ཟླ10པའི་ཚེས16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིན་དུ་རྒྱལ་ཁའི་ངང་འཚོགས་ཤིང་། ཚོགས་ཆེན་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་དུང་བརྡ་བཏང་ཡོད་ལ། དུས་རབས་གསར་པའི་ཏང་ལེགས་སྐྱོང་བྱེད་པའི་རླབས་ཆེན་བཟོ་སྐྲུན་གསར་བར་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་བོར་བསྟན་ཡོད། རྨ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྟ་བོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་མགོན་པོ་རྣམ་རྒྱལ་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་ཕུལ་བའི་བྱ་བའི་སྙན་ཞུར་ནན་ཏན་གྱིས་ཉན་པ་དང“སྙན་ཞུའི”ནང་རྗེས་ཕྱོགས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་གསལ་བཤད་ནན་མོ་བྱས་པ་དང་། དགོངས་དོན་གལ་ཆེན་དང་ལྟ་བ་གལ་ཆེན། བརྡར་གཅོད་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་བཏོན་ལ། ང་ཚོའི་ཏང་གིས་དར་ཆ་གང་ཞིག་བསྒྲེང་དགོས་པ་དང་ལམ་གང་ཞིག་ཏུ་བསྐྱོད་དགོས་པ། བསམ་པའི་འཁྱེར་སོ་གང་འདྲ་ཞིག་འཛིན་དགོས་པ། ལོ་རྒྱུས་ཀྱི་ལས་འགན་གང་འདྲ་ཞིག་འཁུར་དགོས་པ། འབད་འཐབ་ཀྱི་དམིགས་འབེན་གང་འདྲ་ཞིག་མངོན་འགྱུར་བྱ་དགོས་པ་སོགས་ཏང་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་ལན་གསལ་པོ་བཏབ་ཡོད། སྙན་ཞུའི་ནང་དོན་ཡོངས་ལ་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་འགན་འཁྲི། ཁག་འཁུར་གྱི་བསམ་བློ་དྲག་པོ། དམངས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་སེམས། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་བཅས་ཀྱིས་ཁྱབ་ཡོད།
སློབ་སྦྱོང་བྱས་པ་བརྒྱུད “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་བརྩི་བཀུར་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་རང་རྟོགས་སྔར་ལས་བརྟན་པོར་ཕྱིན་པ་དང་། རྨ་ཆེན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་འཆམ་མཐུན་བརྟན་བརླིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་སྟེང་ལེགས་པོར་བསྐྱོད་པའི་ཡིད་ཆེས་སྔར་ལས་བརྟན་པོར་ཕྱིན་ལ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག་ཐག་གཅོད་བྱས་ཏེ། མཉམ་དུ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་བསམ་བློའི་ངོས་འཛིན་གཅིག་མཐུན། གཞུང་ལུགས་ཀྱི་ངོས་འཛིན་གཅིག་མཐུན། བརྩེ་དུང་གི་ངོས་འཛིན་གཅིག་མཐུན་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་སྲོག་ཤིང་ལས་འགན་ཁོང་དུ་ཆུད་པར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་རྗེས་སུ་སྙེག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི“རྨ་ཆེན་གསར་བ”བསྐྲུན་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།
