རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི“ལྗང་མདོག་ཕྱུག་འགྱུར་གྱི་ལམ་བུ”སྔར་ལས་ཇེ་ཡངས་སུ་གྱུར།
2022.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

སྐྱེ་ཁམས་དོ་དམ་ལྟ་སྲུང་བར་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པ་དང་ནགས་སྐྲུན་ལྗང་སྒྱུར་བྱས་ནའང་ཡོང་སྒོ་ཡོད་པ།ཚན་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་བགྲོད་ལམ་གསར་བ་སྐྲུན་པ་མངོན་འགྱུར་བྱུང་། མཚོ་སྔོན་དུ། སྐྱེ་ཁམས་རིན་ཐང་ལ་འཛད་ཐབས་མེད་པ་དང་། “ལྗང་མདོག་དང་། འབྱོར་ཕྱུག སྟོབས་ལྡན”གྱི་ཕྱོགས་བསྡུས་ཕན་འབྲས་ཁྱབ་རྒྱ་མུ་མཐུད་རྒྱ་སྐྱེད་དེ། རོང་འབྲོག་མང་ཚོགས་སྔར་ལས་མང་པོས“སྐྱེ་ཁམས་ཀྱི་ཕོར་བ”ལ་བརྟེན་ནས“སྐྱེ་ཁམས་ཀྱི་ཟ་མ”ཟ་ཐུབ་པར་གྱུར།

སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་ལས་གནས་ཀྱི་ཡོང་སྒོ་བརྟན་འཇགས་སྒོས་འཕར་བ་མངོན་འགྱུར་བྱུང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས་སུ། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གཉིས་རི་བོའི་ཕར་ཚུར་དུ་ཁ་སྤྲོད་དུ་གནས་ཤིང་། དྭངས་ཤིང་གཙང་བའི་མཚེའུ་སྟེང་དུ་ཉི་འོད་འཕྲོས་པ་དང་རླབས་ཕྲེང་ལང་ལོང་དུ་འཕྱུར། གནས་འདི་གར་འཚོ་བ་རོལ་བཞིན་པའི་ཚེ་རིང་རྒྱལ་སྐྱེ་ཁམས་ལྟ་སྲུང་བ་ཞིག་ཏུ་གྱུར་ནས་ལོ་བཞི་འགོར་བ་དང་། དེའི་རིང་ཁོ་ལ་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པའི་དུས་མཚུངས་སུ། ཁོས་སྐྱེ་ཁམས་ཇེ་བཟང་ནས་ཇེ་བཟང་དུ་སོང་བའི་མཉམ་འབྲེལ་འགྱུར་ལྡོག་ཞིག་དངོས་སུ་བདེན་དཔང་བྱེད་བཞིན་ཡོད། “བྱིས་པ་བདེ་བླག་གིས་སློབ་གྲྭ་ཆེན་མོ་འགྲིམས་ཐུབ་པ་བྱུང་བ་དང་། ང་ཚོ་ཡང་ཁང་པ་གསར་བའི་ནང་སྡོད་ཐུབ་པ་བྱུང་། ཟླ་རེ་རེར་སྐྱེ་ཁམས་ལྟ་སྲུང་པའི་ལས་གནས་ཀྱི་ཟླ་ཕོགས་ལེན་བཞིན་ཡོད་པས། འགན་སྲུང་ཡང་ཡོད་པ་རེད།” ད་ལྟའི་འཚོ་བའི་སྐོར་གླེང་སྐབས་ཚེ་རིང་རྒྱལ་ཡིད་ཆེས་ཆེན་པོས་ཁེངས་འདུག རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཚེ་རིང་རྒྱལ་དང་འདྲ་བར་སྐྱེ་ཁམས་དོ་དམ་ལྟ་སྲུང་བའི་ལས་གནས་སྟེང་ནས་ཁེ་ཕན་རེག་པའི་མི་སྣ་མི་ཉུང་བ་ཞིག་ཡོད་པ་རེད།

