ཕ་ཡུལ་གྱི་སྔོ་ཞིང་དྭངས་པའི་རི་ཆུ་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས།
2022.11.01 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 36

 

མང་ཚོགས་མང་པོ་ཞིག་སྐྱེ་ཁམས་ལྟ་སྲུང་པའི་རུ་ཁག་ཁྲོད་ཞུགས་པ།

“འདི་ནི་དམངས་སེམས་སུ་དྲོ་སྐྱིད་ལྡན་པ་དང་མང་ཚོགས་བར་འབྲེལ་འདྲིས་ཐུབ་པའི་སྙན་ཞུ་ཡག་པོ་ཞིག་རེད། ང་ཚོའི་མ་འོངས་པའི་འཚོ་བར་སྔར་ལས་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད”།

“སྙན་ཞུར་ལྟ་སྐབས‘མི་དམངས་ལྟེ་བར་འཛིན་པའི’འཕེལ་རྒྱས་ཀྱི་བསམ་བློ་དེ་ལས་ང་ཚོ་འབྲོག་པས་མ་འོངས་པའི་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་མདུན་ལམ་མཐོང་ཐུབ”།

“ང་ཚོ་འདི་གར་སྐྱེས་པ་དང་། འཚར་ལོངས་བྱུང་བ། འཚོ་བ་སྐྱེལ་བ་བཅས་ཀྱི་ཐད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་པ་དང་ང་ཚོས་མཛེས་སྡུག་ལྡན་པའི་ང་ཚོའི་ཁྱིམ་གཞིས་བརྟན་སྲུང་ཡག་པོ་བྱེད་དགོས”ཞེས་བསྟན་ཡོད།

བསྟུད་མར་ཉིན་ཤས་རིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྔོ་ཞིང་དྭངས་པའི་རི་ཆུའི་ཁྲོད་དུ་འཕྱུར་ཞིང་། ཚང་མས་སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས་པ་བརྒྱུད་དེང་ཕྱིན་འཚོ་བར་བདེ་སྐྱིད་ལྡན་པའི་རི་མོ་སྔར་ལས་ཇེ་གསལ་དུ་ཕྱིན།

སྔ་མོ་ནས་སློབ་སྦྱོང་དང་། སྔ་མོ་ནས་གོ་བ་གསལ་ལེན། སྔ་མོ་ནས་དོན་འཁྱོལ་བཅས་བྱེད་དགོས། ཟླ10བའི་ཚེས24ཉིན་གྱི་སྔ་དྲོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོའི་ཏང་ཡོན་བྱེད་སྒོའི་ཁང་དུ་དམིགས་བསལ་གྱི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་བསྡུ་བཞིན་ཡོད་ཅིང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་དང་། ཏང་ཡོན། ཡུལ་ཚོ་ཡོངས་ཀྱི་ཕུལ་བྱུང་སྐྱེ་ཁམས་ལྟ་སྲུང་པ་བཅས་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་མཉམ་དུ་སློབ་སྦྱོང་དང་གོ་བ་ལེན་བཞིན་ཡོད་པ་རེད།

ཏང་ཡོན་གྱི་བྱེད་སྒོ་སྤེལ་ཡུལ་དུ་མིས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་ཡོད། ཟོ་སྐྱ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་གཟབ་ནན་ངང་ཀློག་འདོན་བྱེད་བཞིན་པ་དང་། ཚང་མས་བློ་རྩེ་གཅིག་སྒྲིམ་སྒོས་ཉན་ཞོར་དུ་ཟིན་བྲིས་འགོད་བཞིན་ཡོད། “ང་ཚོས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། རི་ཆུ་ནགས་གསུམ་དང་། ཞིང་ལས། མཚོ་མཚེའུ། བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་འཐུས་སྒོ་ཚང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལོ་རྒྱུས་ཀྱི་རང་བཞིན་དང་། ཕྱོགས་བསྒྱུར་རང་བཞིན། ཁྱོན་ཡོངས་ཀྱི་རང་བཞིན་བཅས་ཀྱི་འཕོ་འགྱུར་བྱུང་བ། ང་ཚོའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་། རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་པ”ཞེས་ཀློག་འདོན་བྱེད་སྐབས་སུ། བྱ་འགུལ་གྱི་ཁང་བའི་ནང་ཐལ་མོའི་རྡེབ་སྒྲ་དང་བགྲོ་གླེང་གི་སྒྲས་ཁེངས་སོང་།

