ལོ་ངོ་བཅུ་དྲུག་རིང་གི་རྒྱུན་འཁྱོངས་དང་བརྟན་སྲུང་།
2022.09.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལའི་རྩྭ་ཐང་ཆེན་མོ་རུ་འདི་ལྟ་བུའི་བཟའ་ཟླ་གཉིས་ཡོད་དེ། ཁོ་གཉིས་ཀྱིས་ལོ་ངོ་བཅུ་དྲུག་གི་དུས་ཚོད་དེ་ཉིན་གཅིག་དང་འདྲ་བར། ཆ་སྙོམས་ཀྱི་མཚོ་འཕང་ལ་རྨིད་སུམ་སྟོང་ལྔ་བརྒྱ་ཡོད་པའི་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་མི་མེད་ཁུལ་དུ་གནས་དེའི་རྩྭ་རྩི་ཤིང་རེ་རེ་དང་རི་བོ་དང་ཆུ་མོ་རེ་རེ་ལ་སྲུང་སྐྱོབ་བྱེད་བཞིན་མཆིས།   ལོ་བཅུ་དྲུག་གི་རིང་ལ་འཕྲུལ་རྟ་གསུམ་བརྗེས་པ་དང་འཕྲུལ་རྟ་རེ་རེ་བེད་མེད་དུ་གྱུར་བའི་བར་དུ་བཀོལ་སྤྱོད་བྱེད་བཞིན་ཡོད། ཟླ་གཅིག་གི་ནང་དུ་ཆ་སྙོམས་ཀྱིས་ཉིན་ཉི་ཤུའི་རིང་ལ་སྐོར་ཞིབ་བྱེད་དགོས་པ་དང་། ཉིན་རེ་བཞིན་ཕར་འགྲོ་ཚུར་ཡོང་གི་ལམ་ཐག་དེ་སྤྱི་ལེ་བཞི་ཅུ་རེར་བརྩིས་ཚེ། ལོ་ངོ་བཅུ་དྲུག་གི་རིང་ལ་ཆ་སྙོམས་ཀྱིས་ལམ་ཐག་སྤྱི་ལེ་འབུམ་གཅིག་དང་ཁྲི་དྲུག་ཙམ་སོང་ཡོད་པ་རེད།

མཚོ་འཕང་ལ་རྨིད་སུམ་སྟོང་ལྔ་བརྒྱ་ཡོད་པའི་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོབ་ས་ཚིགས་ཀྱི་བདག་སྐྱོང་མི་སྣ་ཡིད་བཞིན་ནོར་བུ་དང་ཁོའི་ཆུང་མ་དུང་མོ་མཚོ་གཉིས་ཀྱིས་ལོ་ངོ་བཅུ་དྲུག་གི་རིང་དུ་དཀའ་སྤྱད་འབད་བརྩོན་བྱས་ནས། བ་ལྡིང་ཆུ་བོའི་རི་སྔོ་ཆུ་དྭངས་ཀྱི་རྣམ་པར་སྲུང་སྐྱོབ་བྱས།

བདག་སྐྱོང་ས་ཚིགས་ནས་མདོ་ལ་རྫོང་ཐོག་བར་དུ་སྤྱི་ལེ་བརྒྱ་དང་ཉེར་བདུན་ཡོད། ཡིད་བཞིན་ནོར་བུའི་འཐབ་གྲོགས་ཏེ། ཏ་ཆོན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་པེ་ལིན་གྱིས་བཤད་རྒྱུར། ཡིད་བཞིན་ནོར་བུ་བཟའ་མི་གཉིས་ཡོད་སའི་བདག་སྐྱོང་ས་ཚིགས་དེ་ནི་མི་མེད་ཁུལ་ཡིན་ཞིང་། དབྱར་དུས་སུ་དེ་རུ་ཕྱུགས་འཚོ་མཁན་རེ་གཉིས་ཡོད། ཡུལ་དེའི་མཚོ་འཕང་མཐོ་ཞིང་གནམ་གཤིས་མི་ལེགས་པའི་རང་བྱུང་ཆ་རྐྱེན་ཞན་ནའང་། ཡིད་བཞིན་ནོར་བུ་བཟའ་མི་གཉིས་ཀྱིས་དཀའ་སྡུག་དེ་དག་རེ་རེ་བཞིན་ཁྱད་དུ་བསད་ནས་ལོ་ངོ་བཅུ་དྲུག་གི་རིང་ལ་ཡུལ་དེའི་སྐྱེ་ཁམས་སྲུང་སྐྱོབ་བྱས་པ་རེད། དེ་ནི་མི་སུ་དང་གང་གིས་སྒྲུབ་ཐུབ་པ་ཞིག་གཏན་ནས་མ་རེད་ཟེར།

དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ནས་བརྒྱད་ཅུ་བའི་བར་དུ་ཚད་ལས་བརྒལ་ནས་ཕྱུགས་འཚོ་སྐྱོང་བྱས་པ་དང་ནགས་ཚལ་གཅོད་འབྲེག་བྱས་པ། ཨ་པྲའི་གནོད་འཚེ་ཚབས་ཆེ་བ་སོགས་ཀྱིས་ཆུ་མགོ་སྐོར་ཞིག་སྐམ་ཞིང་བ་ལྡིང་ཆུ་བོའི་འབབ་རྒྱུད་ཀྱི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྣ་ཚོགས་ཀྱང་རིམ་བཞིན་ཇེ་ཞན་དུ་གྱུར།

ཉིས་སྟོང་ཉེར་གཅིག་ལོར།  རྒྱལ་ཁབ་ཀྱིས་བ་ལྡིང་ཆུ་བོའི་མགོ་ཁུངས་སུ་སྐྱེ་ཁམས་འཕྲལ་སྡོམ་བཅོས་སྒྲིག་བཟོ་སྐྲུན་ལག་བསྟར་བྱས་པ་དང་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤུགས་ཚད་ཆེ་རུ་བཏང་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་ས་ནག་ཐང་བཅོས་སྐྱོང་དང་མིའི་ཐབས་ཀྱིས་ནགས་འཛུགས་པ།  རྩྭ་ཐང་བཀག་གསོ་བྱེད་པ། ཆུ་ལམ་བཅོས་སྐྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་དུ་བཏང་། ད་ལྟ་བ་ལྡིང་ཆུ་བོའི་ཡན་ལག་ཆུ་བོ་ལྔ་བཅུ་ཙམ་ནས་བརྒྱ་དང་ཞེ་བཞིའི་བར་མང་དུ་ཕྱིན་ཡོད་པར་མ་ཟད། བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་ཆུ་ཁུངས་གསོག་ཚད་སླར་གསོ་བྱུང་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཉིས་པར། མཚོ་སྔོན་མདོ་ལའི་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་རྒྱལ་ཁབ་བརླན་སའི་སྤྱི་གླིང་བཙུགས་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པར། མདོ་ལ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ཚུད།   སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱས་པའི་ཁྲོད་དུ། མདོ་ལ་རྫོང་གི་བ་ལྡིང་ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོབ་ས་ཚིགས་དེ་སྔར་ལས་གལ་ཆེན་དུ་གྱུར་ཡོད།

སྲུང་སྐྱོབ་ས་ཚིགས་དེར་བསྐྱོད་པའི་ལམ་བར་གྱི་ས་མཐོའི་མཛེས་ལྗོངས་དེས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཅིང་བརྗེད་པར་དཀའ་བ་ཞིག་རེད།    རྒྱང་ཐག་མི་རིང་བའི་སར་ན་ཁྲུང་ཁྲུང་སྐེ་ནག་སོགས་བྱ་རིགས་སྣ་ཚོགས་འཕུར་ལྡིང་གར་ལ་རོལ་ཞིང་། ཁྱུ་དང་ཁྱུ་བྱས་པའི་ནོར་ལུག་རྣམས་རྩྭ་ཆུར་རོལ་བའི་ངང་ཚུལ་སོགས་མདོ་ལ་རི་བོའི་འཆམ་མཐུན་རང་བྱུང་གི་རི་མོ་དེས་བ་ལྡིང་ཆུ་བོའི་མགོ་ཁུངས་སུ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་བ་ཞིག་སྦྱིན་འདུག