ད་ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དཔལ་འབྱོར་བརྟན་པོའི་ངང་དམ་འཛིན་བྱེད་པའི་སྲིད་ཇུས་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཆེད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་མུ་མཐུད་དུ་སྐུལ་འདེད་བཏང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་ལས་ཞུགས་བརྟན་འཇགས་རྒྱུན་འཁྱོངས་དང་། ལས་ཞུགས་ལ་འགན་སྲུང་བྱ་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་ནས་རིམས་ནད་ཀྱི་ཤན་ཤུགས་ལ་འབད་བརྩོན་ཆེན་པོས་གདོང་གཏད་དེ། 《མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་དོ་དམ་བྱ་བར་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ས་གནས་སོ་སོས་མི་སྣ་གདན་ཞུའི་འགུལ་རྣམ་གྱི་དོ་དམ་ནན་ཏན་སྒོས་སྒྲུབ་པར་སྐུལ་འདེད་བཏང་ནས་སྔོན་ལ་དབུལ་བོ་ལས་ཐར་བའི་མི་རྣམས་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་རུ་བསྡུ་ལེན་བྱས་པ་དང་། སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ས་གནས་རང་གི་དོན་དངོས་ལ་གཞིགས་ནས“རྫོང་རེར་སྲིད་ཇུས་རེ་དང་ཡུལ་ཚོ་རེར་དོན་དག་རེ”ལག་བསྟར་དང་། ཚན་རིག་དང་མཐུན་ཞིང་། སྣ་མང་བ། འོས་འཚམ་གྱི་ལས་གནས་བཀོད་སྒྲིག་བྱས་ཏེ། “མི་སྣ་གཅིག་གིས་མང་པོ་ནུས་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་ལ་འགན་སྲུང་བྱས། དེ་དང་ཆབས་ཅིག ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་འབྲེལ་སྒོས་སྐྱེ་ཁམས་དོ་དམ་ལྟ་སྲུང་པའི་ད་ལྟའི་གནས་བབ་ཐད་ནས་ཆེད་དོན་རྟོག་དཔྱོད་བྱས་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དོ་དམ་ལྟ་སྲུང་པས་ཕྱོགས་མང་པོ་ནས་དོ་དམ་བྱེད་པ་དང་། ཚད་གཞི་མི་གཅིག་པ་སོགས་ཀྱི་གནད་དོན་དངོས་གནས་ཐག་གཅོད་བྱས་ལ། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་དོ་དམ་ལྟ་སྲུང་པ་ཚད་ལྡན་ཅན་དང་། ཚད་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། མིག་སྔའི་བར་ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་། ནགས་ཚལ། བརླན་སའི་སྐྱེ་ཁམས་དོ་དམ་ལྟ་སྲུང་བའི་སྤྱི་ཕན་ལས་གནས་བསྡོམས་པས་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔ་ལྷག་ཡོད་པ་དང་། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཀྱི་ལས་གནས་ཁྲི་བཞི་སྟོང་དགུ་དགུ་བརྒྱ་ཡོད་པ་དང་། རྨ་འབྲི་རྫ་གསུམ་་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པ་མངོན་འགྱུར་བྱུང་བ་དང་། འབྲོག་པ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་ལ་མི་རེར་ལོ་རེར་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡོད་པར་གྱུར།

སྡོང་འཛུགས་ནགས་སྐྲུན་གྱིས་ཁོར་ཡུག་ལ་འགྱུར་ལྡོག་བཏང་བར་མ་ཟད་འཚོ་བར་ཡང་འགྱུར་ལྡོག་བཏང་།

རྒུད་སྐྱོབ་ཀྱི་ཚབ་ཏུ་ལས་ཀ་ལས་པ་ནི་རང་རྒྱལ་གྱི་དབུལ་སྐྱོར་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། དབུལ་བོར་རོགས་སྐྱོར་དང་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ཐད་ནུས་པ་ཆེན་པོ་འདོན་སྤེལ་བྱས། མཚོ་སྔོན་དུ་སྡོང་འཛུགས་ནགས་སྐྲུན་གྱིས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་རྒུད་སྐྱོབ་ཀྱི་ཚབ་ཏུ་ལས་ཀ་ལས་པར་སྐུལ་འདེད་བཏང་བ་དེ་ནི་ས་གནས་རང་གི་གནས་ཚུལ་དང་བསྟུན་པའི་འཚོལ་ཞིབ་གལ་ཆེན་ཞིག་ཡིན་པ་མ་ཟད། གྲོང་གསེབ་དར་སྤེལ་གྱི་ཆེད་དུ་མུ་མཐུད་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ད་ལོར། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས《2022ལོའི་ཚན་རིག་དང་མཐུན་པའི་ལྗང་བསྒྱུར་བྱ་བ་ནན་ཏན་གྱིས་ལེགས་པོར་སྒྲུབ་པའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོ》སྒྲིག་བཟོ་བྱས་ཏེ་མར་བཀྲམས་པ་དང་། ས་གནས་སོ་སོས་སྔོན་ལ་འཛུགས་སྐྲུན་བྱེད་པ་དང་རྗེས་སུ་ཁ་གསབ་བྱེད་པའི་སྲིད་ཇུས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ས་གནས་རང་གི་གནས་ཚུལ་དང་བསྟུན་ནས་སྡེ་བ་ཐུན་མོང་དང་། མཉམ་ལས་ཁང་། སྡེ་དམངས་སྐུལ་སློང་བྱས་ནས་ནགས་སྐྲུན་བཟོ་སྐྲུན་ནང་ཞུགས་པ་དང་། གཙོ་བོར་དབུལ་ཐར་སྡེ་བ་དང་། དབུལ་ཐར་ཁྱིམ་ཚང་ལ་སྐུལ་སློང་དང་སྣེ་ཁྲིད་བྱས་ཏེ་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བ་ལ། རྒུད་སྐྱོབ་ཀྱི་ཚབ་ཏུ་ལས་ཀ་ལས་པའི་བྱེད་ཐབས་ཧུར་ཐག་གིས་རྒྱ་སྐྱེད་དེ། རོང་འབྲོག་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་མུ་མཐུད་སྣེ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།