ཝུའུ་ཡུས་ཀྱིས་བཤད་རྒྱུར། “ང་ཚོ་ཟོ་སྐྱ་ཡུལ་ཚོའི་དེ་རིང་གི་འགྱུར་ལྡོག་ནི་ལས་སླ་པོར་བྱུང་བ་ཞིག་མིན་པར་ཏང་གི་སྲིད་ཇུས་བཟང་བོ་ཡོད་པ་ལས་བྱུང་བ་ཡིན། ང་ཚོས་ཏང་གི་རྗེས་སུ་དམ་པོར་འབྲངས་ནས་དུས་རབས་གསར་པའི་འབྲོག་པ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་དང་འབྲི་ཆུའི་འགོ་ཁུངས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། ‘ཀྲུང་ཧྭའི་ཆུ་མཛོད’ཀྱི་ལྟ་སྲུང་བ་ཚད་ལྡན་ཞིག་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆུད་ཟོས་སུ་གཏོང་རྒྱུ་མིན”ཟེར།  ཟོ་སྐྱ་ཡུལ་ཚོ་ནི་འབྲི་སྟོད་རྫོང་གི་ཆེས་ཐག་རིང་ཤོས་ཀྱི་ཡུལ་ཚོ་ཞིག་ཡིན་པས“གནམ་མཐའི་ཟོ་སྐྱ”ཞེས་བརྗོད་ཀྱིན་ཡོད་ལ། འབྲི་ཆུའི་འགོ་ཁུངས་ཀྱི་ཡུལ་ཚོ་དང་པོ་དེའང་ཡིན། ཡུལ་ཚོ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ6.5ཡོད་པའི་ནང་སྤྱི་ལེ་བཞི་མ4.5ནི་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་ཡིན་པ་དང་། ཡུལ་ཚོ་ཡོངས་སུ་རྐྱང་ཆུ་དང་། འདམ་ཆུ། སྨུག་ཆུ། གཡག་ཆུ་བཅས་སྡེ་བ4ཡོད་པ་རེད།  2016ལོ་ནས་བཟུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་ཆབས་ཅིག  ཟོ་སྐྱ་ཡུལ་ཚོའི་ས་ཁོངས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་གྱི་ལྟེ་བའི་ཁུལ་དུ་བཅུག་ནས་མི་མང་པོ་ཞིག་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔུང་ཁག་ནང་ཞུགས་ཡོད། གསའ་དང་། དྲེད་མོང་། འབྲོང་སོགས་རི་སྐྱེས་སྲོག་ཆགས་སྔར་ལས་མང་བ་མཐོང་རྒྱུ་ཡོད་ལ། ཟོ་སྐྱ་ཡང་མིང་དོན་མཚུངས་པའི་རི་སྐྱེས་སྲོག་ཆགས་ཀྱི་སྤྲོ་སྐྱིད་གླིང་དུ་གྱུར་ཡོད།

“ཧྲུའུ་ཅི་ཝུའུ་ཡུས་ཀྱིས་བཤད་པ་དེ་འགྲིག་འདུག རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མི་རབས་ནས་མི་རབས་བར་འཚོ་བའི་ཁྱིམ་གཞིས་ཡིན་པས། ང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་འབྲི་ཆུའི་འགོ་ཁུངས་སྲུང་སྐྱོབ་བཟང་བོ་བྱེད་དགོས”ཞེས་ཉེ་འགྲམ་གྱི་དོན་གྲུབ་ཀྱིས་དེ་ལྟར་བཤད་བྱུང་།

ད་ལོ་ལོ་ན50ཡིན་པའི་དོན་གྲུབ་ནི་ཟོ་སྐྱ་ཡུལ་ཚོའི་སྨུག་ཆུ་སྡེ་བའི་ཧྲུའུ་ཅི་དང་པོ་ཡིན་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་སྟོད་དོ་དམ་ཁྲུའུ་ཕྱོགས་བསྡུས་པུའུ་ཡི་ཀྲུའུ་རིན་ཡང་ཡིན།

