ཐར་ཐོར་གྱིས་གསོ་སྤེལ་བྱེད་པ་ནས་ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་སྤེལ་དང་། སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་སྟངས་ནས་དེང་རབས་ཀྱི་ཕྱུགས་ལས་འཕེལ་རྒྱས་བར། ལོ་ངོ་བརྒྱ་སྟོང་གི་རིང་ལ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཆུར་བསྟུན་ནས་གནས་ངེས་མེད་དུ་སྡོད་པའི་རོང་འབྲོག་པ་རྣམས་ཀྱིས་ཕྱུགས་ལས་འཕེལ་རྒྱས་ཀྱི་དཔྱིད་ཀ་ཞིག་བསུས་བྱུང་།
ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས“ཡུས་ཧྲུའུ་ཕྱུགས་ལས་ཀྱི་འཕེལ་ཁ་བསྐྱར་གསོ་བྱེད་པ”ཡི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས། ཞིང་ཕྱུགས་ལས་ལ་རྐང་འཛུགས་པ་དང་རོང་འབྲོག་ཁུལ་དུ་ཁ་ཕྱོགས་པ། རོང་འབྲོག་པར་ཞབས་འདེགས་ཞུ་བ་བཅས་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་རྨང་གཞི་འདིང་བ་གཙོ་བོར་བརྩིས་ཏེ། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་ཚོང་རྟགས་ཀྱི་ཕན་འབྲས་གཉིས་ཀ་ཐོན་ཞིང་། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་འོས་འཚམ་གྱིས་མཉམ་འདྲེས་བྱས་ཏེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་ཧུར་ཐག་གིས་བསྐྱོད།
ལྗང་མདོག་ཚོང་རྟགས་ཀྱིས་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་བཏང་། “2016ལོར། ཞིང་ལས་ཞིང་སྡེ་པུའུ་ཡིས‘ཡུས་ཧྲུའུ་ནོར་གནག’ལ་ཞིང་ཞོར་ཐོན་རྫས་ཀྱི་ས་གཤིས་མཚོན་རྟགས་ཐོ་འགོད་དང་སྲུང་སྐྱོབ་བྱེད་པའི་ཆོག་མཆན་དངོས་སུ་བཀོད། 2017ལོར།‘ཡུས་ཧྲུའུ་ནོར་གནག’གི་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལེགས་ཆ་ཁུལ་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལེགས་ཆ་ཁུལ་གྱི་མིང་ཐོའི་གྲས་སུ་བདམས་ཤིང་། 2019ལོར། མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཡུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་གྲས་སུ་ཚུད། ལོ་དེར‘ཀྲུང་གོའི་ཞིང་ལས་ཐོན་རྫས་ལེགས་ཤོས་བརྒྱའི་མཚོན་རྟགས་རང་བཞིན་གྱི་ཚོང་རྟགས’སུ་བདམས།” ཉེ་ལམ། ཀྲུང་གོ(ཡུས་ཧྲུའུ)ནོར་གནག་ཐོན་ལས་ཀྱི་ཚོགས་ཆེན་སྟེང་། ཡུས་ཧྲུའུ་ཁུལ་གྱིས་ཡུས་ཧྲུའུ་ཡི་ནོར་གནག་ཡུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་གྲས་སུ་ཚུད་པ་ཁྱབ་སྒྲོག་བྱས་པ་དང་། འཛམ་གླིང་ནོར་གནག་རྒྱུན་མཐུད་འཕེལ་རྒྱས་སུ་གཏོང་བའི“ཡུས་ཧྲུའུ་བསྒྲགས་གཏམ”ཐོག་མ་སྒྲོག་འདོན་བྱས།
“རིམ་པ་མཐོན་པོ། ཕན་འབྲས་ལྡན་པ། ཐོན་རྫས་ཚོང་རྟགས”བཅས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་མཚམས་གསལ་པོ་ཞིག་ཡོད་པ་ནང་ལྟར། ཉེ་བའི་ལོ་འགའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་ཕན་འབྲས་ལྡན་པའི་ཕྱུགས་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་འབོད་སྐུལ་དང་ལེན་བྱས་ཏེ། ཡུལ་ཁོངས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། “ཐོན་རྫས་གཉིས་དང་མཚོན་རྟགས་གཅིག”གི་བདེན་དཔང་ངོས་འཛིན་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས། “ཡུས་ཧྲུའུ་ནོར་གནག”དང“རྫ་སྐྱ་ལུག”“ཡུས་ཧྲུའུ་འུ་སུ།”“ཡུས་ཧྲུའུ་ནས་ནག”“ཡུས་ཧྲུའུ་གྲོ་མ”བཅས་ཞིང་ལས་ཐོན་རྫས་ཀྱི་ས་གཤིས་མཚོན་རྟགས་ཐོ་འགོད་དཔང་རྟགས5དང་། ལྗང་མདོག་ཟས་རིགས་མཚོན་རྟགས་བཀོལ་སྤྱོད་ཀྱི་དཔང་ཡིག22། ཕན་ལྡན་གྱི་བདེན་དཔང་ངོས་འཛིན་དཔང་ཡིག4བཅས་བདེ་བླག་གིས་བླངས་ཏེ། ཡུས་ཧྲུའུ་ཁུལ“ཐོན་རྫས་གཉིས་དང་མཚོན་རྟགས་གཅིག”གི་བདེན་དཔང་ངོས་འཛིན་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོ་ཐུབ་པར་གྱུར།
