ཞོགས་པའི་ཉི་གཞོན་བསུ་བཞིན་དར་སྤེལ་གྱི་ལམ་དུ་བསྐྱོད།
2022.11.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

ཞིང་ལས་ཁྱིམ་ཆེན་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་སྦྱོང་བྱས།

སྟོན་གཞུང་གི་དུས་ཚིགས་འདིར། ནམ་ཟླ་ཅུང་ཇེ་འཁྱག་ཏུ་སོང་ཡོད་ནའང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ཁི་ལུའུ་ཁི་གྲོང་རྡལ་མེན་ཞིན་སྡེ་བའི་སྡེ་མིའི་སེམས་པ་དྲོད་ལམ་ལམ་དུ་གྱུར་འདུག རྒྱུ་མཚན་ཅི་ཡིན་དྲིས་པ་ན། ད་ལོར་སྡེ་བའི་ནང་དུ་འབྲུ་རིགས་ལ་ལོ་ལེགས་ཆེན་པོ་བྱུང་བ་དང་། དུས་མཚུངས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གྲོང་གསེབ་དར་སྤེལ་ལ་སྔར་ལས་ཁ་གསལ་ཞིང་མཛེས་སྡུག་ལྡན་པའི་འཆར་འགོད་ཞིག་བཀོད་ཡོད་པས། མི་ཚང་མས་ངར་ཤུགས་གཅིག་སྒྲིལ་བྱས་ཏེ་གོམ་སྟབས་ཆེན་པོས་དེ་བས་བདེ་སྐྱིད་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་དེ་རེད།

ཀྲའོ་ཞའོ་ཡུན་ནི་མེན་ཞིན་སྡེ་བར་སྡོད་པའི་ཧྲུའུ་ཅི་དང་པོ་ཡིན་པའི་ཆ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཚོགས་པའི་རྗེས་སུ། ཁོ་མོས་དོ་ཁུར་བྱེད་ས་མང་ཆེ་ཤོས་ནི་ཞིང་ལས་དང་། ཞིང་སྡེ། ཞིང་པ་བཅས་དང་འབྲེལ་བ་ཡོད་པའི་བྱ་བ་དག་རེད།

བསྟུད་མར་ཉིན་འགའི་རིང་ལ། ཁོ་མོས་ཕྱོགས་གཅིག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དྲ་སྟེང་ནས་སྙན་ཞུའི་འབྲེལ་ཡོད་འགྲེལ་བཤད་བཙལ་ནས་རེ་རེ་བཞིན་ཟིན་ཐོར་བཀོད།

ཟླ10ཚེས30ཉིན། ཀྲའོ་ཞའོ་ཡུན་ཁྱིམ་ཚང་རེ་རེར་བསྐྱོད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་མྱོང་ཚོར་སྡེ་མི་ཚོར་བཤད་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་། ཞིས་ལས་ཁྱིམ་ཆེན་དང་འགུལ་སྐྱོད་སྟབས་བདེ་མིན་པའི་རྒན་པའི་ཁྱིམ་དུ་ཁོ་མོ་སྔོན་ལ་སོང་།

“ཧྲུའུ་ཅི་ཀྲའོ་ལགས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ང་ཚོའི་ཞིང་སྡེ་ལ་སྲིད་ཇུས་བཟང་པོ་གང་དག་ཡོད་དམ། མྱུར་མོར་བཤད་རོགས།”གཏེར་ལེན་ཁ་གྲོང་ཁྱེར་མེན་ཞིན་གྲོ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ནང་དུ་གསེར་མདོག་གི་འབྲུ་རྡོག་རེ་རེ་ཕུང་བོ་ལྟར་སྤུངས་ཡོད་པ་དང་། ཞིང་ལས་ཁྱིམ་ཆེན་གྱི་མི་རྣམས་ཐང་ལ་བཙོག་ནས་ཀྲའོ་ཞའོ་ཡུན་གྱི་མཐའ་བསྐོར་འདུག་ལ། འདྲི་འདོད་པའི་སྐད་ཆ་མང་པོ་ཞིག་ཡོད་པ་རེད།    “སྙན་ཞུའི་ནང་གི་ཡིག་འབྲུ་རེ་རེ་དང་ཚིག་རེ་རེ་ཉིང་བསྡུས་ཡིན་པས། ངས་ཚང་མ་ཟིན་ཐོར་བཀོད་ཡོད། ཚང་མ་བྲེལ་བ་མ་ལངས། ངས་རེ་རེ་བཞིན་ཁྱེད་རྣམས་ལ་བཤད། ”