“དེ་རིང་སྐོར་གཡེང་སྤྱི་ལེ10ཡི་སར་རྨས་སྐྱོན་ཕོག་པའི་རྐྱང་ཞིག་རྙེད་བྱུང་བས་ང་ཚོས་མྱུར་སྐྱོབ་བྱེད་བཞིན་ཡོད”། “དེ་རིང་ཁ་བ་ཆེན་པོ་བབས་ཀྱང་། ཁ་བའི་ནང་སྐོར་གཡེང་སྤྱི་ལེ6བྱས་ཀྱང་ཡོད་ཚད་རྒྱུན་ལྡན་རེད”། དོན་གྲུབ་སྨུག་ཆུ་སྡེ་བའི་ཧྲུའུ་ཅི་དང་པོ་བྱས་པ་ནས་བཟུང་སྡེ་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ལས་དོན་སྤེལ་བའི་ནང་ཁོང་རང་དངོས་སུ་ཞུགས་ནས་འབད་བརྩོན་བྱེད་ཀྱིན་ཡོད། ལས་ཚོགས་གྲོལ་རྗེས་ཁོས་སྐད་འཕྲིན་ཚོགས་པ་ལས་ཉིན་དེའི་སྐོར་གཡེང་གནས་ཚུལ་རྒྱུས་ལོན་བྱེད་པ་དང་དེའི་རྗེས་ཉིན་གཉིས་པའི་སྐོར་གཡེང་ལས་འགན་བཀོད་སྒྲིག་བྱེད་ཀྱིན་ཡོད།

དུས་ཚོད་ཡོད་ཕྱིན། དོན་གྲུབ་ཀྱིས་སྡེ་བའི་སྐྱེ་ཁམས་ལྟ་སྲུང་པ་དང་མཉམ་དུ་རི་སྐོར་རྒྱག་བཞིན་ཡོད། གྲང་ངར་འགོག་པའི་གྱོན་ཆས་གྱོན་པ་དང་། ཕུ་ཐུང་གི་དཔུང་རྟགས་བཏགས་ནས་ཤ་དང་། ཆུ། རྩམ་པ། རྒྱང་ཤེལ་བཅས་འཁུར་ཏེ་འཕྲུལ་རྟར་བཞོན་ནས་རི་བོ་ཆེན་པོའི་ཁོངས་སུ་སྐོར་གཡེང་བྱེད་པར་བསྐྱོད། རི་སྐོར་བྱེད་ཐེངས་རེར་ཉིན་གསུམ་ལས་འགོར་གྱིན་མེད། ལྟོ་སྐོམ་བྱུང་ན་ལྟ་སྲུང་པ་ཚོས་ཟས་ཁམ་གང་ལས་ཟ་གི་མེད་པ་དང་། མཚན་མོར་འབྲོག་པར་གནས་ཚང་གཡར་ནས་སྡོད་ཀྱིན་ཡོད།

དོན་གྲུབ་ཀྱིས་བཤད་རྒྱུར། “ད་ལྟ་འབྲི་སྟོད་རྫོང་གི་འབྲོག་པའི་ཁྱིམ་ཚང4047རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་བཅུག་ཡོད། ཁྱིམ་ཚང་རེར་མི་གཅིག་གིས་སྐྱེ་ཁམས་ལྟ་སྲུང་པ་བྱས་པས་གླིང་ཁུལ་དུ་སྐོར་གཡེང་ལྟ་སྲུང་པ་ཁྱོན་ཡོངས་སུ་ཁྱབ་ཡོད་པ་རེད། ང་ཚོ་སྨུག་ཆུ་སྡེ་བའི་སྐྱེ་ཁམས་ལྟ་སྲུང་རུ་ཁག་ལ་རྟའི་རུ་ཁག་དང་འཕྲུལ་རྟའི་རུ་ཁག་གཉིས་ཡོད་པ་དང་སྡོམ་པས་མི40ཡོད། རུ་ཁག་གི་དར་ཆ་དང་། བྲང་རྟགས། དཔུང་རྟགས། སྐོར་གཡེང་ལག་ཁྱེར་བཅས་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་ཡོད”།  “མིག་སྔར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་རེད། དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམིགས་འབེན་དང་ལས་འགན་གསལ་པོ་ཤེས་ཚེ་ང་ཚོས་གཞི་ནས་སྐྱེ་ཁམས་ལྟ་སྲུང་པ་ཚད་ལྡན་ཞིག་བྱེད་ཐུབ་པ་དང་། གཞི་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ”ཟེར།