སྲུང་སྐྱོབ་ས་ཚིགས་སུ་ཐོན་དུས། དཀྱིལ་དབུས་ཀྱི་ཁང་པ་ཆུང་ཆུང་དེ་ནི་བདག་སྐྱོང་ས་ཚིགས་ཀྱི་གཞུང་ལས་ཁང་ཡིན་པ་དང་། ཁང་པའི་ནང་དུ་འབོལ་ཁྲི་རྙིང་པ་གཉིས་ཡོད་ལ་གྱང་ངོས་སུ་བ་ལྡིང་ཆུ་བོའི་མགོ་ཁུངས་སྲུང་སྐྱོབ་ས་ཁུལ་གྱི་ས་ཁྲ་བཀལ་འདུག  ཤར་ཕྱོགས་ཀྱི་ཁང་པ་ཆུང་ཆུང་དེ་ནི་ཡིད་བཞིན་ནོར་བུ་བཟའ་མི་གཉིས་ཀྱི་ཉལ་ཁང་རེད། ནང་དུ་ལྕགས་ཐབ་གཅིག་དང་བཟའ་བཏུང་གི་སྣོད་ཆས་འགའ་བཞག་འདུག་པ་དང་ཟུར་དུ་མི་གཉིས་ཉལ་སའི་མལ་ཁྲི་གཅིག་བཞག་འདུག

དེང་སྐབས་ཆ་རྐྱེན་ཧ་ཅང་བཟང་། ཐོག་མར་འདིར་ཡོང་དུས་ཀྱི་ལོ་དེ་དག་གི་རིང་ལ་དཀའ་སྡུག་མང་པོ་མྱངས་བ་ཡིན་ཞེས་ལོ་ན་ཞེ་དགུར་སོན་པའི་སོག་པོའི་ཕོ་རྒོད་ཡིད་བཞིན་ནོར་བུས་གསར་འགོད་པར་བཤད།  སྐབས་དེར་ང་ཚོ་ཡོང་བ་ཤེས་ནས་ཡིད་བཞིན་ནོར་བུའི་ཆུང་མ་དུང་མོ་མཚོ་ཡང་དེར་སླེབས་བྱུང་། ཁོ་མོའི་གདོང་ལ་འཛུམ་གྱིས་ཁེངས་འདུག་ནའང་ངོ་གདོང་ནག་པོར་གྱུར་འདུག དེ་ནི་དུས་ཡུན་རིང་བོར་དབྱང་དབུགས་དཀོན་པའི་མཐོ་སྒང་དུ་འཚོ་བ་རོལ་བའི་རྐྱེན་རེད།

ཡིད་བཞིན་ནོར་བུ་ནི་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་ཏང་ནང་དུ་ཞུགས་པ་དང་། ཉིས་སྟོང་དྲུག་ལོ་སྟེ་ཁོ་རང་ལོ་སོ་བཞི་ཡིན་པའི་ལོ་དེར་དམག་ཁོངས་ནས་ཕྱིར་བུད་དེ་ཕྱིར་ཕ་ཡུལ་ཏུ་ལོག་ནས་ཕྱུགས་འཚོ་སྐྱོང་བྱེད་མགོ་བརྩམས། དེ་དུས་ནི་ཏག་ཏག་ཁོའི་ཕ་ཡུལ་གྱི་རྩྭ་ཐང་ས་ནག་ཅན་དུ་གྱུར་ཚད་ཚབས་ཆེ་བའི་སྐབས་ཤིག་རེད།

