ཏང་གི་གསུང་སྐད་སྙན། སྐལ་བཟང་མེ་ཏོག་བཞད། 
2022.11.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

སློབ་མ་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ། 

ཁང་བའི་ཕྱི་རོལ་གྱི་ཞོལ་མ་རྩྭ་ཐང་གི་ཉི་འོད་དྲོད་སྐྱིད་ལྡན་པ་དང་། ཁང་བའི་ནང་དུ་ཚང་མས་སྒྲོག་འགྲེལ་ལ་ཉན་ནས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

ཟླ10ཚེས31ཉིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གོང་མ་བཅའ་སྡོད་སློབ་ཆུང་གི་དགེ་རྒན་ལིག་ཞིག་ཆིན་རང་ཉིད་ཀྱིས་སྔོན་ཆད་ལོ24རིང་སློབ་ཁྲིད་བྱས་མྱོང་བའི་ཞོལ་མ་ཡུལ་ཚོ་སྟག་གསོད་བཅའ་སྡོད་སློབ་ཆུང་དུ་ལོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས། 

ལམ་བཟང་པའི་རྐྱེན་གྱིས་ཁོ་མོ་སྔ་མོ་ནས་ཐོན་ཐུབ་པ་བྱུང་། ལིག་ཞིག་ཆིན་གྱི་དྲན་ངོགས་སུ་སྔོན་ཆད་ཐུན་ཏེ་རྫོང་མཁར་ནས་སྟག་གསོད་བཅའ་སྡོད་སློབ་ཆུང་བར་དུ་ཉིན་གཅིག་གི་ལམ་ཐག་དགོས་པ་དང་། ད་ལྟ་ཏག་ཏག་དུས་ཚོད་གཅིག་ལྷག་གི་རིང་མ་གཏོགས་འགྲི་མི་དགོས་པ་རེད། 

ལིག་ཞིག་ཆིན་སྒྲོག་འགྲེལ་བྱེད་པར་ཡོང་བའི་གནས་ཚུལ་ཐོས་རྗེས། ཞོལ་མ་ཡུལ་ཚོའི་མང་ཚོགས་ཚོས་རེ་སྒུག་བྱེད་བཞིན་སྔ་མོ་ནས་སྟག་གསོད་བཅའ་སྡོད་སློབ་ཆུང་གི“གསར་བརྗེའི་དྲིན་ཚོར་ཁང་”དུ་འཛོམས་ཡོད་པ་དང་། སྡེ་མི་དང་། དགེ་རྒན། སློབ་མ་ཚང་མས་རྐུབ་སྟེགས་ཆུང་ཆུང་ཁྱེར་ཡོང་ཡོད་པ་དང་། མི་ལ་ལ་ཞིག་ཐད་ཀར་ཐང་ལ་བཙོག་ནས་བསྡད་ཡོད། སྔོན་ཆད་ལིག་ཞིག་ཆིན་གྱིས་སློབ་ཁྲིད་བྱས་མྱོང་བའི་སློབ་མ་འགས་ཁ་བཏགས་བཟུང་ནས་སློབ་གྲྭའི་སྒོ་ཁ་ན་སྒུག་ནས་བསྡད་ཡོད་པ་རེད། 

ཞོལ་མ་ཡུལ་ཚོ་ནི་འབྲོག་ལས་རྐྱང་རྐྱང་གཉེར་བའི་ཡུལ་ཚོ་ཞིག་ཡིན་པ་དང་། ས་རྒྱ་ཆེ་ལ་མི་འབོར་ཉུང་ཞིང་། འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་རེད། དེ་བས་ཏང་ཡོན་ལས་བྱེད་པ་འབྲོག་ཁྱིམ་དུ་སོང་ནས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་བརྒྱུད་སྒྲོག་དང་དོན་འཁྱོལ་བྱ་རྒྱུར་དཀའ་ངལ་ཆེན་པོ་ཡོད་མོད། ཡིན་ནའང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གི་ལས་བྱེད་པས་སྔ་མོ་ནས་བརྡ་བརྒྱབ་ནས་སློབ་གྲྭ་རུ་མཉམ་འཛོམས་བྱེད་དུ་བཅུག་ཡོད། 