ཉེ་བའི་ལོ་ཤས་རིང་། ཟོ་སྐྱ་ཡུལ་ཚོས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་གོ་སྐབས་བཟང་པོར་བརྟེན་ནས།  ཡུལ་ཚོ་ཡོངས་སུ“ཏང་འཛུགས་སྐྲུན་དང་སྐྱེ་ཁམས”ཀྱི་ལས་ཀའི་མ་དཔེ་བཙུགས་ནས།  ཏང་ཡོན་གྱི་སྣེ་ཁྲིད་འོག རང་འགུལ་སྒོས་རྐྱང་ཆུ་སྡེ་བར་རྐྱང་སྲུང་སྐྱོབ་ཁུལ་བཙུགས་པ་དང་། སྨུག་ཆུ་སྡེ་བར་འབྲོང་སྲུང་སྐྱོབ་ཁུལ་བཙུགས་པ། གཡག་ཆུ་སྡེ་བར་གསའ་སྲུང་སྐྱོབ་ཁུལ་བཙུགས་པ། འདམ་ཆུ་སྡེ་བར་གཙོད་སྲུང་སྐྱོབ་ཁུལ་བཙུགས་པ་དང ། ད་དུང་འདམ་ཆུ་སྡེ་བའི་མཚོ་ཁྲི་གཞུང་གི་འདམ་ར་སྲུང་སྐྱོབ་ཁུལ་དང་གཡག་ཆུ་སྡེ་བའི་ཀླུ་རི་མཚོ་བརྒྱའི་བརླན་ས་སྲུང་སྐྱོབ་ཁུལ་བཅས་ཡོད་པ་རེད། བརླན་ས་སྲུང་སྐྱོབ་ཁུལ་དེ་དག་ཏུ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རིགས60ལྷག་ཙམ་ཡོད། མིག་སྔར་ཟོ་སྐྱ་ཡུལ་ཚོས་སྲུང་སྐྱོབ་ཁུལ་ཆེན་པོ7དང་སྲུང་སྐྱོབ་ཁུལ་ཆུང་བ64བསྐྲུན་ནས་སྡེ་བ་རེར་སྲུང་སྐྱོང་ཁུལ་ཆེན་པོ་གཅིག་དང་སྲུང་སྐྱོང་ཁུལ་ཆུང་བ16གི་དྲ་མིག་ཅན་གྱི་སྲུང་སྐྱོབ་བྱེད་སྟངས་རགས་ཙམ་ཆགས་ཡོད། དེ་མིན་ཟོ་སྐྱ་ཡུལ་ཚོའི་སྡེ་བ་ཚང་མར་ད་དུང་རང་རང་སོ་སོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་ཆེན་ཡོད་པ་དེ་སྡེ་བ་ཚང་མའི་སྲོལ་རྒྱུན་དུས་ཆེན་ཞིག་ཏུ་གྱུར་ཡོད།

ཉིན་གུང་གི་དུས་སུ། ཐེངས་འདིའི་དམིགས་བསལ་གྱི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཡང་མཇུག་རྫོགས་གྲབས་ཡོད། ཝུའུ་ཡུས་ཀྱིས་བཤད་རྒྱུར།“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལས་དུས་རབས་གསར་པར་འབད་འབུངས་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྡུད་བྱས་པ་མ་ཟད། ང་ཚོར་དམིགས་འབེན་གཏན་འཁེལ་དང་། ཁ་ཕྱོགས་གསལ་སྟོན། ལམ་བུ་གསལ་སྟོན་བཅས་བྱས་ཡོད། ང་ཚོས‘སྔོ་ཞིང་ཆུ་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི’ཡིན་པའི་འདུ་ཤེས་བློ་ལ་བརྟན་པོར་བཅངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བཟང་བོ་དང་སྲུང་སྐྱོབ་བཟང་བོ། འཕེལ་རྒྱས་བཟང་བོ་བཅས་བྱེད་དགོས”ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།