ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས།
2022.11.23 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 8

 ཀྲུང་གོ་སྟོབས་ལྡན་དུ་འགྱུར་བར་ཞིང་ལས་ངེས་པར་དུ་སྟོབས་ལྡན་ཡིན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས“ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་གོམ་སྟབས་ཆེན་པོས་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་སྐྱོད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གཙོ་རྒོལ་ཁ་ཕྱོགས་ཤིག གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་བཅས་ཡིན།

བརྗིད་ཆེའི་འཆར་གཞིས་མི་སེམས་སྐུལ། དུང་བརྡ་དྲག་པོས་སེམས་ཤུགས་འཕེལ། བྱང་ཤར་གྱི་འབྲུ་མཛོད་ནས་ལྷོ་ཕྱོགས་ཀྱི་ས་གཞི་ཆེན་པོའི་བར་དང་། ཉ་དང་འབྲས་ཐོན་ཡུལ་ནས་བྱང་ཕྱོགས་སྔོ་ལྗང་ས་ཁུལ་བར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྐྱོད་ལམ་གསར་པའི་ཐོག་བསྐྱོད་ནས་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར། དུས་ཚིགས་རེ་རེ་དང་བརྒྱུད་རིམ་རེ་རེ་བཞིན་དམ་འཛིན་དང་། འབད་བརྩོན་ཆེན་པོས་མདུན་སྐྱོད། ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་དམིགས་འབེན་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན།

ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་སྐྱོད་པར་གཞི་རྩའི་ཆ་རྐྱེན་འཛོམས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་ལས་དེང་རབས་ཅན་དང་། ཞིང་སྡེ་དར་རྒྱས་འབྱོར་ཕྱུག ཞིང་པ་བདེ་སྡོད་ལས་བརྩོན་བཅས་མ་བྱུང་ན། རྒྱལ་ཁབ་དེང་རབས་ཅན་འཐུས་ཚང་བྱུང་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་མེད་པ། བརྟན་པོ་བྱུང་མེད་པ་ཞིག་རེད”ཅེས་ནན་བཤད་གནང་།

ད་ལོར་རང་རྒྱལ་གྱི་དབྱར་འབྲུར་ལོ་ལེགས་བྱུང་བ་དང་།  སྟོན་འབྲུ་འདེབས་ཁྱོན་བརྟན་པོའི་ངང་འཕར་བ། གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ། ཕན་འབྲས་བརྟན་པོའི་ངང་ཇེ་མཐོར་འགྲོ་བཞིན་ཡོད་པས། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ཐོན་ལེགས་ཐོབ་པའི་རེ་བ་ཡོད།

ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ། ཏང་ཡོངས་ཀྱི་ལས་དོན་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེར་བརྩི་བ་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་བས།  ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ནས། ཞིང་ལས་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་གྱི་ཕྱོགས་སུ་བསྐྱོད་པའི་གཞི་རྩའི་ཆ་རྐྱེན་འཛོམས་ཡོད”ཟེར།

རྩ་བ་ཇེ་བརྟན་དུ་བཏང་ནས་མཁོ་སྤྲོད་འགན་ལེན་ནུས་པ་སྔར་ལས་ཇེ་དྲག་ཏུ་གྱུར།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་རྒྱ་ཁྱོན་བརྟན་འཇགས་དང་།   ཐོན་ནུས་མཐོར་འདེགས། འགན་འཁྲིར་ཤུགས་སྣོན། མཁོ་སྤྲོད་འགན་ལེན་བཅས་བྱས་ནས། ཀྲུང་གོ་བའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པའི་འགན་ལེན་བྱས་ཡོད། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་ཇེ་མཐོར་སོང་བ་དང་།  ཐོན་ཚད་བསྟུད་མར་ལོ་ཤས་རིང་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་དུ་བསླེབས་ཤིང་།  “བཟའ་འབྲུ”འགན་ལེན་ནུས་ལྡན་དང་། “ཤ་ཚལ་སྒོང་གསུམ”མཁོ་སྤྲོད་འདང་ཚིམ་པ། “སིལ་ཏོག”གི་སྣ་ཁ་འཛོམས་པ་བཅས་བྱུང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་འཇགས་ཡོང་བར་རྨང་གཞི་བཟང་པོ་ཞིག་བཏིང་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བར་རྟིང་ཤུགས་ལྡན་པ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ཚན་རྩལ་གསར་བསྐྲུན་དང་རང་ཚུགས་རང་སྟོབས་བྱེད་རྒྱུ་ནི་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན། 2021ལོའི་བར་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་བྱས་རྗེས་འཇོག་ཚད61%བསླེབས་པ་དང་། ཞིང་ལས་ལོ་ཏོག་རྨོ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད72%ལྷག་ཏུ་བསླེབས་ཡོད།

ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། གོམ་སྟབས་རྗེས་མར་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། སོན་འདེབས་ལས་རིགས་གཙོ་བོ་ཡིན་པའི་ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། དེང་རབས་ཀྱི་དངོས་པོའི་ཆ་རྐྱེན་ལ་བརྟེན་ནས་ཞིང་ལས་སྒྲིག་ཆས་ཇེ་ལེགས་སུ་གཏོང་བར་མཐོང་ཆེན་བྱེད་པ། ཞིང་ལས་འཕྲུལ་ཆས་ཅན་དང་། སྒྲིག་བཀོད་ཅན། རིག་ནུས་ཅན་བཅས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་ཞིང་ཐོན་སྐྱེད་བྱེད་ཚད་དང་། ངལ་རྩོལ་ཐོན་སྐྱེད་བྱེད་ཚད། ཐོན་ཁུངས་བེད་སྤྱོད་བྱེད་ཚད་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཟེར།

ཐོན་སྐྱེད་ནུས་ཆེ་དང་། ཐོན་རྫས་བདེ་འཇགས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཐུན་འཕྲོད་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་མངོན་འགྱུར་བྱེད་པ། གྲོང་གསེབ་ཀྱི་འཚོ་བ་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས”། “བློ་བརྟན་འགྱུར་མེད་སྒོས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལེགས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཐོན་སྐྱེད་ནུས་ཆེ་དང་། ཐོན་རྫས་བདེ་འཇགས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཐུན་འཕྲོད་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས”ཞེས་ནན་བཤད་གནང་ཡོད།

ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འབྲུ་རིགས་ཐོན་ལས་ཇེ་བརྟན་དུ་གཏོང་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་སྐྱེད་སྲིང་བྱས་པས། རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཐོག་མའི་ལས་སྣོན་སྒྲིག་བཀོད་འབུམ་གཅིག་ཁྲི་ལྔ་སྟོང་དྲུག་དང་ཐོན་ཡུལ་གྱི་གྲང་ཉར་སྒྲིག་བཀོད་ཁྲི་ལྔ་ལྷག་བསྐྲུན་ནས། ཞིང་ལས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱས་ཚད70.6%ལ་བསླེབས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཞིང་སྡེའི་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་ཡེ་ཞིན་ཆིན་གྱིས་བཤད་རྒྱུར། རྗེས་ཕྱོགས་ཞིང་ལས་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་། ཁ་གསབ།  སྟོབས་ལྡན་བཅས་ཡོང་བར་ཤུགས་སྣོན་བྱས་ནས། ཞིང་ལས་ཀྱི་རིན་ཐང་དང་ཕན་འབྲས་ཇེ་མཐོར་གཏོང་བའི་བར་སྟོང་ཆེ་རུ་བཏང་སྟེ། ཞིང་སྡེའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་རྫས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་དགོས”ཟེར།

ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱས་ནས་ཐོན་ལས་སྦྲེལ་ཐག་སྔར་ལས་འཐུས་ཚང་དུ་གཏོང་དགོས།

ཞིང་ལས་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར།  ཐོན་ལས་དར་སྤེལ་གཏོང་བར་མུ་མཐུད་དུ་ཤུགས་སྣོན་བྱེད་དགོས། རྗེས་ཕྱོགས་ཞིང་ལས་དང་ཞིང་སྡེའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས།  ཞིང་ལས་ཀྱི་བྱེད་ནུས་མང་པོ་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་བྱེད་རྒྱུ་ཁ་ཕྱོགས་སུ་བྱས་ཏེ། གྲོང་གསེབ་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཐོན་སྐྱེད་ལས་སྣོན་ཕྱིར་ཚོང་འབྲེལ་མཐུད་བྱས་ནས། ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱས་ནས། ཐོན་ཁུངས་བེད་སྤྱོད་སྔར་ལས་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཐོབ་པར་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ས་བོན་གྱི་ཆུ་གྲོན་ཆུང་དང་། ཞིང་ལས་ལག་རྩལ་གྱི་ཆུ་གྲོན་ཆུང་། ལས་གཞིའི་ཆུ་གྲོན་ཆུང་བཅས་ལ་སྐུལ་འདེད་བཏང་བས། ཞིང་ཆུ་གཏོང་འདྲེན་གྱི་ཆུ་སྤྱོད་པའི་སྡུར་གྲངས0.568ཟིན་པ་དང་། སོག་མ་དང་ཞིང་སྤྱོད་འགྱིག་ཤོག་སྤྱོད་པའི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་སོང་ནས།  སོག་མ་ལུད་རྫས་ཅན་དང་། གཟན་ཆས་ཅན། ནུས་རྒྱུ་ཅན་བཅས་ལ་འགྱུར་བར་སྐུལ་འདེད་བཏང་ཞིང་། ཕྱོགས་བསྡུས་བེད་སྤྱོད་བྱས་ཚད་87%ཡན་དུ་བསླེབས་ནས། ཞིང་ལས་ཐོན་སྐྱེད་རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།