“གཞི་རིམ་གྱི་ཆེས་སྤྱིར་བཏང་དང་འབྲོག་ཁུལ་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་ཐུབ་པ་བྱུང་བ་དང་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དེ་བདེན་དཔང་བྱེད་ཐུབ་པ་བྱུང་བ་ནི་ངའི་གཟི་བརྗིད་ཆེ་ཤོས་ཤིག་རེད།”ཞོལ་མ་ཡུལ་ཚོའི་མང་ཚོགས་རྣམས་ཀྱི་རེ་སྒུག་ཆེན་མོའི་ཁྲོད། ལིག་ཞིག་ཆིན་གྱི་གཏམ་བཤད་གནང་བྱུང་། ཟླ10ཚེས24ཉིན་ཐུན་ཏེ་རྫོང་དུ་ཕྱིར་ལོག་བྱས་རྗེས། ལིག་ཞིག་ཆིན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་བྲེལ་བཞིན་འདུག བསྟུད་མར་ཉིན་མང་པོར་བྲེལ་འཚུབ་ཆེ་བའི་ལས་ཀ་སྒྲུབ་པ་དང་དུས་ཡུན་རིང་བོར་སྒྲོག་འགྲེལ་བྱས་པས། མོའི་སྐད་འགགས་ཡོད་ཀྱང་། ཁོ་མོར་སྔར་བཞིན་བརྩེ་བ་ཆེན་པོས་ཁེངས་པ་དང་། སྐད་ཆར་སྟོབས་ཤུགས་ཀྱིས་ཁེངས་ཡོད་པ་རེད། 

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་‘མི་དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་ཞིག་དང་ཏང་གི་ཇུས་ཆེན་ཞིག་རེད། མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་། ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱ་རྒྱུ། སུའི་ཆེད་དུ་མི་གསོ་སྐྱོང་བྱ་རྒྱུ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཞིག་རེད’ཅེས་བཏོན་ཡོད་པ་དང་། ཡུལ་དངོས་ནས་ནང་དོན་དེ་ཐོས་སྐབས་སེམས་འགུལ་ཆེན་པོ་ཐེབས་པ་དང་། ང་ཚོ་དགེ་རྒན་ནི་གནམ་འོག་ན་ཆེས་གཟི་བརྗིད་ལྡན་པའི་ལས་གནས་ཤིག་ཡིན་པའི་ཚོར་བ་སྐྱེས་བྱུང་།”ལིག་ཞིག་ཆིན་གྱིས་བོད་སྐད་ཀྱི་ལམ་ནས་འགྲེལ་བཤད་བརྒྱབ་པ་ན། ཡུལ་དངོས་ཀྱི་སློབ་མ་དང་། སློབ་མའི་ཁྱིམ་བདག དགེ་རྒན། སྡེ་མི་རྣམས་ཀྱིས་མགོ་ལྕོག་ལྡེམ་ལྡེམ་ངང་འཐད་པའི་བརྡ་བསྟན་བྱུང་། 

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བཏོན་པའི‘འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་གཏོང་བ་དང་མཁར་གྲོང་གཞི་གཅིག་ཅན་ཇེ་མགྱོགས་སུ་གཏོང་བ་དང་།  ས་ཁོངས་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོའི་ཀུན་ཕན་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ’སོགས་ཀྱི་འབྲེལ་ཡོད་སློབ་གསོའི་དཔྱད་བརྗོད་རྣམས་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་གི་ངོས་ནས་བརྗོད་ན་སྐད་ཆ་དེ་དག་ལ་ཉན་རྗེས་སེམས་པ་དྲོད་སྐྱིད་ཀྱིས་ཁེངས་འགྲོ་བ་རེད།” 