“མ་འོངས་པ་ན། ཡུས་ཧྲུའུ་ཁུལ་གྱིས་ཡུས་ཧྲུའུ་ཞིང་ཕྱུགས་ཐོན་རྫས་ཀྱི་བཙོག་སྐྱོན་མེད་པ་དང་ལྗང་མདོག་དང་ཕན་འབྲས་ལྡན་པའི་ལྷན་སྐྱེས་ལེགས་ཆ་དང་ཚོང་རྟགས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ། ཡུས་ཧྲུའུ་ཡི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཚོང་རྟགས་ཀྱི་སྤུས་ཀ་ཧུར་བརྩོན་གྱིས་མཐོར་འདེགས་བྱེད་པ་དང་། གངས་ལྗོངས་ཀྱི་དྭངས་གཙང་དང་ཐུན་མོང་མ་ཡིན་པའི་ཚོང་རྟགས་ཀྱི་དར་ཆ་ལྟ་བུར་བརྩི་བ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་ཁུངས་ཀྱི་ས་བོན་དང་རིགས་རྒྱུད་སྲུང་སྐྱོབ་དང་གསར་སྤེལ་བྱེད་པ། ཞིང་ཕྱུགས་ཐོན་རྫས་ཀྱི་སྦྱོར་བཟོའི་སྦས་ཤུགས་སྔོག་འདོན་བྱེད་པ་བཅས་བརྒྱུད་དེ། ནོར་གནག་དང་བོད་ལུག ནས། འུ་སུ། གྲོ་མ་སོགས་ཀྱི་ཐོན་རྫས་ལེགས་ཤོས་རབ་དང་རིམ་པ་ཤུགས་ཆེན་པོས་བསྐྲུན་རྒྱུ་དང་། ལྗང་མདོག་གི་ཞིང་ཕྱུགས་ཐོན་རྫས་ཚོང་རྟགས་ཀྱི་སྙན་གྲགས་དང་མཚན་སྙན་མཐོར་འདེགས་བྱེད་རྒྱུ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན”ཞེས་ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཉི་མ་ཚེ་རིང་གིས་དེ་ལྟར་བཤད།
ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་ཧུར་བརྩོན་གྱིས་གསོ་སྐྱོང་བྱེད་པའི་གོ་རིམ་ཁྲོད་དུ། ཡུས་ཧྲུའུ་ཁུལ་གྱིས་ཚན་རྩལ་གྱིས་སྣེ་འདྲེན་པ་དང་འཇོན་མི་སྲོག་ཤིང་བྱས་ཏེ། ལག་རྩལ་གསར་པ་དང་རིགས་རྒྱུད་གསར་པའི་ནང་འདྲེན་དང་སྡུད་ལེན། ཁྱབ་གདལ་བཅས་ལ་ཤུགས་སྣོན་བྱས་ནས་དེང་རབས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་དང་སྒྲིག་ཆས་ཞིང་ཕྱུགས་ལས་ཐོན་ལས་ཅན་སོ་སོར་བཀོལ་རྒྱུ་རེད། “ང་ཚོས་ཁེ་ལས་གཙོ་བོའི་ཚན་རྩལ་འདུས་ཚད་མཐོར་འདེགས་བྱེད་པ་དང་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་ལས་ཀྱི་ཆུ་ཚད་ཧྲིལ་པོ་ཇེ་མཐོར་གཏོང་བར་ཧུར་བརྩོན་གྱིས་སྐུལ་མ་གཏོང་རྒྱུ་ཡིན། ལས་གཞིས་སྣེ་ཁྲིད་བྱེད་པ་བརྒྱུད་ནས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན། དེང་རབས་ཅན་གྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་ཐོན་ལས་རྟེན་གཞི་བསྐྲུན་ནས། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་སྦྱོར་བཟོ། ཕྱིར་འཚོང་སོགས་གཞི་གཅིག་ཏུ་སྦྲེལ་བ་དང་། ནོར་གནག་དང་བོད་ལུག་གཙོ་བོ་ཡིན་པའི་ཡུས་ཧྲུའུ་ཡི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་ཚོང་རྟགས་ཐོན་རྫས་བསྐྲུན་རྒྱུ་ཡིན”ཞེས་ཡུས་ཧྲུའུ་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་བཀྲ་ཤིས་ཀྱིས་བཤད།
