མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཡུལ་ཚོའི་རྫོང་གྲམ་སྡེ་བར་བསྐྱོད་པ་ན། བསིལ་རླུང་དལ་བུར་ལྡང་བའི་ཁྲོད་ན་གཡེར་དྲི་ཞིག་འཐུལ་འདུག མིག་གིས་རྒྱང་རིང་དུ་བལྟས་ན་རི་ངོས་ཡོངས་སུ་ཚང་ཚིང་སྟུག་པོའི་གཡེར་སྡོང་གིས་ཁེངས་འདུག་ལ། སྡོང་མགོའི་སྨིན་ཐག་ཆོད་པའི་གཡེར་མ་རྣམས་ཡལ་གའི་སྟེང་དུ་མར་དཔྱངས་ཡོད་ཅིང་། དམར་ལམ་ལམ་དུ་སྨིན་པ་དེ་ཐ་གུར་བརྒྱུས་པའི་མརྒད་ཀྱི་ཕྲེང་བ་རེ་རེ་དང་འདྲ་བར། ལོ་མ་ཕྲ་རྒྱན་དུ་གྱུར་པའི་གཡེར་མ་རྣམས་ཡིད་དུ་འོང་བར་སྣང་།
གཡེར་མ་འདིའི་ཐོན་ཡུལ་ནི་རྫོང་གྲམ་སྡེ་བ་ཡིན་པས་རྫོང་གྲམ་གཡེར་མར་འབོད། ད་ལྟ་རྫོང་གྲམ་གཡེར་མ་སྡུད་པའི་དུས་སུ་འཁེལ་ཡོད་པས། སྡེ་མི་རྣམས་གཡེར་སྡོང་འོག་གི་སྟེགས་བུ་མཐོན་པོའི་སྟེང་དུ་འགྲེང་བའམ་ཡང་ན་ས་སྟེང་དུ་ཡར་འགྲེང་བ། རྒྱབ་ལ་སླེ་བོ་འཁུར་བའམ་ཡང་ན་གཟེབ་སླེ་ལག་ངར་དུ་བསྐོན་ནས་གཡེར་མ་འཐོག་བཞིན་འདུག གཡེར་མ་བཏོག་པ་དང་སྣོད་དུ་འཇུག་པ། སྐྱེལ་འདྲེན་བྱེད་པ་སོགས་ཞིང་པ་རྣམས་ལས་ལ་བྲེལ་བཞིན་ཡོད་རུང་། ཁོ་ཚོའི་རེ་རེའི་གདོང་དུ་ལོ་ལེགས་སྡུད་པའི་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་འདུག
ཚང་མས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ཉིན་འདི་གའི་རིང་གི་ཆར་ཆུ་མེད་པའི་ནམ་ཟླ་དམ་འཛིན་བྱས་ནས་མྱུར་དུ་བཏོགས་ནས་ཚར་དུ་འཇུག་དགོས་ཞེས་རྫོང་གྲམ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ལོ་ངོ་ཉེར་བདུན་ལ་འཁུར་པའི་བྱམས་པས་མིག་མདུན་གྱི་མི་ཚོགས་ལང་ལོང་དུ་འཁོར་བའི་སྟོན་སྡུད་ཀྱི་ཡུལ་དངོས་ལ་ལྟ་ཞོར་དུ་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད། སྔོན་ཆད་གཞན་གྱིས་མཉམ་མི་འཇོག་པའི་གཡེར་མ་དོན་ངོ་མས་སྡེ་བའི་ནང་གི་གཙོ་ཁྲིད་ཐོན་ལས་སུ་འགྱུར་ཐུབ་པ་སེམས་ལའང་མ་དྲན། བྱམས་པས་སྐད་གསེང་མཐོན་པོས་ཚང་མར་མྱུར་དུ་བཏོགས་ནས་ཚར་དགོས་པའི་ཀུ་འབོད་ཐེངས་འགའ་ལ་བྱས།
