མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་ལྟ་སྲུང་ཡག་པོ་བྱེད་དགོས།
2022.11.22 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 25

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་རང་བྱུང་ཁམས་ནི་མིའི་རིགས་ཀྱི་འཚོ་བའི་བརྟེན་ས་དང་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་རྒྱུ་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་ནང་གནས་ཀྱི་བླང་བྱ་ཡིན་ཞེས་བསྟན་ཡོད།” ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱེད་སྐབས། སྐྱེ་ཁམས་སྲུང་སྐྱོབ་དང་འབྲེལ་བའི་ནང་དོན་ཞིག་ཡོད་ཚེ། ཁོས་ཉར་ཚགས་བྱེད་བཞིན་ཡོད། ས་ཚིགས་ཀྱི་འགོ་གཙོ་ཡིན་པའི་ཆ་ནས། དོ་དམ་ས་ཚིགས་ཀྱི་བློ་མཐུན་ཚོའི་སྣེ་ཁྲིད་དེ་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱེད་སྐབས། དེ་ནི་མེད་དུ་མི་རུང་བའི་ནང་དོན་ཞིག་རེད།

ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། པ་སངས་ཚེ་རིང་གིས་ནམ་རྒྱུན་དང་འདྲ་བར། དྲ་ཐོག་ནས་དོ་དམ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་རྣམས་ཀྱི་སྣེ་ཁྲིད་དེ་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་ཡོད། བརྙན་རིས་མདུན་གྱི་པ་སངས་ཚེ་རིང་གིས་མི་ཚང་མར་བློ་ཞིབ་མོས་གདམ་གསེས་བྱས་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་གྱེར་བཞིན་ཡོད་ལ། སྐྱེ་ཁམས་བདག་སྐྱོང་པ་ཚོས་ཕྱོགས་གཅིག་ནས་ནན་ཏན་གྱིས་བརྙན་རིས་ལ་ལྟ་བ་དང་། ཕྱོགས་གཞན་ཞིག་ནས་བགྲོ་གླེང་བྱེད་བཞིན་འདུག

“ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། ‘རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་ཡུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་བཟོ་འགོད་གལ་ཆེན་ལག་ཏུ་བསྟར་དགོས’ཞེས་བསྟན་ཡོད་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བདག་སྐྱོང་པ་ཞིག་ཡིན་པའི་ཆ་ནས། འདི་ནི་ང་ཚོའི་ལས་འགན་ཡིན”ཞེས་པ་སངས་ཚེ་རིང་གིས་དེ་ལྟར་བཤད་ལ། མི་གཞན་རྣམས་ཀྱིས་མགོ་ལྕོག་ལྡེམ་བཞིན་འཐད་པའི་བརྡ་བསྟན།

ཡུས་ཧྲུའུ་གྲོང་ཁྱེར་དུ་གནས་པའི་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ས་ཁུལ་དང་པོ་ཡིན་པ་དང་། གེ་སར་རྟ་རྫི་དང་དེའི་རྒྱུད་སྤེལ་བྱེད་གནས་དེ་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་བཞག་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དཀྱིལ་སྙིང་ཁུལ་དུ་གཏོགས་ཡོད།

པ་སངས་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། དོ་དམ་ས་ཚིགས་ཐོག་མར་འཛུགས་སྐབས་གེ་སར་རྟ་རྫི་ཉེར་གཉིས་ཙམ་ལས་མེད་ལ། ད་ལྟ་ལོ་རེར་ས་འདིར་སྤོས་ཡོང་བའི་གེ་སར་རྟ་རྫིའི་གྲངས་ཀ་བརྒྱ་དང་བདུན་ཅུ་ནས་བརྒྱ་དང་བརྒྱད་ཅུ་ཡས་མས་ཡོད། ཆེས་མང་དུས་ཉིས་བརྒྱ་དང་བཅུ་དྲུག་ལ་སླེབས་མྱོང་། དེ་འདྲ་ཞིག་ཡིན་པར་མ་ཟད། ཉེ་བའི་ལོ་འགའི་རིང་ལ། དོ་དམ་ས་ཚིགས་ཀྱིས་ད་དུང་ཕྱོགས་བསྡུས་ས་ཁམས་བརྡ་འཕྲིན་ཞབས་ཞུ་སྟེགས་བུ་དང་། བློ་གྲོས་སྐོར་སྲུང་མ་ལག ཕྱོགས་ཡོངས་མྱུལ་ཤེལ་ལྟ་སྐུལ་ཚོད་འཛིན་མ་ལག་སོགས་བསྐྲུན་ཟིན་པ་དང་། ལྟ་ཞིབ་ཚད་ལེན་བྱེད་ཡུལ་ཉེར་གཉིས་ཡོད་པ་དེ་དག་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བརྒྱ་ལ་ཉེ་བ་ཡོད་པའི་བརླན་སའི་ཁྲོད་ཁྱབ་ཡོད། མིག་སྔར། གེ་སར་རྟ་རྫི་ལས་གཞན། རོང་པོའི་འདབ་ཆགས་རིགས་ཁྱུ་གཞན་དག་གི་གྲངས་འབོར་ཐོག་མའི་རིགས་ཉི་ཤུ་ནས་རིགས་བརྒྱ་དང་སོ་བརྒྱད་བར་དུ་ཇེ་མང་ལ་ཕྱིན་ཡོད་པ་དང་། ངང་པ་མགོ་ཁྲ་དང་། ངུར་བ་སོགས་ཐོག་མའི་བརྒྱ་ཕྲག་དུ་མ་ནས་ད་ལྟ་ཁྲི་གཅིག་ལྷག་ལ་འཕར་བ་དང་། ཝ་དང་སྤྱང་ཀི་སོགས་རི་སྐྱེས་སྲོག་ཆགས་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར།

