“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔར”གཅེས་འཛིན་ལྡབ་འགྱུར་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།
2022.11.10 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 10

 ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ།

“དུས་རབས་ཀྱིས་ང་ཚོར་འབོད་སྐུལ་དང་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་ཀྱིན་ཡོད། བློ་བརྟན་འགྱུར་མེད་དང་བྱ་སྤྱོད་ཏན་ཏིག་སྤེལ་ཚེ་གཞི་ནས་དུས་རབས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་དང་། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བྱེད་ཐུབ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་གཏན་འབེབས་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས། ཏང་ཡོངས་ཀྱིས་ངེས་པར་དུ“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”བློ་ལ་བརྟན་པོར་ངེས་དགོས་ཞེས་གསུངས་ཤིང་། ཁོང་གིས“འདི་ནི་ང་ཚོས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་ཐོབ་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡིན་པས། ངེས་པར་དུ་གཅེས་འཛིན་ལྡབ་འགྱུར་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ།  བརྩོན་པའི་རྒྱུན་མ་ལྷོད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤག་དང་བརྟན་བརླིང་ངང་ཡུན་རིང་དུ་སྐྱོད་པར་སྣེ་ཁྲིད་དང་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

དུས་རབས་གསར་པར་སླེབས་ཚུན་གྱི་ལོ་ངོ་བཅུ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་ཆེས་སྤྱིར་བཏང་མིན་པའི་དུས་རིམ་ཤིག་ཡིན། ཏང་གི་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད། མི་དམངས་བདེ་སྐྱིད་བཅས་ཡོང་བར་ཤུགས་རྐྱེན་ཐེབས་པའི་འགལ་བ་དང་གནད་དོན་མངོན་གསལ་ཅན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ། ཕྱིར་བཤོལ་གཏན་ནས་མི་བྱེད་པར་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་མང་པོ་བྱས་པ་དང་། དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་གསར་གཏོད་བྱས་ནས། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ཡོད།

ལོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་ཏེ། ང་ཚོས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་ཡིན། ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འགན་ལེན་དང་། ཏང་གིས་ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འགན་ལེན་བཅས་བྱས་པས། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་རྩ་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་བ་དང་། དུས་རབས་ཉེར་གཅིག་པའི་ཀྲུང་གོར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ལ་དབྱར་མཚོ་རྒྱས་པ་བཞིན་གྱི་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བ། འཛམ་གླིང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཡོད། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ལས་གསལ་བཤད་གང་ལེགས་བྱས་ཡོད།

ལོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་ཏེ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་བ་དང་། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་སྟེ། མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པར་གདམ་ག་གསར་པ་མཁོ་འདོན་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱས་ཡོད།

ལོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་ཏེ། ང་ཚོས་དཔལ་འབྱོར་བརྟན་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་དང་། དབུལ་ཕོངས་ལས་རྣམ་པར་རྒྱལ་བ་དང་འབྱོར་འབྲིང་བསྐྲུན་པ། རིམས་ནད་ཚོད་འཛིན་དང་གནོད་འཚེ་ཆེན་པོར་འགོག་རྒོལ། འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཉེན་ཁ་སེལ་བ་བཅས་བྱས་ཏེ།  འགག་སྒྲོལ་དཀའ་བའི་འགག་གནད་རེ་རེ་བཞིན་སེལ་བ་དང་། མི་རྣམས་ཧ་ལས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་རེ་རེ་བཞིན་བསྐྲུན་པས། ཀྲུང་གོ་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་ལས་ཆེ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་ཆེ་བ། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་སྔར་ལས་བརྟན་པོ་བཅས་བྱུང་ནས། ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་སྔར་ལས་ཆེ་རུ་ཕྱིན་ཡོད། མཐུན་སྒྲིལ་འབད་འཐབ་བྱེད་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱས་ཡོད།

ལོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་ཏེ། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་པ་མ་ཟད་ལག་བསྟར་བྱས་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བྱས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱས་པ། ཁྱོན་ཡོངས་རང་བཞིན་གྱི་དོན་སྙིང་ལྡན་པའི་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པས། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་འཇགས་ཀྱི་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་བརྩམས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་རྒྱུ་ནི་དུས་རབས་གསར་པའི་ནང་རང་རྒྱལ་འདི་ཉིད་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གསལ་བཤད་གང་ལེགས་བྱས་ཡོད།