རྫོང་གྲམ་སྡེ་བ་ནི་ཀ་རིང་ཡུལ་ཚོའི་མངའ་ཁོངས་ཀྱི་ཆེས་ལམ་ཐག་རིང་བའི་སྲིད་འཛིན་སྡེ་བ་ཞིག་ཡིན། མཚོ་འཕང་ལ་རྨིད་ཆིག་སྟོང་བརྒྱད་བརྒྱ་ཡོད་ལ་ཡུལ་ཚོ་སྲིད་གཞུང་གི་ཆགས་ཡུལ་དང་བར་ཐག་ཧ་ལམ་སྤྱི་ལེ་སོ་དྲུག་གིས་ཆོད། ནུབ་ཕྱོགས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ཐག་ཉེ་ས་ན་རྨ་ཆུ་འཕྲེད་དུ་བརྒལ་བའི་ཧའེ་ཧོང་ཟམ་ཆེན་ཡོད། སྡེ་བའི་ཕྱོགས་བཞི་རི་བོས་བསྐོར་ཞིང་ཉི་འོད་བཙན་པ་དང་ཉིན་མཚན་གྱི་དྲོད་ཚད་ལ་ཁྱད་པར་ཅུང་ཆུང་བས་ཐུན་མོང་མ་ཡིན་པའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ས་གཤིས་ལེགས་ཆའི་ཆ་རྐྱེན་ལྡན།
ཡུན་རིང་ཞིག་ཏུ།“རྫོང་གྲམ་ར་ཁུལ”དང“རྫོང་གྲམ་གཡེར་མ།”“རྫོང་གྲམ་སྟར་ག”སོགས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་བྱུང་བས། མི་རྣམས་ཀྱིས་ཡུལ་འདིར་རང་བྱུང་གི“ནོར་གཞོང”དུ་འབོད། ལྷག་པར་དུ་རྫོང་གྲམ་གཡེར་མ་ནི་མདོག་དམར་ཞིང་གཡེར་ཤ་མང་བ། རིལ་བུ་སྒོར་བ་དང་། མེད་ན་མི་ཆོག་པའི་བྲོ་རྫས་ཤིག་ཡིན་པའི་ཆ་ནས་བཏབ་ན་བྲོ་བ་ཞིམ་ཞིང་བརྗེད་དཀའ་བ་ཞིག་རེད།
རྫོང་གྲམ་སྡེ་བ་ནི་མཐའ་འཁོབ་ཏུ་གནས་ཤིང་འགྲིམ་འགྲུལ་སྟབས་བདེ་མིན་པ། ཆ་འཕྲིན་འགགས་པ་དང་། དེའི་ཁར་སྡེ་མི་རྣམས་ཀྱི་ནང་སེམས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དྲག་པོ་མིན་པ་བཅས་ཀྱིས་སྡེ་མི་རྣམས་ཀྱི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཡོང་འཕར་ཕྱུག་བསྒྱུར་གྱི་འགག་སྒོ་ད་རག་བར་དུ་གཏོར་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད། དུས་ཡུན་རིང་བོ་འགོར་བ་ན། སྡེ་མི་རྣམས་ས་ཞིང་དང་བྲལ་ནས་ཕྱི་རུ་གླ་རྒྱག་ཏུ་སོང་བས། སྡེ་བ་ཡོངས་ཀྱི་ཞིང་ས་ཐང་རྒོད་དུ་ལུས་པའི་གནད་དོན་ཚབས་ཆེན་དུ་གྱུར། ལྷག་པར་དུ་ས་གཤིས་ཞན་ཞིང་ཆུ་དཀོན་པའི་རི་བར་གྱི་ཞིང་སའི་སྟེང་དུ་ལྡུམ་བུས་ཁེངས་པས་ཐོན་ཁུངས་ཆུད་ཟོས་བྱས་པ་ཚབས་ཆེ། ཁྱིམ་ཚང་རེ་རེའི་ར་སྐོར་གྱི་སྔ་གཞུག་ཏུ་བཙུགས་ཡོད་པའི་རྫོང་གྲམ་གཡེར་མ་ལའང་སྔ་ན་མེད་པའི་འགྲན་སློང་དང་འཕྲད།
གནད་དོན་འདི་དག་བྱམས་པས་མཐོང་རྗེས་སེམས་སུ་ན་ཟུག་སྐྱེས། ཁོ་ལ་མཚོན་ནས་བཤད་ན་རྫོང་གྲམ་གཡེར་མ་ནི་ཕ་ཡུལ་གྱི་བྲོ་བ་ཞིག་ཡིན་པར་མ་ཟད། གཡེར་སྡོང་འདི་དག་ནི་སྡེ་བའི་ནང་གི་ཁྱད་ལྡན་ཐོན་རྫས་ཀྱང་ཡིན་པས། ཡུལ་མི་རྣམས་ལ“ནོར་གཞོང་གིས་ཕྱུག་པོར་གཏོང་མི་ཐུབ་པ”པའི་སེམས་ཁམས་འབྱུང་དུ་མ་བཅུག་པར་ཇི་ལྟར་བྱས་ན་ད་གཟོད་རྫོང་གྲམ་གཡེར་མའི་འདེབས་འཛུགས་དེ་སྡེ་མི་རྣམས་ཀྱི་ཡོང་འཕར་ཕྱུག་བསྒྱུར་གྱི་ཐོན་ལས་ཤིག་ཏུ་འགྱུར་ཐུབ་པའི་ཐད་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་བརྒྱབ་པ་ན་བྱམས་པས་དུས་ཀྱི་གོ་སྐབས་མཐོང་།