“གཡོ་འགུལ་སྤུ་ཙམ་མེད་པའི”ཕུགས་བསམ་དང་དད་སེམས་བརྟན་པོར་བཏང་ནས། དུས་དང་རྣམ་པ་ཀུན་ཏུ“ཐོག་མའི་བསམ་འདུན”ཇེ་དྲག་ཏུ་བཏང་སྟེ་སློབ་སྦྱོང་དང་བསམ་བློ་ཟབ་མོ་གཏོང་བའི་ཐད་འབད་བརྩོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུའི་ནང་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་བྱ་རྒྱུ་ནི་ང་ཚོའི་ཏང་གི་དད་སེམས་བརྟན་པོར་གཏོང་བའི་གཞི་རྩ་ཡིན། དུས་རབས་གསར་པའི་ལོ་ངོ་བཅུའི་ནང་གསར་སྐྲུན་བྱས་པའི་གྲུབ་འབྲས་རླབས་ཆེན་དང་རླབས་ཆེན་གྱི་གསར་བརྗེ་མངོན་འགྱུར་བྱས་པའི་ཆེས་རྩ་བའི་རྒྱུ་རྐྱེན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཕྱོགས་སྟོན་པ་དང་སྣེ་ཁྲིད་མཁན་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པར་རག་ལས་ཡོད། རྗེས་ཕྱོགས་ཀྱི་བྱ་བ་དང་འཚོ་བའི་ཁྲོད་ངས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་དོ་སྣང་དང་ཏང་གཤིས་ལ་དོ་སྣང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲོག་ཤིང་གི་འདུ་ཤེས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་བཙུགས་ནས། བསམ་བློ་དང་ཆབ་སྲིད་ཀྱི་ལག་ལེན་ཁྲོད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་གཞི་གཅིག་གྱུར་ཡོང་བར་བྱ་རྒྱུ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རང་སྣང་འཇིག་རྟེན་བསྒྱུར་བཀོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བྱ་བ་སོ་སོར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས། ཕྱོགས་སོ་སོར་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་སྲིད་ཇུས་བཟང་པོ་གཞི་རིམ་འབྲོག་ཁུལ་དུ་ལག་ལེན་དོན་འཁྱོལ་བྱས་ཏེ། སྔར་ལས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་ཐོག་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྐྱོད་ལམ་གསར་པ་ཞིག་གཏོད་དགོས།
“འགན་འཁྲི་འཁུར་ཕོད་པའི”དངོས་སྒྲུབ་ཀྱི་སྙིང་སྟོབས་ཆེ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ“བཟོ་སེམས”སྦྱོང་བརྡར་བྱས་ཏེ། ཡག་ཐོག་རྒྱན་བརྩེགས་ཀྱི་ཐོག་ནས་རྣམ་པ་དངོས་མཐོང་ཐུབ་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྟོང་བཤད་རྒྱལ་ཕུང་དང་། དངོས་སྒྲུབ་རྒྱལ་དར” ལ་གོ་དོན་ཟབ་ཅིང་གནས་ལུགས་ལྡན། དུས་རབས་གསར་པས་འགན་འཁྲི་གསར་པ་འཁུར་དགོས་པའི་འབོད་སྐུལ་བཏང་བ་དང་། འགན་འཁྲི་གསར་པར་བྱས་རྗེས་གསར་པ་འཇོག་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་མགོ་འཛུགས་ས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། “གཞན་གྱི་སྔོན་ལ་སྒྲུབ་ཕོད་པ་དང་རང་ཉིད་བློས་གཏོང་ཕོད་པའི”བློ་སྟོབས་དང་དད་སེམས་ལ་བརྟེན་ནས། སེམས་གཏིང་ནས་རྣམ་འགྱུར་ཡང་དག་འཛིན་པ་དང་འགན་འཁྲི་འཁུར་ཕོད་པའི་རང་རྟོགས་སྔར་ལས་ཆེ་རུ་བཏང་སྟེ། བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གཏིང་རིམ་ཟབ་པའི་འགལ་བ་དང་གནད་དོན་ལ་འཕྲད་ཚེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ། བྱ་ངན་སྤྱོད་ངན་སྣ་ཚོགས་ཀྱི་མདུན་དུ་གཟབ་ནན་བྱེད་ཕོད་པ་དང་དོ་དམ་བྱེད་ཕོད་པ། གདོང་མཆོང་བྱེད་ཕོད་པ་བཅས་བྱེད་རྒྱུ་ཡིན། འགན་འཁྲི་ལྕི་མོར་ཕྱིར་སྣུར་མི་བྱེད་པ་དང་བྱ་བའི་དཀའ་ཁག་ལ་མི་འཛེམ་པར། ཞིང་ཆེན་དང་ཁུལ་རྫོང་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར་སྲོག་ཤིང་བྱ་བར་དམ་པོར་འབྲེལ་ནས། ཏན་ཏིག་གིས་ཏང་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། བརྟན་བརླིང་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། རིམས་ནད་སྔོན་འགོག