གནམ་སྔོན་པོ་རྒྱབ་ལྗོངས་དང་། སློབ་གྲྭ་གར་སྟེགས་བྱས། ཁངས་བབས་པའི་རྗེས་ཀྱི་ཞོལ་མ་ཡུལ་ཚོའི་ནམ་ཟླ་གྲང་ངར་ཆེ་ཞིང་། གྲང་ངར་ཆེ་བའི་གནམ་ཟླས་ཀྱང་ཚང་མས་ཏང་གི་ཚོགས་ཆེན་གྱི་དགོངས་དོན་ལ་ཉན་འདོད་ཆེ་བའི་སེམས་ཀྱི་སྤྲོ་བ་འགོག་མ་ནུས། ལིག་ཞིག་ཆིན་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་སྙན་ཞུའི་ནང་ཐེངས་མང་པོར་གླེང་ཡོད་པའི་སློབ་གསོའི་ནང་དོན་ཚང་མ་དང་མཉམ་སྤྱོད་བྱས་པ་དང་། ཚང་མས་ཡུལ་དངོས་ནས་སྙན་ཞུའི་ནང་དོན་ལ་ཉན་པ་ཇི་བཞིན་སེམས་པ་འཇགས་ཐབས་བྲལ་བར་གྱུར། 

ལས་འགན་འཁུར་ཡུན་མི་རིང་ནའང་། ཞོལ་མ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཞུས་ཀྲིན་ཕེན་གྱིས་ཉེ་བའི་ལོ་འགའི་རིང་གི་འགྱུར་ལྡོག་དངོས་སུ་མཐོང་ཡོད་པ་དང་། ཁོས“ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད་དེ། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་ངང་བཅོས་སྐྱོང་བྱས་པ། གྲོང་གསེབ་དར་སྤེལ་སོགས་ཀྱི་ཐད་འགྱུར་ལྡོག་བྱུང་ཡོད་པ་དེ་ནི་ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པའི་རྐྱེན་རེད། ད་ལྟ་འཐུས་མི་ལིག་ཞིག་ཆིན་བརྒྱུད་དེ་ཡང་བསྐྱར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཉན་ཐུབ་པ་བྱུང་བས། ང་ཚོས་སེམས་གཏིང་ནས་དྲིན་ཚོར་བྱས་ཏེ། སྟོབས་ཤུགས་དང་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་བཤད་པ་དང་། ཞུས་ཀྲིན་ཕེན་གྱི་སྐད་ཆ་དེས་ཚང་མའི་སེམས་འདུན་མཚོན་ཡོད་པ་རེད། 

སྟག་གསོད་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་པད་མ་དབང་ཆེན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད་རྒྱུར། “དགེ་རྒན་ལིག་ཞིག་ཆིན་གྱིས་སློབ་ཁྲིད་བྱེད་སྐབས། སློབ་གྲྭའི་ནང་ཁང་བ་གྲལ་ཤར་གཉིས་མ་གཏོགས་མེད་པ་དང་། ཕྱི་གྱང་ས་ཡིས་བརྡུངས་པ་དང་། ནག་པང་གི་མཐའ་བཞི་ཨར་འདམ་གྱིས་བཟོས་ལ། དྲོད་ལེན་སྤྱད་ནི་ཨོང་བ་སྐམ་པོ་ཡིན་པས། ཆ་རྐྱེན་ཤིན་ཏུ་ཞན། ད་ལྟ་སྔོན་ཆད་དང་མི་འདྲ་བར། དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་ཡོད་པ་དང་། ཆུ་ཚད་མཐོ་བའི་དགེ་རྒན་གྱི་སྟོབས་ཤུགས་ཡོད་ཅིང་། སྤུས་ཚད་མཐོ་བའི་སློབ་ཁྲིད་རྣམ་པ་ཡོད་པས། འབྲོག་པའི་སློབ་གསོའི་འདུ་ཤེས་ལ་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་ཡོད་པ་དང་། ཏང་དང་སྲིད་གཞུང་གིས་བྱིས་པའི་སློབ་གསོར་སྔར་བས་མཐོང་ཆེན་བྱེད་ཀྱིན་ཡོད”ཟེར། 