སྐབས་དེར་མདོ་ལ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་འབབ་རྒྱུད་དུ་བདག་སྐྱོང་ས་ཚིགས་ཤིག་བཙུགས་པ་དང་།  བདག་སྐྱོང་མི་སྣའི་ཐད་ནས་ཀྱང་ཐོག་མར་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་བསམ་བློ་གཏོང་བཞིན་འདུག    གནས་ཚུལ་དེ་གོ་རྗེས་ང་རང་བདག་སྐྱོང་ས་ཚིགས་དེར་འགྲོ་རྒྱུར་ཐག་གིས་བཅད་པ་ཡིན། རྒྱུ་མཚན་ནི་གནས་དེ་ནི་ང་ཡི་ཕ་ཡུལ་ཡིན་པ་དང་ཕ་ཡུལ་ལ་རང་གི་ནུས་པས་སྲི་ཞུ་ཅུང་ཙམ་སྒྲུབ་ཐུབ་པ་ནི་ང་ལ་མཚོན་ན་གཟི་བརྗིད་ཅིག་རེད། དམག་ཁོངས་སུ་ཡོད་དུས་ནས་བློ་རྩ་བརྟན་པོའི་རང་གཤིས་དེ་ཡིད་བཞིན་ནོར་བུའི་གཤིས་སུ་གྲུབ་ཡོད་པ་དང་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་རྒྱུའི་འདུ་ཤེས་དེ་ཐོག་མཐའ་བར་གསུམ་དུ་ཁོའི་སེམས་སུ་རྡོ་ལ་རི་མོ་བཞིན་བྲིས་ཡོད། ཁོ་རང་བདག་སྐྱོང་བའི་ཁྲོད་དུ་ཚུད་པའི་གནས་ཚུལ་འབྱོར་རྗེས་སུ་ཡིད་བཞིན་ནོར་བུ་དུས་ཚོད་དང་པོའི་ནང་བདག་སྐྱོང་ས་ཚིགས་སུ་སོང་སྟེ། དཀའ་སྡུག་སྣ་ཚོགས་ཕྲག་ཏུ་ལེན་པར་གྲ་སྒྲིག་བྱས།  སྐབས་དེའི་བདག་སྐྱོང་ས་ཚིགས་དེ་རུ་རྨིད་གྲུ་བཞི་མ་བཅུ་གཉིས་ཅན་གྱི་རས་གུར་ཞིག་ལས་གློག་དང་ཆུ། བརྡ་རྟགས་སོགས་ཅི་ཡང་མེད་ཁར་ལམ་ཡང་ཟེགས་ལམ་ཞིག་ལས་མེད་པས་རླུང་ཆེན་གཡུགས་པའི་ཚེ་ན་ས་རྡུལ་གྱིས་ཡོངས་སུ་ཁེངས་འགྲོ། ཡིན་ནའང་དཀའ་སྡུག་གི་ཁོར་ཡུག་དང་གདུག་རྩུབ་ཆེ་བའི་དངོས་ཡོད་ཀྱིས་ཁོའི་ཡིད་སེམས་ཕམ་པར་བྱེད་མ་ཐུབ། སྐབས་དེར་ཁོ་རང་ཕྱིར་རང་ཁྱིམ་དུ་ལོག་ནས་བདག་སྐྱོང་ས་ཚིགས་དེའི་གནས་ཚུལ་སྐོར་ཆུང་མར་སྟབས་བདེ་ཞིག་བཤད་དེ་མོ་གནས་དེར་མི་འགྲོ་རོགས་ཞེས་རང་གི་བསམ་ཚུལ་བཏོན་མོད།   ཡིན་ནའང་དུང་མོ་མཚོ་ལ་ཇི་ལྟར་བཤད་ཀྱང་ཁོ་དང་འགྲོགས་ནས་སོང་སྟེ་ཁོའི་འཚོ་བར་རོགས་སྐྱོར་བྱེད་རྒྱུ་ཡིན་པར་སེམས་ཐག་བཅད་འདུག་པས་ཁོ་བཟའ་མི་གཉིས་ཐོག་མར་བདག་སྐྱོང་ས་ཚིགས་དེ་རུ་འགྲོ་རྒྱུར་ཐག་གིས་བཅད།

ཉིན་གཉིས་པར་ཡིད་བཞིན་ནོར་བུ་ཡིས་བུ་མོ་ལ་རང་ཁྱིམ་གྱི་ལོ་ལོན་ལ་བདག་སྐྱོང་བཟང་བོ་བྱེད་དགོས་པའི་མངགས་བཅོལ་བྱས་རྗེས།   ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཞིག་གཡར་ནས་རང་གི་ཆུང་མ་དང་མཉམ་དུ། མལ་ཁྲིའི་ཤིང་ལེབ་ཅིག་དང་ཉལ་ཐུལ། དེ་མིན་ལྕགས་ཐབ་གཅིག་ཁྱེར་ནས་བདག་སྐྱོང་ས་ཚིགས་སུ་སོང་།

