དར་དམར་སྒྲོག་འགྲེལ་ཚོགས་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་ལ་ཕན་འབྲས་ཐོབ།
2022.11.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

སྔོ་བསངས་ནམ་མཁའི་འོག་ཏུ་རི་ཚོགས་ཁ་བས་གཡོགས། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་དར་དམར་སྒྲོག་འགྲེལ་ཚོགས་པ་འབྲོག་པ་མང་ཚོགས་ཀྱི་ཁྲོད་དུ་སོང་སྟེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ལས་ལ་བྲེལ།་བཞིན་འདུག

ཏང་སྲིད་ཉི་མའི་འོད་སྣང་རྩེ་ཁོག་རྩྭ་ཐང་དུ་འཕྲོས་ཤིང་དམངས་ཕན་སྲིད་ཇུས་བཟང་བོས་དམངས་ལ་བདེ་སྐྱིད་བསྐྲུན། སྐྱེ་ཁམས་སྔོན་ལ་ལག་བསྟར་བྱས་པས་རི་ཀླུང་མཛེས་སྡུག་ལྡན་ཞིང་ཕུན་ཚོགས་རྩྭ་ཆུའི་བཅུད་ཀྱིས་ནོར་ལུག་ཤ་ཤེད་རྒྱས། ཐུན་མོང་མ་ཡིན་པའི་བོད་རིགས་ཀྱི་རྒྱན་གོས་ཀྱིས་མི་རྣམས་ཀྱི་མིག་དབང་འཕྲོག་པར་བྱེད་ལ། སྙན་ཞིང་འཇེབས་པའི་གླུ་སྐད་ཀྱིས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་པར་བྱེད། ཉེ་ལམ། བོད་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་བྱེད་པའི་ཁྲོད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ཡག་པོ་བྱེད་ཆེད།  རྩེ་ཁོག་རྫོང་གིས་ལས་ཁུངས་སོ་སོ་ནས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་རིགས་པའི་གཞུང་ལུགས་ལ་བྱང་ཚད་ལྡན་པ།  བྱེད་སྒོའི་འཇོན་ཐང་ཆེ་བ་བཅས་ཀྱི་ལས་བྱེད་མི་སྣ་ཁག་ཅིག་བདམས་ཏེ།  རྫོང་ཏང་ཨུའི་སྒྲོག་འགྲེལ་ཤེས་ལྡན་མི་སྣའི་དཔུང་སྡེ་འཐུས་ཚང་དུ་བཏང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་དར་དམར་སྒྲོག་འགྲེལ་ཚོགས་པ་ཞེས་པ་ཞིག་བཙུགས། དེ་དང་མཉམ་དུ་དུས་ཐོག་ཏུ་རིག་གནས་སྡེ་ཁག་གིས་དུས་སྐབས་གསར་པའི་གར་སྟེགས་སྒྱུ་རྩལ་གྱིས་མཚོན་པའི་དགོས་མཁོ་གཞིར་བཟུང་སྟེ། རྩེ་ཁོག་རྫོང་གི་མི་དམངས་མང་ཚོགས་ཀྱི་མཛེས་དཔྱོད་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། དྲང་བདེན་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ལེ་ཚན་བཀོད་སྒྲིག་དང་གསར་གཏོད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་གསར་པ་དང་ལྟ་བ་གསར་པ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་ལམ་ནས་བོད་ཀྱི་ཟློས་གར་དང་སྒྲ་སྙན་རྡུང་ལེན། གླུ་གཞས་སོགས་ཀྱི་ལེ་ཚན་ཁྲོད་འདྲེས་པར་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་རྩྭ་ཐང་ཡངས་པོར་ཁྱབ་པར་བྱས།

སྒྲོག་འགྲེལ་བྱ་འགུལ་ལེགས་པོར་སྤེལ་བར་དམིགས་ནས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཏན་ཏིག་ནུས་ལྡན་གྱིས་གྲ་སྒྲིག་བྱ་བ་འབོར་ཆེན་བསྒྲུབས། ཁོ་ཚོས་བྱ་བའི་དུས་ཚོད་དང་ལས་ཞོར་གྱི་དུས་ཚོད་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་སློབ་སྦྱོང་ཐེངས་མང་བྱས་པ་དང་། སྲིད་ཇུས་ཀྱི་ཚད་ལྡན་ཡིག་ཆ་དང་དཔྱད་ཡིག་ལ་ལྟ་བ། སྙན་ཞུའི་ནང་དོན་གདམ་གསེས་བྱས་ནས་བོད་ཡིག་ཏུ་བསྒྱུར་བ་དང་གཞི་རིམ་མང་ཚོགས་ཀྱིས་གོ་ཐུབ་པའི་ཁ་སྐད་ཀྱི་ལམ་ནས་སྒྲོག་འགྲེལ་བྱས།

