཉིས་ལ་བརྟན་འཇགས་ཀྱི་ལས་ཀ་ཡོད་པར་གྱུར། ལོ་རེའི་ཟླ6པ་ནས་ཟླ10པའི་བར། ཡུལ་སྐོར་མགྲོན་པོ་གཅིག་རྗེས་གཉིས་མཐུད་དུ་སྤྲོ་གསེང་གླིང་དུ་ཡོང་བས། བཀྲ་ཤིས་དོན་འགྲུབ་བཟའ་ཟླ་གཉིས་ཀྱང་ཁོམ་ལོང་མེད་པར་གྱུར།

བཀྲ་ཤིས་དོན་འགྲུབ་ལ་མཚོན་ན། སྤྲོ་གསེང་གླིང་ལས་གཉེར་ལེགས་པོ་བྱས་པ་དེ་ནི་གཅིག་ནས་རང་ཉིད་ཀྱི་སྤྱི་ཚོགས་ལག་ལེན་སྦྱོང་བརྡར་དང་ཡོང་སྒོ་ཇེ་མང་དུ་བཏང་བ་ཡིན་ལ། གཉིས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཤུགས་བཏོན་པས་གཅིག་གོ་མང་ཆོད་ཀྱི་དོན་བཟང་ཞིག་ཡིན། ལོ་འདི་དག་གི་སྤྲོ་གསེང་གླིང་གི་ལས་ཀའི་མྱོང་བས་ཁོ་ཚོའི་བློ་སེམས་བདེ་བར་བཏང་ལ་གནས་དེ་ཡང་ཁོ་ཚོའི་ཁྱིམ་ལྟ་བུར་གྱུར་ཡོད། “ད་ལྟ་ང་ཚོའི་གླ་ཕོགས་ཁར་ཁེ་སྤོགས་བསྣན་ན། ལོ་ཧྲིལ་པོར་མི་རེའི་ཡོང་སྒོ་ཆ་སྙོམས་ཀྱིས་ལས་སླ་མོའི་ངང་སྒོར་ཁྲི་ལས་བརྒལ་འགྲོ”ཞེས་བཀྲ་ཤིས་དོན་འགྲུབ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

ད་ལྟའི་གྲུ་རྐྱང་སྡེ་བའི་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཡར་ངོས་ཟླ་ལྟར་འཕེལ་ཞིང་། སྡེ་བའི་ནང་གི་དབུལ་ཕོངས་སློབ་ཆེན་སློབ་མར་རོགས་རམ་བྱེད་ཚད་ཀྱང་ཇེ་མང་དུ་གྱུར་ཡོད། སྡེ་བའི་ནང་གི་རྒྱུགས་འཕྲོད་པའི་སློབ་ཆེན་སློབ་མར་མཚོན་ན། ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱེད་རྒྱུ་ནི་ཁོ་ཚོའི་མི་ཚེའི་ཁྲོད་ཀྱི་དམིགས་འབེན་གསར་པ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།