ད་ལྟ་སྟག་གསོད་བཅའ་སྡོད་སློབ་ཆུང་དུ་ཡོད་པའི་སློབ་མའི་གྲངས་ཀ་དེ་སྔོན་ཆད་ཀྱི་སློབ་མ་བརྒྱད་ཅུ་ནས་ད་ལྟའི་སློབ་མ་བདུན་བརྒྱ་ལྷག་ལ་སླེབས་ཡོད་པ་དང་། སློབ་གྲྭའི་སློབ་གསོ་སློབ་ཁྲིད་སྤུས་ཚད་ཡང་ཆེས་ཆེར་མཐོ་འདེགས་བྱུང་ཡོད་ཅིང་། སྔོན་ཆད་ལིག་ཞིག་ཆིན་གྱིས་སློབ་ཁྲིད་བྱས་པའི་བསླབ་ཚན་གྱི་སྦྱངས་འབྲས་མདུན་གྲལ་དུ་སླེབས་ཡོད་ལ། ཐ་ན་སློབ་མ་མང་པོ་ཞིག་སློབ་ཆེན་མཐར་ཕྱིན་ནས་བྱ་བའི་ལས་གནས་གལ་ཆེན་སྟེང་བསྐྱོད་ཡོད་པ་དང་། ཡངས་པའི་རྩྭ་ཐང་གི་གཞི་རུ་མིག་གིས་མཐོང་ཐུབ་པའི་འགྱུར་ལྡོག་ཆེན་མོ་བྱུང་ཡོད་པ་རེད། 

ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་སུམ་ཅུའི་སྟེང་ནས་སྒྲོག་འགྲེལ་བྱ་བ་མགོ་བརྩམས་པ་དང་། བསྟུད་མར་དུས་ཚོད་གསུམ་ཙམ་གྱི་རིང་ལ། ཡུལ་དངོས་སུ་སྡེ་བའི་མང་ཚོགས་དང་། སློབ་མ། དགེ་རྒན་བཞི་བརྒྱ་ལྷག་གིས་བློ་རྩེ་གཅིག་སྒྲིམ་དང་ནན་ཏན་གྱིས་ཉན་བཞིན་ཡོད་པ་དང་། སེམས་ཞིབ་མོས་ཟིན་ཐོར་འགོད་བཞིན་འདུག ཚོགས་འདུར་ཞུགས་པའི་ཡུལ་ཚོའི་ཏང་ཡོན་ལས་བྱེད་པ་མི་ཉུང་བ་ཞིག་གིས་ད་དུང་ཁ་པར་གྱི་ཁ་ཕྱེས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དོན་ལ་ལྟ་བཞིན་ལིག་ཞིག་ཆིན་གྱི་སྒྲོག་འགྲེལ་དང་ཞིབ་སྡུར་སྒོས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། 

སྒྲོག་འགྲེལ་མཇུག་སྒྲིལ་ལ་ཉེ་བ་དང་། ལིག་ཞིག་ཆིན་ད་དུང་ཆེད་དུ་རང་ཉིད་ཀྱིས་སྔོན་ཆད་བྱ་བ་སྒྲུབ་མྱོང་སའི་གཞུང་སྒྲུབ་ཁང་དང་། སློབ་ཁྲིད་ཐོག་ཁང་དུ་སོང་བ་དང་། ཁོ་མོའི་གདོང་ལ་འཛུམ་ཞིག་ལངས་བཞིན་བཤད་རྒྱུར། “སློབ་མ་དང་ཁྱིམ་བདག་ཚོས་གོ་ཐུབ་པའི་སྐད་ཆ་དང་། རང་ཉིད་དགའ་བའི་རྣམ་པའི་སྒོ་ནས་ཁོ་ཚོར་ཏང་གི་གསུང་སྐད་བརྒྱུད་སྤྲོད་བཟང་པོ་བྱེད་ཐུབ་པ་བྱུང་བས། སེམས་པ་དགའ་སྤྲོས་ཁེངས་པ་དང་། བྱིས་པ་ཚོ་རྩྭ་ཐང་ཐོག་གི་སྐལ་བཟང་མེ་ཏོག་བཞིན་འཚར་ལོངས་བྱུང་བཞིན་པ་མཐོང་བས་ཧ་ཅང་དགའ་བྱུང་། གལ་ཏེ་རང་ཉིད་ཀྱི་ལུས་པོས་ལྕོགས་ཚེ། ང་རང་ད་དུང་རང་ཉིད་ཀྱིས་སློབ་ཁྲིད་བྱས་མྱོང་སའི་སྟག་གསོད་བཅའ་སྡོད་སློབ་ཆུང་དུ་ལོག་ནས་ཡང་བསྐྱར་ལོ་ངོ་ཉེར་བཞིའི་རིང་ལ་སློབ་ཁྲིད་བྱེད་འདོད”ཡོད་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།