སྡེ་བའི་ནང་གི་ན་གཞོན་མང་ཆེ་བ་ཞིག་ཕྱི་རོལ་དུ་གླ་བརྒྱབ་ནས་སྒོར་མོ་བཙལ་དུ་སོང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་ས་ཞིང་བཏབ་ན་སྡུག་ལྗིད་ཅིང་ཡོང་སྒོ་ཉུང་བ་དང་། སྡེ་བའི་ནང་དུ་སྒོར་མོ་བཙལ་ཐུབ་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཀྱང་མེད་པས་རྐྱེན་རེད། ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ཐོན་ཡོད་པས་ང་ཚོས་མྱུར་དུ་གོ་སྐབས་དམ་འཛིན་བྱེད་དགོས། གཡེར་མར་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་དང་སྨན་སྤྱོད་ཀྱི་རིན་ཐང་ཆེན་པོ། སྐྱེ་ཁམས་ཀྱི་རིན་ཐང་ཆེན་པོ་བཅས་ལྡན་པ་དང་། གཡེར་སྡོང་བཙུགས་ན་མ་དངུལ་མང་པོ་མི་དགོས་ལ་ཐོན་ཚད་མོད་པའི་ཁར་ཚོང་ཁྲོམ་གྱི་རིན་གོང་ཡང་བཟང་བས་མང་ཚོགས་ཀྱི་ཡོང་འཕར་ཕྱུག་བསྒྱུར་གྱི་ཐབས་ལམ་བཟང་པོ་ཞིག་ཡིན་ཞེས་བྱམས་པས་བཤད།
བཤད་མ་ཐག་ཏུ་བསྒྲུབས་པ་སྟེ། ཉིས་སྟོང་བཅུ་དྲུག་ལོར། བྱམས་པས་ཁྱིམ་མིས་ངོ་རྒོལ་དང་སྡེ་མིས་དང་དུ་མི་ལེན་པ་སོགས་ཀྱི་དཀའ་བར་མ་འཛེམས་པར་ཕུ་རུང་བརྫེས་ནས་བློ་གཅིག་སེམས་གཅིག་གིས་ས་རྒོད་སྟེང་དུ་ཆུ་རྐ་དང་བགྲོད་ལམ་ལས་ནས་གཡེར་སྡོང་རེ་རེ་བཞིན་བཙུགས།
སྡོང་ཕྲུག་ཉིན་རེ་བཞིན་ཇེ་ཆེར་གྱུར་པ་དང་བསྟུན་ནས་བྱམས་པ་ལའང་ཁོམ་ལོང་མ་བྱུང་། ཁོས་སྔོན་ཆད་གཡེར་སྡོང་བཙུགས་པའི་ཉམས་མྱོང་གི་རྨང་གཞིའི་སྟེང་དུ་ས་ལུད་ཆུ་གསུམ་གྱི་ཕྱོགས་བསྡུས་དོ་དམ་ཕྱོགས་སུ་རང་སྟེང་གི་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས། གཡེར་སྡོང་གི་ས་བཅུད་ཇི་ལྟར་གསོ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལུད་ཇི་ལྟར་འཇོག་པ། ཇི་ལྟར་བྱས་ན་ད་གཟོད་གཡེར་སྡོང་སྐྱེས་ཚུལ་ལེགས་པ། འབུ་གནོད་སེལ་བའི་ཕྱོགས་བསྡུས་འགོག་བཅོས་ཇི་ལྟར་བྱས་ན་གཡེར་སྡོང་གི་བདེ་ཐང་ལ་འགན་སྲུང་བྱེད་པ་སོགས་བྱམས་པས་རེ་རེ་ལ་ཞིབ་འཇུག་གསལ་པོ་བྱས།