ཉིན་འགའི་སྔོན་དུ། རྩེ་ཁོག་རྫོང་དར་དམར་སྒྲོག་འགྲེལ་ཚོགས་པས་རྩེ་ཆུ་གྲོང་རྡལ་དང་རྡོ་དཀར་མོ་ཡུལ་ཚོ། དཔྱི་ས་ཡུལ་ཚོ་བཅས་སུ་སྐོར་སྐྱོད་སྒྲོག་འགྲེལ་བྱས།   བུད་མེད་ཀྱི་རྐྱང་གཞས《རྩེ་ཁོག་གསར་བའི་སྨོན་འདུན》དང་ཕོ་མོའི་མཉམ་གཞས《ཏང་གི་དྲིན་དྲན་པ》ཞབས་བྲོ《སྦྲ་ནག》《ཏང་གི་རྗེས་སུ་འབྲངས་པ》བཅས་མི་དམངས་མང་ཚོགས་ཀྱི་ཡིད་དབང་འཕྲོག་པའི་ལེ་ཚན་རེ་རེ་བཞིན་འཁྲབ་སྟོན་བྱས་ཏེ།  ལྟོ་གོས་འཛོམས་ཙམ་ནས་འབྱོར་འབྲིང་འཚོ་བ་མངོན་འགྱུར་བྱུང་བ་དང་འབྱོར་འབྲིང་འཚོ་བ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་པའི་བདེ་སྐྱིད་འཚོ་བའི་འགྱུར་ལྡོག་མཚོན་པར་བྱས་ནས།   སྒྲོག་འགྲེལ་པ་ཚོས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ངུར་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནས་ལུགས་བཤད་པས་མི་དམངས་མང་ཚོགས་ཀྱིས་དོན་གྱི་གནས་ལུགས་རེ་རེ་བཞིན་གསལ་བོར་རྟོགས་ཐུབ་པར་གྱུར།

དེ་དང་མཉམ་དུ་སྒྲོག་འགྲེལ་བྱེད་པའི་སྐབ་སུ་སྒྲོག་འགྲེལ་བྱས་པའི་ནང་དོན་སྐོར་ལ་མང་ཚོགས་ཀྱིས་ལན་འདེབས་པ་དང་བྱ་དགའ་སྟེར་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་ཐབས་སྤྱད་པས།   ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཡུལ་དངོས་སུ་སྔར་མེད་ཀྱི་ཚ་རླབས་འཕྱུར་ཞིང་འཁྲུག་ཆ་དོད་པོར་གྱུར་ཏེ་ཐལ་མོའི་རྡེབ་སྒྲས་ཡོངས་སུ་ཁེངས་འདུག

ཐེངས་འདིའི་སྒྲོག་འགྲེལ་ཐད་ཆེས་གསར་གཏོད་རང་བཞིན་ལྡན་པ་ནི། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་བྱེད་པའི་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དེ་ཡིན་ཞིང་།  བོད་ཀྱི་སྲོལ་རྒྱུན་ཟློས་གར་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་དང་འབྲེལ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་གཞས་ཚིག་གི་ཁྲོད་དུ་བཅུག་ཡོད་དེ། “མི་རིགས་མཐུན་སྒྲིལ་གོམ་སྟབས་གཅིག་མཐུན་དང་ལག་གདང་སྦྲེལ་ནས་ཡངས་ཤིང་རྒྱ་ཆེའི་བགྲོད་ལམ་དུ་སྐྱོད་པ”“རྩེ་ཁོག་གི་བུ་དང་བུ་མོ་ཚོས་ཏང་གི་དྲིན་ཚོར་ཞིང་བདེ་སྐྱིད་འཚོ་བ་མཉམ་དུ་བསྐྲུན”སོགས་ཉན་སྤྲོ་ཞིང་གོ་བདེ་བའི་སྐད་ཆའི་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡི་བསམ་བློ་གསར་པ་དང་ལྟ་བ་གསར་པ་རེ་རེ་བཞིན་ཐབས་མཁས་ཀྱིས་དྲངས་ཏེ། འབྲོག་པ་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་ནས་ཏང་གི་གསུང་སྐད་བརྒྱུད་སྤྲོད་བྱས་པར་སྔར་མེད་ཀྱི་ཁྱད་ཆོས་ཆེན་པོ་ལྡན་པས་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དགའ་བསུ་ཐོབ་ཡོད།

ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་ལས་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཤེས་རྟོགས་སྔར་ལས་ཟབ་མོ་བྱུང་ཡོད།  ད་ལྟ་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་གུང་ཁྲན་ཏང་གིས་གནང་བ་ཞིག་ཡིན་པས་ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་དགོས་ཞེས་རྩེ་ཆུ་གྲོང་རྡལ་གྱི་འབྲོག་པ་དཀོན་མཆོག་སྐྱབས་ཀྱིས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།

རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན། གོམ་སྟབས་མགྱོགས་པོས་མྱུར་དུ་མངོན་འགྱུར་བྱེད།  བསྟོད་གླུ་འབུལ་བཞིན་གདོང་ལ་འཛུམ་མདང་རྒྱས། ཏང་གི་བཀའ་དྲིན་ཕ་མའི་དྲིན་དང་འདྲ། དཔྱི་ས་ཡུལ་ཚོ་རུ་སྒྲོག་འགྲེལ་བྱེད་པའི་ཉིན་མོ་དེར། དྭངས་ཤིང་གཙང་བའི་ནམ་མཁའ་དང་དྲོ་ཞིང་འཇམ་པའི་ཉི་འོད།  མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་མི་སེམས་འགུལ་བའི་གླུ་སྐད་དེ་དག་གཞི་གཅིག་ཏུ་འདྲེས་པས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད།   ལུས་ལ་གཟབ་མཆོར་ལེགས་པོར་སྤྲས་པའི་འཁྲབ་སྟོན་པ་རྣམས་ཀྱིས་འཁྲབ་སྟོན་བྱེད་པའི་སྐབས་སུ། ལྟད་མོར་ལྟ་མཁན་རྣམས་ཀྱི་ཁ་ཁུ་སིམ་པོའི་ངང་རེ་སྒུག་དང་བཅས་ཏེ་བལྟས་འདུག་ཅིང་།  ཀུན་གྱིས་དགའ་མོས་བྱེད་པའི་དེང་རབས་ཀྱི་གསར་རྩོམ་གཞས་ཚིག་རེ་རེ་ཐོས་སྐབས། ཚང་མའི་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་བཞིན་བསྔགས་བརྗོད་ཀྱི་ཐལ་མོ་རྡེབ་བཞིན་འདུག

སྒྲོག་འགྲེལ་བྱེད་ཐབས་གསར་བ་དེ་རིགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་གཏིང་ཟབ་བྱས་པ་དང་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བར་མ་ཟད། འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། སྒྲོག་འགྲེལ་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་ལ་མང་ཚོགས་ཀྱི་སེམས་ལ་འབབ་པར་བྱས་ཡོད་ཅེས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གུ་རུ་རྡོ་རྗེ་ཡིས་གསར་འགོད་པར་བཤད།

རྩེ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་གཙོ་འབྲུག་བྱམས་མཁར་གྱི་སེམས་ཤུགས་སྔར་ལས་འཕེལ་ཡོད་དེ། ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་དེ་སྲོལ་རྒྱུན་གྱི་ཟློས་གར་འཁྲབ་སྟོན་དང་རྡུང་ལེན་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་འཁྲབ་སྟོན་གྱི་རྣམ་པས་སྒྲོག་འགྲེལ་བྱས་པ་ཡིན། ཟློས་གར་འཁྲབ་སྟོན་དང་རྡུང་ལེན་སོགས་ནི་ང་ཚོ་འབྲོག་ཁུལ་གྱི་མི་དམངས་མང་ཚོགས་ཀྱིས་ཧ་ཅང་དགའ་བསུ་བྱེད་པའི་ལེ་ཚན་རྐྱང་རྐྱང་ཡིན་པས། ཐེངས་འདིར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་ས་གནས་ཀྱི་ཁྱད་ཆོས་ལྡན་པར་མ་ཟད་སྒྲོག་འགྲེལ་ལ་ཕན་འབྲས་ཀྱང་མངོན་གསལ་ཐོབ་ཡོད་ཟེར།

                                                                                        ཡིག་སྒྱུར་བ། གཡང་འབུམ་རྒྱལ།