རྨོ་ཞིང་སྲུང་སྐྱོབ་ཡག་པོ་དང་མ་ལག་ཡག་པོ་བཙུགས་ནས། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་གནས་སྲིད་གཞུང་གི་བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། ས་ཞིང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ས་ཞིང་གི་ཁྲིམས་འགལ་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། རྨོ་ཞིང་སྲུང་སྐྱོབ་ཀྱི་མཐའ་ཚད་ནན་སྲུང་བཅས་བྱེད་དགོས”ལ། “རྨོ་ཞིང་དང་ལྷག་པར་དུ་གཞི་རྩའི་ས་ཞིང་སྲུང་སྐྱོབ་བཟང་བོ་བྱེད་པའི་རྨང་གཞིའི་ཐོག གཞི་ཁྱོན་ཆེན་པོས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

མི་མང་བ་དང་ས་ཞིང་ཉུང་བ་ནི་རང་རྒྱལ་གྱི་གཞི་རྩའི་ཞིང་ལས་ཀྱི་གནས་ཚུལ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ་མཐའ་ཚད་སྲུང་བ་དང་སྤུས་ཚད་ཇེ་མཐོར་གཏོང་བ་རྒྱུན་འཁྱོངས་བྱས་ཡོད། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་མཐའ་ཚད་བརྟན་སྲུང་དང་སྤུས་ཚད་མཐོན་པོར་བརྟེན་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ད་ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཐེར་འབུམ་གཅིག་བསྐྲུན་ནས་འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་ཡན་དུ་འགན་ལེན་བརྟན་པོ་བྱེད་ཐུབ་པ་བྱ་རྒྱུ་རེད།

རྨོ་ཞིང་ནི་ཞིང་ལས་ཐོན་སྐྱེད་ཀྱི་སྲོག་རྩ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་བ་ཡིན།  ཆེད་མཁས་པས་བཤད་རྒྱུར།  ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་དགོས། རྗེས་ཕྱོགས་གྲངས་ཀ་དང་སྤུས་ཚད་གལ་ཆེན་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛུགས་སྐྲུན་ལ་ཤུགས་སྣོན་དང་དོ་དམ་སྲུང་སྐྱོབ་ནན་མོ་བྱས་ནས་རྨོ་ཞིང་གི་གྲངས་ཀ་ཇེ་ཉུང་དུ་མི་འགྲོ་བ་དང་སྤུས་ཚད་ཇེ་མཐོར་འགྲོ་བར་འགན་ལེན་བྱེད་དགོས་ཟེར།

ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནམ་ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཐང་རིན་ཅན་གྱིས་བཤད་རྒྱུར།  “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས་པའི་དུང་བརྡ་བཏང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། “‘ཞིང་གསུམ’ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་།  འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པ། ཞིང་ལས་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བཅས་བྱས་ཏེ། མཁོ་སྤྲོད་འགན་ལེན་བདེ་འཇགས་ཡིན་པ་དང་། ཚན་རྩལ་གསར་སྐྲུན་རང་ཚུགས་རང་སྟོབས། སྒྲིག་བཀོད་དང་སྒྲིག་ཆས་ཆ་ཚང་བ། ཐོན་ལས་སྦྲེལ་ཐག་འཐུས་ཚང་ཡིན་པ། ཐོན་ཁུངས་བེད་སྤྱོད་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བ། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་མངོན་གསལ་དོད་པ་བཅས་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས” ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།