མཉམ་འདྲེས་འཕེལ་རྒྱས་དང་ཐོན་ལས་ཁྱུ་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པ། དབྱར་གཞུང་དུ་ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ལེབ་ཡུལ་ཚོའི“འབྲོང་ཚ་གསོ་སྤེལ་རྟེན་གཞི”རུ་བསྐྱོད་པ་ན། རང་བྱུང་གི་རྩྭ་ཐང་དུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ཏེ་རྩྭ་ལ་རོལ་བཞིན་འདུག ཤ་ཤེད་རྒྱས་པའི་ནོར་ལུག་དེ་དག་མཐོང་དུས་ཆུ་དམར་ལེབ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱི་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས།“འབྲོང་ཚ་གསོ་སྤེལ་རྟེན་གཞི”ཡིས་རྩྭ་ས་སྤྱི་ཆིང་ཁྲི1.23བཟུང་ཡོད་ལ། ཆུ་དམར་ལེབ་ཡུལ་ཚོའི་གྲོང་གསེབ་དར་སྤེལ་གྱི་ལས་གཞི་གཙོ་བོ་ཞིག་ཡིན་ཞིང་། ཆུ་དམར་ལེབ་ཡུལ་ཚོའི་ཐུན་མོང་དཔལ་འབྱོར་གྱི་ལས་གཞི་ཞིག་ཀྱང་རེད། “འདི་ནས་ནོར་གནག1800དང་ཡང་ན་ལུག7000ལྷག་གསོས་ན་ཆོག ཡུལ་ཚོ་ཡོངས་ལ་མི5300ལྷག་ཡོད། རྩྭ་ས་ཚུར་སྡུད་པའི་མང་ཉུང་ལྟར་ཁེ་སྤོགས་བགོས་པ་ཡིན་ལ། མི་རེ་རེར་ཐོན་ལས་ཀྱིས་བསྩལ་བའི་ཁེ་སྤོགས་ལོངས་སུ་སྤྱོད་པར་ཁག་ཐེག་བྱས་པ་ཡིན”ཞེས་རྡོ་རྗེ་དགྲ་འདུལ་གྱིས་དེ་ལྟར་བཤད།
མིག་སྔར། ཡུས་ཧྲུའུ་ཁུལ་གྱིས་མ་དངུལ་དང་མི་ཤུགས། ལག་རྩལ། ཆ་འཕྲིན་སོགས་ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་བསྡུས་བྱས་ཏེ། ནོར་གནག་ཐོན་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་དང་ནོར་གནག་ཐོན་རྫས་ཀྱི་སྦྱོར་བཟོ་ཞིབ་མོ། ནོར་གནག་གཉེར་སྐྱོང་གི་རྩ་འཛུགས་འཛུགས་སྐྲུན་སོགས་ཀྱི་ནང་དོན་གཙོ་བོ་འབུར་དུ་དོད་ཅིང་དེར་དམིགས་ནས། ཞིང་ཕྱུགས་ཐོན་ལས་ཅན་མཉམ་འབྲེལ་གྱིས་སྣེ་འདྲེན་བྱེད་པ་དང་ཁེ་ལས་གཙོ་བོ་གཞིར་བྱས་ནས་ནོར་གནག་ཐོན་ལས་ཀྱི་ཁེ་ཕན་གཅིག་སྦྲེལ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཐོན་ལས་དང་པོ་ཇེ་བརྟན་དུ་གཏོང་བ་དང་ཐོན་ལས་གཉིས་པའི་སྤུས་ཚད་མཐོར་འདེགས་གཏོང་བ། ཐོན་ལས་གསུམ་པ་ཡུན་བསྲིངས་པ་བཅས་ཕུང་པོ་གཅིག་ཏུ་འདུས་ཤིང་། མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་འབུར་དུ་ཐོན་པ། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་བཅས་དམ་པོར་འདྲེས་པ། སྦྲེལ་ཐག་གི་གྲུབ་ཚུལ་འོས་ཤིང་འཚམ་པ་བཅས་ཀྱི་ནོར་གནག་ཐོན་ལས་ཀྱི་ཁྱུ་ཚོགས་ཤིག་སྐྲུན་བཞིན་ཡོད། “ང་ཚོས་ཡུས་ཧྲུའུ་ཡི་ཁྱད་ཆོས་ལ་རྐང་བཙུགས་ཏེ། ནོར་གནག་དང་འབྲོག་ལུག ནས། འུ་སུ་བཅས་གཙོ་བོ་ཡིན་པའི་ཡུལ་ཁོངས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་གཙོ་ཁྲིད་ཐོན་ལས་འབུར་དུ་དོད་ནས་འཕེལ་རྒྱས་བཏང་ཞིང་། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱས་ནས། ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ལས་དེ་འཕེལ་རྒྱས་ཟབ་མོའི་་བགྲོད་ལམ་ཞིག་ཏུ་བསྐྱོད་དེ། ཡུས་ཧྲུའུ་ས་ཆ་འདི‘ལྗང་མདོག་ཕན་འབྲས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་གནས་དང་མཁོ་འདོན་ཁུལ་གཙོ་བོ’དང་། ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་ལྗང་མདོག་དང་ཕན་འབྲས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཁུལ་དང་སྔོན་ཐོན་ཁུལ་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན”ཞེས་ཚེ་རིང་བཀྲ་ཤིས་ཀྱིས་དེ་ལྟར་བཤད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།