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་‘ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། མཁར་གྲོང་གི་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མཁར་གྲོང་གི་འཁོར་རྒྱུག་ཤར་གཏོང་ཐུབ་པ་བྱེད་དགོས་པ་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་སྤེལ་ཡོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས’”ཞེས་བསྟན་ཡོད། ཀྲའོ་ཞའོ་ཡུན་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཚང་མར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དོན་མཉམ་སྤྱོད་བྱས། “ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་དོན་འཁྱོལ་བྱེད་དགོས་ཤིང་། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་དམར་ཐིག་བརྟན་པོར་སྲུང་བ་དང་། ཡུན་རིང་གི་གཞི་རྩའི་ཞིང་ས་ཡོངས་རྫོགས་རིམ་བཞིན་ཚད་གཞི་མཐོ་བའི་ཞིང་སར་འཛུགས་སྐྲུན་བྱེད་པ། འདེབས་ཛུགས་ལས་རིགས་དར་སྤེལ་གཏོང་བའི་འགུལ་སྐྱོད་གཏིང་ཟབ་སྒོས་སྤེལ་བ། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་འདེབས་པའི་ཞིང་པའི་ཁེ་ཕན་ལ་འགན་སྲུང་བྱེད་པའི་རྐྱེན་སྲོལ་དང་ཐོན་སྐྱེད་གཙོ་བོའི་ཁེ་ཕན་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཀྲུང་གོའི་མིའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་པར་འགན་སྲུང་ཏན་ཏིག་བྱེད་དགོས”ཞེས་བཤད་སྐབས། ཚང་མས་རང་དབང་མེད་པར་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་ཡང་ཡང་བྱས།

གཏམ་བཟང་རེ་རེ་བཞིན་ཐོས་སྐབས་ཡུལ་མི་ཚོའི་སེམས་པ་དགའ་སྤྲོས་ཁེངས།    “ཧྲུའུ་ཅི་ཀྲའོ་ལགས་ཀྱི་སྒྲོག་འགྲེལ་བྱས་པ་དུས་ཐོག་ཡིན་པ་དང་། ད་དུང་དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་ཚང་མས་ཧ་གོ་ཡོད་པ་དེ་རེད། ང་ཚོ་ཞིང་པས་ཆེས་སེམས་ཁུར་བྱེད་ས་ནི་ས་ཞིང་དང་འབྲུ་རིགས་ཡིན་པ་དང་། སྒྲོག་འགྲེལ་ཉན་རྗེས། སེམས་བདེ་ལ་འབབ་ཐུབ་པ་བྱུང་།”སྡེ་མི་ཀླུ་སྒྲོལ་དཀར་རྗེ་ནི་མེན་ཞིན་ཡི་གྲོ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་མི་སྣ་ཡིན་པ་དང་། མཚམས་སྦྱོར་བྱས་པ་ལྟར་ན། མཉམ་ལས་ཁང་གིས“ཀུང་སི་དང་། ཞིང་ཁྱིམ། རྟེན་གཞིའི”རྣམ་པ་སྤྱད་དེ། སྡེ་མིར་འབྲུ་རིགས་ཉོ་བསྡུའི་ཞབས་ཞུ་མཁོ་འདོན་བྱས་པ་དང་། ཉོ་བསྡུའི་རིན་གོང་ཁྲོམ་རའི་རིན་གོང་ལས་མཐོ་བས། སྡེ་མི་རྣམས་སྒོ་ཕྱིར་འགྲོ་མི་དགོས་པར་འབྲུ་རིགས་ཕྱིར་འཚོང་བྱེད་ཐུབ་པ་རེད། མིག་སྔའི་བར་དུ། མཉམ་ལས་ཁང་གིས་གྲོ་ཏུན་ཉིས་བརྒྱ་བཅུ་གསུམ་དང་། ནས་ཏུན་སོ་བདུན།  གཟན་ཆས་བསྡམས་མ་ཁྲི་གཅིག་དང་སྟོང་ལྔ་ལྷག་བསྡུས་པ་དང་། ཞིང་བ་ཁྱིམ་ཚང་མང་པོར་ཁེ་ཕན་ཐོབ་ཡོད་པ་རེད།