བདག་སྐྱོང་ས་ཚིགས་དང་རྫོང་མཁར་གྱི་བར་དུ་སྤྱི་ལེ་བརྒྱ་དང་ཉེར་བདུན་ཙམ་གྱི་ལམ་ཐག་ཡོད་པས་འགྲིམ་འགྲུལ་སྤྱོད་ཆས་ཤིག་མེད་ཚེ་གཞི་ནས་ཕར་འགྲོ་ཚུར་ཡོང་བྱེད་པར་དཀའ་ཚེགས་ཆེ། དེ་བས་ཡིད་བཞིན་ནོར་བུ་ཡིས་རང་གི་ནུ་བོའི་འཕྲུལ་རྟ་གཡར་དགོས་བྱུང་བ་རེད། སྐབས་དེར་ཉར་ཚགས་བྱས་ཡོད་པའི་ཞོག་ཁོག་ལ་མཚོན་ན་ཁོ་བཟའ་མི་གཉིས་ཀྱིས་བཟའ་ཐུབ་པའི་ཚོད་མའི་རིགས་ཉག་ཅིག་རེད། གནས་དེ་ནི་གྲང་ངར་ཤིན་ཏུ་ཆེ་བས་དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞི་བོར་ལྕགས་ཐབ་ནང་དུ་མེ་འབུད་དགོས་པ་རེད།

ལོ་གཅིག་གི་རྗེས་སུ་གྱན་གསུམ་ཅན་གྱི་གྱོ་མོག་གི་ཁང་པ་ཞིག་གསར་དུ་ལས་ཐུབ་པ་བྱུང་བས་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་གསར་བ་བྱུང་སོང་ཞེས་ཁོ་བཟའ་མི་གཉིས་ཀྱི་གདོང་ལ་སྤྲོ་བའི་འཛུམ་མདངས་དང་བཅས་ཏེ་བཤད་བྱུང་།

ལོ་ངོ་བཅུ་དྲུག་གི་རིང་ལ་ཡིད་བཞིན་ནོར་བུ་དང་དུང་མོ་མཚོ་གཉིས་ཀྱིས་རང་གི་བུ་མོ་ལའང་ཕ་མ་ཞིག་གི་ཚོད་ཀྱིས་གཉོར་སྐྱོང་བཟང་བོ་ཞིག་བྱེད་ཐུབ་མེད།  ཉིས་སྟོང་དྲུག་ལོ་ནས་ཉིས་སྟོང་བཅུ་གཉིས་ལོའི་བར་གྱི་ལོ་དྲུག་གི་རིང་དུ་བུ་མོ་ཡང་ཁོ་བཟའ་མི་གཉིས་འདུག་སའི་བདག་སྐྱོང་ས་ཚིགས་དེར་ཁྲིད་ཡོང་ནས་མཉམ་དུ་བསྡད།

ཕྱིས་སུ་བུ་མོས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྗེས། ངེད་བཟའ་མི་གཉིས་ཀྱིས་མཉམ་དུ་བུ་མོ་སློབ་གྲྭ་ཆེན་མོར་བསྐྱལ་ན་འདོད་ཀྱང་ཡིན་ནའང་བྱ་བའི་དགོས་མཁོའི་དབང་གིས་ངེད་བཟའ་མི་གཉིས་དུས་གཅིག་ཏུ་བདག་སྐྱོང་ས་ཁུལ་དང་ཁ་འབྲལ་མ་ཐུབ། དེ་བས་གྲོས་མོལ་བྱས་རྗེས་སུ་ངའི་ཆུང་མ་བདག་སྐྱོང་ས་ཚིགས་སུ་འདུག་རྒྱུ་བྱས་ཏེ་ངས་བུ་མོ་ཟི་ལིང་གི་མེ་འཁོར་ས་ཚིགས་སུ་བསྐྱལ་བ་ཡིན།   ཐ་ན་བུ་མོ་སློབ་གྲྭའི་སྒོ་ཁར་ཡང་བསྐྱལ་མ་ཐུབ་པས་སྐབས་དེར་ངའི་སེམས་སུ་དངོས་གནས་བཟོད་དཀའ་བ་ཞིག་བྱུང་སོང་ཞེས་ཡིད་བཞིན་ནོར་བུས་གསར་འགོད་པར་སྐད་ཆ་བཤད་ནས་མཚམས་འདིར་ཐོན་དུས་ཁོ་བཟའ་མི་གཉིས་ཀྱི་མིག་མཐར་མཆི་མ་ཞིག་དབང་མེད་དུ་འཁོར་གྱིན་འདུག སྐབས་དེ་དུས་ཁོ་གཉིས་ཀྱི་བུ་མོར་མཚོན་ན་ཕ་མ་གཉིས་ཀྱི་བྱ་བ་དེར་སེམས་གཏིང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