ལོ་སྟོད་དུ། ནགས་རྩྭའི་སྐྱེ་ཁམས་སྲུང་སྐྱོབ་ཞིག་གསོ་བཟོ་སྐྲུན་གྱིས་མི་འབུམ་གཅིག་དང་ཁྲི་གསུམ་སྟོང་བརྒྱད་བདུན་བརྒྱས་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཀ་ལས་པར་སྐུལ་ཁྲིད་བྱས་པ་དང་། མི་རེར་ཆ་སྙོམས་སྒོར་མོ་སྟོང་གཅིག་དང་སུམ་བརྒྱ་གོ་ལྔ་ཡི་ཡོང་སྒོ་ཡོད་པར་གྱུར། དེའི་ཁྲོད་དབུལ་ཕོངས་མི་གྲངས་སྟོང་བརྒྱད་དང་དྲུག་བརྒྱ་ལྔ་བཅུ་ཡོད་པ་དང་། མི་རེར་ཆ་སྙོམས་སྒོར་མོ་སྟོང་གསུམ་དང་བརྒྱད་བརྒྱ་གོ་གསུམ་ཡོད་ཅིང་། ངལ་རྩོལ་གླ་ཆ་སྒོར་མོ་དུང་ཕྱུར་གཉིས་ཙམ་བྱིན་ཡོད། “རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་གནད་དོན་ཐག་གཅོད་བྱས་ན། ཁྱིམ་ལ་ལྟ་སྐྱོང་བྱེད་ཐུབ་པའི་དུས་མཚུངས་སུ་ད་དུང་ཟླ་ཕོགས་ཀྱང་ལེན་ཐུབ་པས། ཁྱིམ་མི་ཚང་མ་ཧ་ཅང་དགའ་ཡོད་པ་དང་། ང་རང་ཞོར་ལས་ལ་འགྲོ་བར་ཡང་སྔར་ལས་རྒྱབ་སྐྱོར་བྱེད་བཞིན་ཡོད།”ད་ལོ་ལོ་ན་ཞེ་ལྔར་སླེབས་པའི་ཀོ་ལན་ཡུན་སྡེ་བས་རྩ་འཛུགས་བྱས་པའི་སྡོང་འཛུགས་ནགས་སྐྲུན་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་པར་མ་ཟད། རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ལས་ཞུགས་ཀྱི་གོ་སྐབས་བརྩོན་ལེན་བྱས་ཏེ། ཡོང་སྒོ་འཕར་ཐུབ་པ་བྱུང་།

ལྗང་མདོག་གིས་ཡོང་སྒོ་འཕར་སྣོན་དང་ཕན་འབྲས་ཀྱང་མཐོ་རུ་བཏང་ཡོད་དེ། སྡེ་མིའི་དངུལ་ཁུག་སྔར་ལས་མཐུག་པོར་གྱུར་ཡོད།