ཧྲུའུ་ཅི་དང་པོའི་འགན་འཁུར་རྗེས། ཀྲའོ་ཞའོ་ཡུན་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སོགས་ཀྱི་སྒྲོག་འགྲེལ་བྱ་བའི་ནང་ཞུགས་པ་དང་། མོས་སྒྲོག་སྦྱོང་གི་ཉམས་མྱོང་མང་པོ་ཤེས་པ་རེད། མོས་སྡེ་མི་ཚོ་ཉན་སྤྲོ་བ་དང་། ཧ་གོ་རུ་འཇུག་འདོད་ན། ཐོག་མར་རང་ཉིད་ཀྱིས་སྙན་ཞུའི་དགོངས་དོན་ཁོང་དུ་ཆུད་པར་བྱས་ནས་མ་ཡིག་ཀློག་པ་དང་། འགྲེལ་བཤད་ལ་ལྟ་རྒྱུ་དེ་ནི་གནད་འགག་ཅིག་རེད། དེ་ལས་གཞན། ད་དུང་གསོན་ཉམས་ལྡན་པའི་སྐད་ཆའི་ལམ་ནས་ཚང་མས་སེམས་ཁུར་བྱེད་ས་དང་ཤེས་འདོད་པའི་ནང་དོན་གསལ་བོར་བཤད་དགོས་ཞེས་སྐད་ཆ་དྲང་མོར་བཤད།

དེའི་རྗེས་སུ་ཀྲའོ་ཞའོ་ཡུན་ཡང་བསྐྱར་སྡེ་མི་བང་དབྱིན་ཏི་ཡི་ཁྱིམ་དུ་སོང་བ་དང་། ལོ་ན81ལ་སླེབས་པའི་བང་དབྱིན་ཏི་དང་ལོ་ན79ལ་སླེབས་པའི་ཆུང་མ་ཀྲང་བུའུ་དབྱིན་གཉིས་ཀྱི་ལུས་ཕུང་དེ་འདྲ་མི་བཟང་བས། ཀྲའོ་ཞའོ་ཡུན་གྱིས་དུས་རྒྱུན་བྱ་བ་སྒྲུབ་སྐབས་རྒན་རྒོན་གཉིས་ལ་སེམས་ཁྲལ་བྱེད་བཞིན་ཡོད་ཅིང་། ལོ་སར་དང་དུས་ཆེན་སྐབས་སུ་རྒྱུན་ཏུ་ཁྱིམ་དུ་སོང་ནས་ཁོང་གཉིས་ལ་སྐོར་རྒྱག་བཞིན་ཡོད།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་‘མི་གྲངས་རྒས་འཁོགས་ཅན་ལ་ཁ་གཏོད་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། རྒན་གསོའི་བྱ་བ་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ། བདག་མེད་ལོ་ལོན་གྱི་ཞབས་ཞུ་ཇེ་བཟང་དུ་གཏོང་བ། རྒན་པ་ཡོངས་ཀྱིས་གཞི་རྩའི་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་གཏན་འཁེལ་གསལ་བོ་བྱས་ཡོད། རྣ་ཡིས་དེ་འདྲ་མི་གོ་བའི་བང་ཏི་དབྱིན་གྱིས་སྐད་ཆ་རེ་རེ་གསལ་བོར་གོ་བའི་ཆེད་དུ་ཀྲའོ་ཞའོ་ཡུན་ཁོའི་འཁྲིས་སུ་བསྡད་དེ་སྐད་མགོ་མཐོན་པོའི་སྒོ་ནས་ཚིག་རེ་རེ་བཞིན་ཞིབ་མོས་འགྲེལ་བཤད་བརྒྱབ།