གསར་འགོད་པས་ཡིད་བཞིན་ནོར་བུ་བཟའ་མི་གཉིས་ལ་ཡོང་སྒོ་སྐོར་གྱི་གནས་ཚུལ་འདྲི་དུས། ཡིད་བཞིན་ནོར་བུ་དགོད་ཞོར་དུ་བཤད་རྒྱུར།  ཟླ་གཅིག་ལ་སྒོར་མོ་བཞི་བརྒྱ་དང་ལྔ་བཅུའི་ཟླ་ཕོགས་དེ་ངེད་བཟའ་མི་གཉིས་ཀྱིས་ལོ་ངོ་གཉིས་ལྷག་ལ་བླངས་མྱོང་པ་ཡིན། ད་ལྟ་ཟླ་རེ་ལ་སྒོར་མོ་སྟོང་གཅིག་དང་དྲུག་བརྒྱ་བཞི་བཅུ་ཡོད། དང་ཐོག་བདག་སྐྱོང་ས་ཁུལ་འདིར་ཡོང་སྐབས་ཀྱི་འཕྲུལ་རྟ་དེ་ངའི་ནུ་བོར་གཡར་ནས་ཡོང་བ་ཡིན། བྱོན་ཡུན་རིང་བའི་དབང་གིས་འཕྲུལ་རྟ་དེ་ཆག་སོང་བས་ཕྱིར་ནུ་བོར་སྤྲོད་རྒྱུ་མེད་པར་གྱུར།  དེའི་རྗེས་སུ་དོ་དམ་ས་ཚིགས་ཀྱིས་འཕྲུལ་རྟ་ཞིག་བཀོད་སྒྲིག་བྱས་པ་དེ་ཡང་དུས་ཡུན་རིང་བོར་བྱོན་པས་བེད་མེད་དུ་གྱུར་བ་དང་། ད་ལྟ་སྒོ་འགྲམ་ན་ཡོད་པའི་འཕྲུལ་རྟ་དེ་ནི་ན་ནིང་གོང་རིམ་དོ་དམ་ས་ཚིགས་ནས་བྱིན་པ་ཡིན་ལ་ད་ལྟ་སྤྱི་ལེ་ཁྲི་འགའ་ལ་བརྒྱུགས་ཟིན་ཞེས་བཤད་བྱུང་།

ཡིད་བཞིན་ནོར་བུ་བཟའ་མི་གཉིས་ཀྱིས་མི་སྲོག་བསྐྱབས་པའི་གནས་ཚུལ་དེ་དག་ཀྱང་གླེང་རིན་ཡོད་པ་ཞིག་རེད།  བདག་སྐྱོང་ས་ཚིགས་ནས་གཡང་ལུང་ཡུལ་ཚོའི་བར་གྱི་སྤྱི་ལེ་བརྒྱ་ལྷག་གི་མི་མེད་ས་སྟོང་དེ་རུ་རྒྱུན་དུ་རླངས་འཁོར་ཁ་ལོ་པ་རྣམས་ལུས་ཐང་ཆད་པ་དང་གཉིད་ལོག་པ་སོགས་ཀྱི་དབང་གིས་རླངས་འཁོར་དོན་རྐྱེན་མང་པོ་ཞིག་བྱུང་དང་འབྱུང་མུས་སུ་མཆིས།  སྤྱི་ལོ་ཉིས་སྟོང་བདུན་ལོ་དང་ཉིས་སྟོང་བཅུ་གསུམ་ལོ། ཉིས་སྟོང་བཅུ་དྲུག་ལོ་བཅས་ལ་སོ་སོར་ཡིད་བཞིན་ནོར་བུ་བཟའ་མི་གཉིས་ཀྱིས་སྔ་གཞུག་ཏུ་རླངས་འཁོར་དོན་རྐྱེན་ཁྲོད་རྨས་ཡང་མོ་ཕོག་པའི་མི་གསུམ་དང་རྨས་ལྕི་མོ་ཕོག་པའི་མི་ལྔ་བསྐྱབས་མྱོང་པ་རེད།