པ་སངས་ཚེ་རིང་གིས་བཤད་རྒྱུར། “རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ལ། རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཀྱང་ཡིན། ལོ་འདི་དག་གི་རིང་ལ་སྐྱེ་ཁམས་བདག་སྐྱོང་པ་རྣམས་ཀྱིས་རང་གི་ཡོད་ཚད་ཕུལ་ཏེ་འབད་བརྩོན་བྱས་པ་བརྒྱུད། སྐྱེ་དངོས་ཀྱི་རིགས་སྣ་ཇེ་མང་ནས་ཇེ་མང་དུ་གྱུར་པ་དང་། ང་ཚོ་དང་རི་སྐྱེས་སྲོག་ཆགས་བར་གྱི‘འབྲེལ་ཐག’ཇེ་ཉེར་གྱུར་ཡོད། དེང་སྐབས་ས་གཞི་འདིའི་སྟེང་། ང་ཚོར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མངོན་ཡོད”ཟེར།

སློབ་སྦྱོང་མཇུག་རྫོགས་རྗེས། སྐྱེ་ཁམས་བདག་སྐྱོང་པ་ཚེ་ཚེ་ཡི་ཁ་པར་གྱི་སྒྲ་གྲགས་བྱུང་། དེ་ནི་ཁོ་ལ་གོམས་འདྲིས་ཆེ་བའི་དྲིལ་བརྡ་ཞིག་སྟེ། སྐོར་སྲུང་མགོ་རྩོམ་དགོས་པའི་གསལ་བརྡ་རེད།

དྲིལ་བརྡའི་གློག་སྒོ་གཏན་རྗེས། ཚེ་ཚེ་ཡིས་རྣ་ཉན་བརྒྱབ་པ་དང་། སྒྲིག་ཆས་དག་ལེགས་སྒྲིག་བྱས་ཤིང་། འཕྲུལ་རྟར་བཞོན་ཏེ། ཕྱི་རོལ་དུ་སྐོར་སྲུང་བྱེད་མགོ་བརྩམས། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་རྒྱལ་ཁབ་སྤྱི་གླིང་དང་དེ་མིན་སྐྱེ་ཁམས་སྲུང་སྐྱོབ་ཐད་བྱེ་བྲག་གི་བླང་བྱ་བཏོན་ཡོད་ཅིང་། ང་ཚོ་བདག་སྐྱོང་པ་རྣམས་ལ་མཚོན་ནས་བཤད་ན་དེ་ནི་སྒུལ་ཤུགས་ཤིག་ཡིན་པས། རྗེས་ཕྱོགས་ཚང་མས་འབད་བརྩོན་ལ་བརྟེན་ནས། ནམ་མཁའ་སྔར་ལས་སྔོ་ཞིང་དྭངས་ལ། རི་བོ་སྔར་ལས་ལྗང་མདོག་ལྡན་པ། ཆུ་མོ་སྔར་ལས་དྭངས་ཤིང་གཙང་བའི་ཆེད་དུ་བྱས་རྗེས་འཇོག་ཐུབ་པའི་རེ་བ་བཅངས་ཡོད”ཅེས་ཚེ་ཚེ་ཡི་སྐད་གསང་མཐོན་པོས་དེ་ལྟར་བཤད།

ཟླ11པར། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་སོང་ན། མུ་མཐའ་བྲལ་བའི་མཐོ་སྒང་གི་རྩྭ་ཐང་དུ་རབ་དཀར་ཁ་བས་གཡོགས་འདུག  ཚེ་ཚེ་ཡིས་ཉིན་གཉིས་རེའི་ནང་ལས་འགན་ཁྱབ་ཁོངས་ནང་གི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་མ་འཁྱགས་ཀློང་དང་རི་སྐྱེས་སྲོག་ཆགས་ལ་སྐོར་སྲུང་ཐེངས་རེ་བྱེད་དགོས།