དགོན་པར་དོ་དམ། ཐོན་སྐྱེད་བདེ་འཇགས་སོགས་རིགས་སོ་སོའི་བྱ་བར་སྐུལ་འདེད་དང་། རང་གི་ལས་གནས་ཐོག་གི་བྱ་བ་སོ་སོ་གཅིག་རེ་གཅིག་རེ་བྱས་ནས་དམ་འཛིན་བྱས་ཏེ། གྲུབ་འབྲས་མངོན་པ་དང་ཁྱད་ཆོས་མངོན་པ་བྱས་ནས། དོན་དངོས་ཐོག་རྩ་འཛུགས་ཀྱི་སེམས་བདེ་བ་དང་མི་དམངས་ཡིད་ཚིམ་པ་བྱེད་དགོས།
“མི་དམངས་བླ་ན་མེད་པའི”བླ་མེད་བརྩེ་སེམས་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་དམངས་ལ་ཞབས་འདེགས་ཞུ་བའི་ཐད་ཕན་འབྲས་དངོས་ཐོན་པར་བྱེད་དགོས། སྙན་ཞུའི་ནང་ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ། མི་དམངས་ཀྱི་བསམ་འདུན་ཁོང་དུ་ཆུད་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་དེ་བྱ་བར་འཆར་གཞི་བཟོ་བའི་མགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་རྒྱུན་འཁྱོངས་བྱེད་དགོས་པ་གསལ་བོར་བཏོན་ཡོད། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན་པས། སྐྱོད་ལམ་གསར་པའི་སྟེང་ང་ཚོས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་སྔར་ལས་རྒྱུན་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་བརྩོན་གྱི་དམིགས་འབེན་དུ་བརྩི་བ་དང་། རྨ་ཆེན་རྫོང་གི་དོན་དངོས་ཀྱི་ཞན་ཆ་དང་མི་འདང་སར་གཞི་ཚུགས་ཏེ། ཁུལ་ཏང་ཨུའི“སྤྱི་འདོམས་གཅིག་དང་སྐུལ་འདེད་བཞིའི”སྤྱིའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས། ཏང་འཛུགས་སྐྲུན་དམ་འཛིན་དང“སྦྲེལ་བ་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་འཆར་བཀོད་ལག་ལེན་དོན་འཁྱོལ་བྱེད་པ་གཞི་རྟེན་དུ་བྱས་ནས། ནུས་ཤུགས་ཡོད་རྒུས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་ཀྱིས་ཆེས་སེམས་འཁུར་བྱེད་ས་དང་ཆེས་ཐད་ཀར་དང་ཆེས་དངོས་ཡོད་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ཏེ། གང་ཐུབ་ཅི་ཐུབ་ངང་དམངས་ཀྱི་འདོད་བློ་བསྐང་དགོས། ད་ཡོད་ཀྱི་རྨང་གཞིའི་ཐོག་སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན། རྒན་གསོ། ལས་ཞུགས། སྡོད་ཁང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་། ཆུ་གློག་ལམ་གསུམ་དང་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་དགོས་ལ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང། བདེ་སྣང་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ་དང“དྲ་མིག་ཅན་གྱི་དོ་དམ”ལམ་སྲོལ་གཞི་རྟེན་དུ་བྱས་ནས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཞིག་བཏོད་དེ། རྨ་ཆེན་རྫོང་གི་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྨ་ཆེན་རྫོང་གི་སྤྱི་ཚོགས་ཕྱོགས་ཡོངས་ཡུན་རིང་འཆམ་མཐུན་བརྟན་བརླིང་ཡོང་བར་འགན་སྲུང་བྱས་ཏེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ལེགས་བསྒྲུབ་བྱ་རྒྱུ་ཡིན།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།