ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།
2022.11.02 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 18

 ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

          མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ།

དུས་རབས་གསར་པའི་རླབས་ཆེན་འཆར་འགོད་དང་སྐྱོད་ལམ་གསར་པའི་ལེའུ་གསར་བར་བརྗིད་ཉམས་ལྡན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་པའི་གནད་འགག་གི་དུས་སྐབས་སུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གསལ་པོར་བཏོན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཐབ་ཇུས་ཇུས་འགོད་བྱས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།  ”    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། རང་འགུལ་གྱིས་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་དང་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བྱེད་པ། རང་འགུལ་གྱིས་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་བ་རྒྱུན་ཆད་མེད་པར་ལེན་དགོས”ཞེས་ནན་བཤད་གནང་ཡོད།

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི་གོམ་རིམ་གཉིས་སུ་ཕྱེ་ནས་བསྐྱོད་རྒྱུ་སྟེ། 2020ལོ་ནས2035ལོའི་བར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་བྱས་ཏེ། 2035ལོར་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་དང་མ་འོངས་བའི་ལོ5ཡི་དམིགས་འབེན་དང་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཡོད། མ་འོངས་པའི་ལོ5ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ཞིང་།  ལོ་ལྔའི་རིང་གི་འཕེལ་རྒྱས་བཟང་བོ་ཡོང་བར་བྱ་རྒྱུ་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་གཏིང་ཟབ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལས་འགན་གཙོ་བོ་ཡིན་པས། ངེས་པར་དུ་ཆ་ཚང་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས།     སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས།  ངེས་པར་དུ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་དོན་སྙིང་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ། མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་ཅིག་ཡིན་པས། ངེས་པར་དུ་ཁྲིམས་སྐྱོང་གི་རྩ་བ་བརྟན་གཏོང་དང་། སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་ཏུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།  རིག་གནས་ཀྱི་རང་རྟོན་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཆེས་གཞི་རྩར་གྱུར་པ་དང་། ཆེས་གཏིང་ཟབ་པ། ཆེས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ལམ་བུ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན་པས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་སྒོ་ནས་ཕན་ཐོགས་པར་བྱེད་དགོས། རང་བྱུང་ཁམས་ཆེན་པོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་ཆ་རྐྱེན་ཡིན། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་ཡོང་བའི་རྨང་གཞི་ཡིན་པ་དང་། སྤྱི་ཚོགས་བརྟན་བརླིང་ནི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱེད་པ་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་རྒྱུ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་འགྱུར་བའི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་ངང་སྒྲུབ་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གསར་སྐྲུན་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པའི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ན།  ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་ཤུགས་སྣོན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོའི་ཐོག་ནན་གྱིས་བསྟན་དོན “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འཆར་གཞི་དང་བཀོད་སྒྲིག་ཡོད་དགོས་པ་དང་སྤྱིའི་དམིགས་འབེན་དང་། སྤྱིའི་ཁ་ཕྱོགས། སྤྱིའི་བླང་བྱ་བཅས་ཁོང་དུ་ཆུད་པར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  དམིགས་འབེན་དང་ལས་འགན་སྣ་ཚོགས་བྱེ་བྲག་ཅན་དུ་གཏོང་བ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་ཇུས་གཞི་བཏོན་ནས། དུས་ཚོད་རེའུ་མིག་དང་བཟོ་འགོད་དཔེ་རིས་གསལ་བོ་བཟོས་ཏེ། ཏན་ཏན་ཏིག་ཏིག་གིས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།” ཏང་གི་ཚོགས་ཆེན་ཐེངས་ཐེངས་ཉི་ཤུ་པ་ནས་གཏན་འབེབས་བྱས་པའི་དམིགས་འབེན་དང་ལས་འགན་ལ་ཉེ་བའི་དུས་ཡུན་དང་། དུས་འབྲིང་གི་དུས་ཡུན། ཡུན་རིང་གི་དུས་ཡུན་བཅས་ཡོད་པས་གལ་ཆེ་ཆུང་དང་དལ་བྲེལ་གྱི་དབྱེ་བ་ཕྱེ་ནས། ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས་ལ་གཙོ་གནད་འབུར་དུ་ཐོན་པར་ཡང་བྱ་དགོས་པ་དང་།  མིག་སྔར་དམ་འཛིན་ནན་མོ་བྱེད་དགོས་ལ་ཕུགས་ལའང་དམིགས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ནས།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དེ་ས་ཁུལ་རང་དང་སྡེ་ཁག་རང་གི་ལས་འགན་དུ་བསྒྱུར་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་སྟེ། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། འགན་འཁྲི་འཁུར་ཕོད་པ། དངོས་ཐོག་བདེན་འཚོལ་བཅས་ཀྱི་སྒོ་ནས་ལས་དོན་སྣ་ཚོགས་དམ་འཛིན་ལེགས་པོ་བྱས་ཏེ། མི་དམངས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དངོས་ཡོད་ཀྱི་ཕན་འབྲས་མཐོང་ཐུབ་པར་བྱེད་དགོས།

སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བརྗིད་ཆེའི་འཆར་གཞི་བཀོད་ཟིན་པ་དང་མདུན་སྐྱོད་ཀྱི་དུང་བརྡ་ཡང་བཏང་ཟིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་ཐོག་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྐྱོད་ལམ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་པ་བཅས་བྱས་ནས།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།