ལོ་བཅུའི་རིང་ལ་འབད་འབུངས་ཡར་བརྩོན་བྱས་ཏེ། ང་ཚོས་དཀའ་སྤྱད་ཞུན་བརྡར་གྱི་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་། “མི་བརྒྱ་སྟོང་མང་པོར་ཕོག་ཐུག་གཏོང་དགོས་རུང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི”འགན་འཁྲི་འཁུར་སེམས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྔར་ལས་སྐུལ་འདེད་བཏང་སྟེ། རང་ངོས་གསར་བརྗེའི“སྣ་འདུས་ཐབས་བཟང”སྤྱད་པ་དང་། ཏང་གིས་རང་ངོས་གསར་བརྗེ་བྱས་ནས་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་འཁོར་ཡུན་ལས་ཐར་བའི་དྲིས་ལན་གཉིས་པ་རྙེད་ཅིང་། རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་བ་དང་།  ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལྷུག་ལྷོད་འཇམ་གསུམ་གྱི་སྣང་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ། གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་འདི་ཉིད་སྔར་ལས་ཞུམ་མེད་སྟོབས་ལྡན་དང་སྔར་ལས་གསོན་ཤུགས་ཀྱིས་ཁེངས་ཡོད།  ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནི་ཏང་གི་གསོན་ཤུགས་ནམ་ཡང་ཉམས་པ་མེད་པ་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོར་སྐྱོད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གང་ལེགས་སྒོས་མཚོན་གྱི་ཡོད།

“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”ཞེས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་འདི་ནི་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཡུན་རིང་འབད་འཐབ་བྱེད་པའི་ལག་ལེན་ཁྲོད་ནས་ཐོབ་པ་ཞིག་དང་། གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་སོང་བ་ཞིག་རེད། དུས་རབས་གསར་པའི་ཏང་དང་མི་དམངས་ཀྱི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པས།  ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་སྔར་ལས་རླབས་ཆེན་གྱི་རྒྱལ་ཁ་དང་གཟི་བརྗིད་ཐོབ་པར་བྱེད་ན་ངེས་པར་དུ“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”ལ་གཅེས་འཛིན་ལྡབ་འགྱུར་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། ཏང་གི་འགོ་ཁྲིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱབ་ཁོངས་སོ་སོ་དང་བརྒྱུད་རིམ་སོ་སོར་དོན་འཁྱོལ་བྱས་ཚེ། གཞི་ནས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་དང་། འགྲོ་ལམ་མི་སྒྱུར་བ་དང་བློ་སྟོབས་མི་ཉམས་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་བཞག་ཚེ། གཞི་ནས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པ། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་དང་། ཏང་གི་དར་ཆའི་འོག་མཐུན་སྒྲིལ་སྒོས“སྲ་ཞིང་བརྟན་པའི་ངར་ལྕགས”ལྟ་བུར་འགྱུར་བར་བྱས་ནས། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ཚེ། གཞི་ནས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་ཐུབ་པ།  ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཕྱོད་སྔར་ལས་ཆེ་བ། སྔར་ལས་དྲང་གཞག སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཚེ། གཞི་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྔར་ལས་བརྟན་པའི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་མཁོ་འདོན་བྱེད་ཐུབ་པ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་ཏང་གིས་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱས་ཚེ། གཞི་ནས་ང་ཚོའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་ཐུབ་པ་བཅས་ལ་ངོས་འཛིན་སྔར་ལས་གཏིང་ཟབ་བྱེད་དགོས།

ལོ་ངོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཐོག་བསྐྱོད་རྗེས་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་སླར་ཡང་རྒྱུགས་འབུལ་གྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་ཡོད། སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་སྐྱོད་ཅིག་ཡིན་པས། དུས་བབ་ལ་འཕོ་འགྱུར་ཇི་ལྟར་ཆེ་བ་དང་འགྲན་སློང་ཆེན་པོར་ཇི་ལྟར་འཕྲད་རུང་ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས།  གཏན་འཁེལ་བྱས་ཟིན་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ།  ཐོག་མཐའ་བར་གསུམ་དུ“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”རྒྱུན་འཁྱོངས་སྒོས་ངར་ཤུགས་ཆེར་སྐྱེད་དང་། འབད་འབུངས་ཡར་བརྩོན། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།