ཁ་ལོ་པ་མང་པོ་ཞིག་ལ་ལམ་འདིར་ཆ་རྒྱུས་མེས་པས་རླངས་འཁོར་ཅུང་མགྱོགས་དྲགས་པ་སོགས་ཀྱི་དབང་གིས་རླངས་འཁོར་དོན་རྐྱེན་བྱུང་བཞིན་ཡོད་པ་དང་།  དོན་རྐྱེན་དེ་དག་གི་ཁྲོད་དུ་མི་ལ་ལ་ཞིག་གི་རྨས་སྐྱོན་ཧ་ཅང་ལྕི་མོ་རེད།  མིའི་ཚེ་སྲོག་ནི་བླ་ན་མེད་པས་རྨས་མ་དེ་དག་མཐོང་ཐེངས་རེ་ལ་ངེད་གཉིས་ཀྱིས་མྱུར་དུ་ཁོ་ཚོའི་ཚེ་སྲོག་སྐྱོབ་པར་འབད་བརྩོན་བྱས་པ་ཡིན་ཞེས་ཡིད་བཞིན་ནོར་བུས་གསར་འགོད་པར་བཤད།

ཉེ་བའི་ལོ་འགའི་རིང་ནས་བཟུང་།   རྒྱལ་ཁབ་དང་ས་གནས་སྲིད་གཞུང་གིས་མ་དངུལ་དང་ལས་གཞིའི་རྒྱབ་སྐྱོར་བྱས་པ་བརྒྱུད།  བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཡོད་ཅིང་། ང་ཚོས་དུས་རྒྱུན་སྐོར་ཞིབ་བྱེད་པའི་སྐབས་སུ་རྐྱང་དང་ཁ་ཤ  ཝ་ནག  གླ་བ།  གནའ་བ། དགོ་བ་སོགས་ཁྱུ་དང་ཁྱུ་བྱས་ནས་འགྲོ་བཞིན་པ་མཐོང་ཐུབ།  སྔོན་ཆད་གནས་འདིར་ཁྲུང་ཁྲུང་སྐེ་ནག་ནི་ཤིན་ཏུ་མཐོང་དཀོན་ན་ཡང་ད་ལྟ་རྒྱུན་དུ་མཐོང་ཐུབ་ཀྱི་ཡོད་ཅེས་ཡིད་བཞིན་ནོར་བུས་བཤད།  ཁོ་བཟའ་མི་གཉིས་ཀྱིས་ལོ་ངོ་མང་པོའི་རིང་ལ་བརྩོན་པ་རྒྱུན་འཁྱོངས་བྱས་པ་དེར་གོང་རིམ་ནས་ཀྱང་ཁས་ལེན་ཐོབ་ཡོད་དེ། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་དང་བླངས་པ་དང་མདོ་ལ་རྫོང་གི་ལྗང་མདོག་ཁྱིམ་གཞིའི་དཔེ་སྟོན་ཁྱིམ་ཚང་སོགས་སུ་རིམ་པར་བདམས།

ཡིད་བཞིན་ནོར་བུ་བཟའ་མི་གཉིས་ཀྱིས་ལོ་ངོ་བཅུ་དྲུག་གི་རིང་ལ་མཚོ་འཕང་ལ་རྨིད་སུམ་སྟོང་ལྔ་བརྒྱ་ཡོད་པའི་བ་ལྡིང་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་མང་པོ་སྲུང་སྐྱོབ་བྱས་པ་ནི། རང་གི་ཕ་ས་ཕ་ཡུལ་ལ་དྲིན་གཟོ་སྟངས་ཤིག་ཡིན་ལ། འགྱུར་མེད་ཀྱི་སེམས་འདུན་དེ་ནི་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་རེད། 

                                                                               ཡིག་སྒྱུར་བ། གཡང་འབུམ་རྒྱལ།