“ཁ་བརྡའི”ལམ་ནས་སྒྲོག་འགྲེལ་བྱས་པ་དང་། ཀྲའོ་ཞའོ་ཡུན་གྱིས་དོན་ཚན་རེ་རེའི་ནང་དོན་བཤད་སྐབས། ཉེ་བའི་ལོ་འགའི་ནང་གི་སྡེ་བའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དཔེར་བླངས་པ་དང་། དེ་ལྟར་བྱས་ན་སྲིད་ཇུས་སྒྲོག་འགྲེལ་དེ་གོ་བདེ་བ་ཞིག་ཡིན་པ་རེད། མོ་དང་མཉམ་དུ་སྡེ་བར་བསྡད་ཡོད་པའི་བྱ་བའི་རུ་ཁག་གི་རུ་མི་མུའོ་ཡ་ལིན་གྱིས་དུས་ངེས་མེད་དུ་ཡུལ་སྐད་ཀྱི་ལམ་ནས་འགྲེལ་བཤད་དང་གསལ་བཤད་བྱེད་བཞིན་འདུག “ལོ་འདི་དག་གི་རིང་ལ། སྡེ་བའི་ནང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ང་ཚོའི་མིག་གིས་མཐོང་ཡོད་པ་དང་། ཚང་མའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པ་རེད། ལྷག་པར་དུ་རྒན་པ་ཚོའི་ཚེ་མཇུག་གི་འཚོ་བའང་སྣ་མང་ཕུན་སུམ་ཚོགས་པར་གྱུར་ཡོད་པ་དང་། རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་བཟང་པའི་ཡིད་ཆེས་ཡོད་དགོས།”ཁོ་མོ་གཉིས་ཀྱི་མཉམ་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་པ་ན། བང་དབྱིན་ཏི་རྒན་རྒོན་གཉིས་ཀྱི་གསལ་བོར་ཐོས་པ་དང་། ཐེངས་མང་པོར་མགོ་ལྕོག་ལྡེམ་ལྡེམ་ངང་གཟེངས་བསྟོད་བྱས།

བང་དབྱིན་ཏི་ཚང་ནས་སྒོར་བུད་པ་ན།  དགོང་ཟས་ཟ་བའི་དུས་ཚོད་ཐོན་ལ་ཉེ། ཀྲའོ་ཞའོ་ཡུན་དགོད་ཞོར་དུ་བཤད་རྒྱུར། རྗེས་ཀྱི་ཉིན་མ་རེ་རེར་མུ་མཐུད་དུ་མང་ཚོགས་ཁྲོད་སོང་ནས་སྒྲོག་འགྲེལ་བཟང་པོ་བྱ་རྒྱུ་ཡིན་པ་དང་ཆབས་ཅིག་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྡེ་བའི་ནང་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་དང་། དོ་དམ་ཉམས་མྱོང་ནང་འདྲེན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། ཡུལ་མི་ཚོའི་སྣེ་ཁྲིད་དེ་ཚོགས་པ་བྱས་ནས་འཕེལ་རྒྱས་གཏོང་བ་དང་། འབྲུ་རིགས་མང་པོ་འདེབས་པ་དང་འབྲུ་རིགས་བཟང་པོར་བཏབ་སྟེ། བློ་བརྟན་འགྱུར་མེད་ངང་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་གྲོང་གསེབ་དར་སྤེལ་གྱི་ལམ་བུའི་སྟེང་བསྐྱོད་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།