གཡེར་སྡོང་ལ་འབྲས་བུ་ཐོགས་ཏེ་ཕྱིར་བཙོང་མཁོ་འདོན་ཐད་རྗེས་མ་ཆོད་པས། བྱམས་པས་གཡེར་སྡོང་ར་བའི་ནང་དུ་བཏབ་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་སྟེ། ཐོག་མའི་སྤྱི་ཆིང་ཐིག་དང་གྲངས་ཆུང་གསུམ་ནས་སྤྱི་ཆིང་གཅིག་དང་གྲངས་ཆུང་སོ་བཞི་རུ་རྒྱ་བསྐྱེད། ཉིས་སྟོང་བཅོ་བརྒྱད་ལོར་བྱམས་པས་ཞུན་ཧྭ་རྫོང་རྫོང་གྲམ་གཡེར་མ་ཚད་ཡོད་ཀུང་སི་བཙུགས་ཏེ། ཀུང་སི་དང་ཏང་ཡོན་དང་ཞིང་ཁྱིམ་གྱི་རྣམ་པས་མཐའ་འཁོར་ཞིང་ཁྱིམ་རྣམས་ལ་སྣེ་ཁྲིད་ནས་ས་ཞིང་སྤྱི་ཆིང་བཞི་དང་གྲངས་ཆུང་རེ་བདུན་སྟེང་དུ་གཡེར་མའི་སྡོང་ཕྲུག་བཙུགས་པས། ཏང་ཡོན་གྱིས་བྱས་རྗེས་འཇོག་པ་དང་མང་ཚོགས་ལ་ཕན་འདོགས་པ་ཡི་ཐོན་ལས་ཡོང་འཕར་བྱེད་སྟངས་གསར་པ་མངོན་འགྱུར་བྱས།
རྫོང་གྲམ་སྡེ་བའི་གཡེར་མའི་ཐོན་ཚད་དང་རྒྱུ་སྤུས་ཇེ་མཐོར་གཏོང་བ་དང་སྡེ་མིའི་ཡོང་སྒོ་ཇེ་མཐོར་གཏོང་ཆེད། ཉིས་སྟོང་ཉེར་གཅིག་ལོར་སྡེ་བའི་ནང་དུ་ཞུན་ཧྭ་རྫོང་རབ་ཞིམ་གཡེར་མ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས། མཉམ་ལས་ཁང་གིས་ཞིང་ཁྱིམ་སྔར་ལས་མང་པོ་གཡེར་སྡོང་འཛུགས་པའི་ཁྲོད་ཞུགས་སུ་བཅུག་པ་ལས་གཞན། ད་རུང་རྫོང་གྲམ་གཡེར་མའི་ཕྱིར་བཙོང་གི་ཚོང་ཁྲོམ་སྔར་ལས་ཇེ་ཆེར་གཏོང་ཆེད། སྦྱོར་བཟོ་ཞིབ་མོ་དང་ཕྱིར་བཙོང་ལྷུ་ཚིགས་ལ་བསྟུད་མར་ཤུགས་བསྣན་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་བྱེད་པ་སོགས་ཀྱི་ཕྱོགས་ལ་རྨང་གཞི་བཏིངས་།
གཡེར་སྡོང་ཕྲ་མོ་དེ་སྡེ་མི་རྣམས་ཀྱི“དཔག་བསམ་ཤིང”དུ་གྱུར་བས་བྱམས་པར་དགའ་སྤྲོ་ཚད་མེད་སྐྱེས་ཡོད། གཡེར་སྡོང་འཛུགས་པའི་སྨྱུ་གུས་ཡོང་སྒོ་འཕར་བའི་འཆར་འགོད་རྫོང་གྲམ་སྡེ་བའི་ཞིང་ཁའི་བར་དུ་རིམ་བཞིན་བྲིས་ཡོད་པས། མ་འོངས་པའི་འཕེལ་རྒྱས་སྐོར་ལ་བྱམས་པ་ཡིད་ཆེས་ཀྱིས་ཁེངས་ཡོད། གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་སྟེང་དུ་རྫོང་གྲམ་སྡེ་བའི་ཁྱད་ལྡན་གཡེར་མའི་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། སྡེ་མི་རྣམས་ཀྱི་ཡོང་སྒོ་ཇེ་མང་ནས་ཇེ་མང་དུ་འགྲོ་ཐུབ་པར་བྱམས་པ་ཡིད་ཆེས་ཀྱིས་བརྟས་འདུག
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།