གནས་གང་རུང་ཞིག་ལ་སླེབས་རྗེས། ཚེ་ཚེ་ཡི་འཕྲུལ་རྟ་བསྡད་དེ། རྒྱང་མཐོང་བཀོལ་ནས་སྐོར་གཟིགས་ཐེངས་གཅིག་བྱེད་པ་དང་། དེ་ནས་ལག་ཁུག་ནང་གི་ཉིན་ཐོ་འབྲི་དེབ་འཕྲུལ་རྟའི་འཕོངས་མགོར་བཞག་སྟེ། ལག་པ་འཕུར་འཕུར་ཙམ་བྱས་རྗེས་ཟིན་ཐོར་བཀོད།

“དེ་ལྟར་བྱེད་དོན་ནི་ཁོར་ཡུག་གི་འགྱུར་ལྡོག་ལ་དབྱེ་ཞིབ་བྱེད་པ་ཞིག་ཡིན་པར་མ་ཟད་གནས་ཚུལ་མི་འདྲ་བར་གཞིགས་ནས། ཐེངས་རྗེས་མའི་སྐོར་སྲུང་ལམ་ཐིག་ཇུས་འགོད་བྱེད་ཆེད་ཡིན ”ཞེས་ཚེ་ཚེ་ཡིས་ཟིན་ཐོར་འགོད་ཞོར་དེ་ལྟར་བཤད། “སྲུང་སྐྱོབ་ས་ཁུལ་གྱི་རྒྱ་ཁྱོན་ཤིན་ཏུ་ཆེ་ལ། འབྲི་ཆུའི་ཆུ་ལག་གཡུ་ཆུ་གནས་འདི་བརྒྱུད་ནས་བཞུར་གྱིན་ཡོད་པར་མ་ཟད། སྲུང་སྐྱོབ་ས་ཁུལ་དུ། ལྟེ་གནས་ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་སྟོང་བདུན་དང་ལྔ་བརྒྱ་དོན་གསུམ་དང་། བར་ཆོད་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་སྟོང་གཅིག་དང་དྲུག་བརྒྱ། ཚོད་ལྟའི་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་བརྒྱད་བརྒྱ་དང་ཉེར་བདུན་བཅས་ཡོད་པས། འདི་ནི་འཛམ་གླིང་སྟེང་མཚོ་འཕང་ཆེས་མཐོ་ཤོས་ཀྱི་མཐོ་སྒང་བརླན་སའི་ས་ཁུལ་གྲས་ཀྱི་གཅིག་ཡིན་ལ། ང་ཚོའི་བྱ་བ་ནི་གནས་འདིའི་ས་ཆ་ཡོངས་རྫོགས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན”ཟེར།

འདི་ལྟ་བུའི་སྐོར་སྲུང་བྱ་བ་དེ། ལོ་ངོ་དྲུག་གི་རིང་ལ་མཚམས་ཆད་མ་མྱོང་། ལོ་འདི་དག་གི་རིང་ལ། ཚེ་ཚེ་ཡིས་རོང་པོའི་འཕོ་འགྱུར་དངོས་སུ་མཐོང་བ་རེད། “ལོ་འདི་དག་གི་རིང་ལ་ངས་མཐོང་བ་ནི། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར་པ་དང་། ང་ཚོའི་གནས་འདི་ཡང་གོ་ལ་ཧྲིལ་པོའི་དུས་བསྟུན་བྱ་རིགས་གནས་སྤོའི་ལམ་ཐིག་ནང་གི་ཨ་ཤེ་ཡ་དབུས་མ་ནས་རྒྱ་གར་བར་གནས་སྤོ་བྱེད་པའི་ལམ་ཐིག་སྟེང་གི་རྒྱུད་སྤེལ་བྱེད་ས་དང་འབབ་སྡོད་བྱེད་ས་གལ་ཆེན་ཞིག་ཡིན་པས། མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདི་རུ་གེ་སར་རྟ་རྫི་དང་ངང་པ་མགོ་ཁྲའི་རྒྱུད་སྤེལ་བྱེད་ས་གཙོ་བོ་ཡིན།”

“ཉིན་འདི་དག་གི་རིང་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཡང་བསྐྱར་ཇེ་དྲག་ཏུ་གྱུར་པ་དང་། རོང་པོ་ནི་ང་ཚོའི་མཛེས་སྡུག་གི་ཁྱིམ་གཞིས་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་དོན་ནི། གནས་འདིའི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་ལྟ་སྲུང་ལེགས་པོ་བྱས་ཏེ། དེ་ཚོ་སོས་དལ་བག་ཕེབས་ངང་འཚོ་བ་རོལ་ཏུ་འཇུག་རྒྱུ་དེ་ཡིན”ཞེས་ཚེ་ཚེ་ཡིས་དེ་ལྟར་བཤད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།