རང་ཁྱིམ་གྱི་སྒོ་ཁ་ནས་ཞིང་བའི་སྤྲོ་ཁྱིམ་ཁང་གཉེར་བ་དང་། རང་བྱུང་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ལ། སྐྱེ་ཁམས་གསོ་སྤེལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཤིག་གྲུབ་པར་བྱས་ཡོད། གཞུང་ངོས་ནས་ཉེ་བའི་ལོ་འགའི་རིང་གི་ལྗང་མདོག་འཕེལ་རྒྱས་ལ་བལྟས་ན། མཚོ་སྔོན་ཞིང་ཆེན་གྱིས་རྒྱུགས་ལན་ཡག་པོ་ཞིག་སྤྲད་ཡོད་པ་རེད།  “ལྗང་མདོག་སྐྲུན་པ་དང་། ཡོང་སྒོ་འཕར་བ། ཕན་འབྲས་འཕར་བ”གཙོ་ཐིག་ཡིན་པ་དང་། སྲུང་སྐྱོབ་ནན་མོ་བྱེད་པའི་རྨང་གཞིའི་སྟེང་། དབུལ་ཐར་ས་ཁུལ་གྱི་ནགས་རྩྭའི་ཐོན་ལས་ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་པ་དང་། ཁྱད་ལྡན་ནགས་རྩྭ་འདེབས་འཛུགས་བྱེད་པ་དང་། ཁྱད་ཆོས་ལྡན་པའི་སྒོ་ནས་གསོ་སྤེལ་བྱེད་པ། སྐྱེ་ཁམས་ཡུལ་སྐོར། ནགས་འདབས་ཀྱི་དཔལ་འབྱོར་སོགས་ནགས་རྩྭའི་སྐྱེ་ཁམས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ། རོང་འབྲོག་པ་མང་ཚོགས་སྔར་ལས་མང་པོའི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས། ད་ལོར་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་ད་དུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་མཉམ་འབྲེལ་བྱས་ནས“དབྱར་རྩྭ་དགུན་འབུའི་དུས་ཚིགས”ཀྱི་བྱེད་སྒོ་རྒྱལ་ཁའི་སྒྲུབ་པར་བརྟེན་ནས་བརྗེ་རེས་ཀྱི་མ་དངུལ་སྔོན་དཔག་བྱས་ན་སྒོར་མོ་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་ལས་བརྒལ་ཡོད་ལ། དེས་ཕན་འབྲས་ལྡན་པའི་སྒོ་ནས་རོང་འབྲོག་པའི་ཡོང་སྒོ་འཕར་བ་དང་། ཁེ་ལས་ཀྱི་ཕན་འབྲས་འཕར་བར་སྐུལ་ཁྲིད་བྱས་ཡོད་ཅིང་། གཞི་རྩའི་དམངས་ཚིས་ལའང་དངོས་གནས་འགན་སྲུང་བྱས་ཡོད།

དེའི་མི་ཚད་ད་དུང་ཚན་རྩལ་གྱི་ནུས་པར་ཡང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཤེས་པའི་གནས་ཚུལ་ལྟར་ན།“ནགས་རྩྭའི་མཐོ་གསར་ལག་རྩལ་མཚོ་སྔོན་དུ་སྤེལ་བའི”བྱེད་སྒོ་བརྒྱུད་དེ། རང་ཞིང་གིས་ཆེད་མཁས་ཞབས་ཞུའི་ཚོགས་པ་བཅུ་དྲུག་བཙུགས་པ་དང་ཚན་རྩལ་ཆེད་མངགས་པ་བརྒྱ་དང་ཉི་ཤུ་བདམས་ནས་ཁེ་ལས་དང་ལས་དོན་ལས་ཁུངས་དང་། ནགས་ཁུལ་ནགས་ར། ཞིང་སྡེའི་མཉམ་ལས་ཁང་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་ནགས་རྩྭའི་ཚན་རྩལ་གྱི་ཆ་སྒྲིག་རོགས་སྐྱོར་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། རོང་འབྲོག་མང་ཚོགས་ཀྱི་ལས་སྐྲུན་གསར་གཏོད་ལ་སྣེ་ཁྲིད་དང་སྐུལ་འདེད་བྱས། ཚན་རྩལ་གྱི་འདེགས་སྐྱོར་འོག་ཏུ། ནགས་རྩྭའི་ཚན་རྩལ་མི་སྣ་ཉེར་གཅིག་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའུ་ཡིས་ས་གནས་དེ་གའི་ནགས་རྩའི་ཆེད་མཁས་པར་བརྐོས་ཤིང་། མཚོ་འཕང་མཐོ་བའི་ས་ཁུལ་གྱི་མཁར་གྲོང་ལྗང་བསྒྱུར་དང་། ཀྲུང་ལུགས་སྨན་རྫས་འདེབས་འཛུགས་སོགས་ཚན་རྩལ་ཁྱབ་གདལ་ལས་གཞི་ལ་བརྟེན་ནས་ཤེས་ལྡན་མི་སྣའི་བརྗེ་རེས་དང་མི་སྣ་གསོ་སྦྱོང་བྱས་པ་དང་། ད་ལོའི་ལོ་སྟོད་དུ་རིམ་རྩིས་བྱས་ན་རོང་འབྲོག་པ་དང་ནགས་རྩྭའི་ལག་རྩལ་མི་སྣ་སྟོང་གཉིས་དང་དགུ་བརྒྱ་ཙམ་ལ་གསོ་སྦྱོང་བྱས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།