གཏམ་བཟང་མཐོ་སྒང་ཡུལ་ལ་བསྒྲགས། འབྲོག་དམངས་གདོང་ལ་འཛུམ་མདངས་རྒྱས།
2022.11.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཁ་བ་བབས་པ་དང་བསྟུན་ནས།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་རྨ་ཆུའི་མགོ་ཁོངས་སུ་ཁ་བས་ཡོངས་སུ་གཡོགས་ཤིང་དཀར་ཐིང་ཐིང་དུ་གྱུར། སྔོ་ཞིང་དྭངས་ལ་གཡུ་ཡི་མེ་ལོང་ལྟ་བུའི་ནམ་མཁའི་འོག་ཏུ། མཚོ་སྐྱ་རེངས་ཡུལ་ཚོ་གྲོ་རེངས་སྡེ་བའི་འབྲོག་པ་ངག་དབང་བློ་གྲོས་ཀྱིས་རླངས་འཁོར་བསྐོར་ཏེ་ལམ་གྱི་ཁ་བ་བརྒལ་ནས་སོང་། སྒེའུ་ཁུང་ཕྱི་རོལ་དུ་སྐབས་འགར་རྐྱང་བཞི་ལྔ་ཙམ་རེ་བག་ཡངས་སུ་རྒྱུ་བ་མཐོང་ཐུབ་པ་དང་། ལམ་བར་རུ་ད་དུང་རླངས་འཁོར་ལ་བསྡད་ནས་འགྲོ་བའི་སྡེ་མི་མི་ཉུང་བ་ཞིག་དང་འཕྲད། ཉི་འོད་རབ་ཏུ་འཚེར་བ་དང་བསྟུན་ནས་ཉི་འོད་ཀྱི་དྲོད་ཁོལ་འོག་ཏུ་མི་ཚང་མའི་གདོང་ལ་དགའ་བའི་འཛུམ་མདངས་ཀྱིས་ཁེངས་འདུག

ངག་དབང་བློ་གྲོས་གྲོ་རེངས་སྡེ་བའི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་ཐོན་པ་ན། ཞོགས་པ་སྔ་མོ་ནས་སྡེ་མི་མི་ཉུང་བ་ཞིག་དེ་གར་འཛོམས་འདུག  ཁོ་རང་རླངས་འཁོར་ལས་བབས་རྗེས་སྡེ་མི་རྣམས་དང་མཉམ་དུ་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་སོང་། མིག་སྔའི་གློག་རྡུལ་བརྙན་ཤེལ་སྟེང“2022ལོར་མཚོ་སྐྱ་རེངས་ཡུལ་ཚོ་གྲོ་རེངས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཕན་འབྲས་ཁེ་སྤོགས་བགོ་བའི་ཚོགས་ཆེན”ཞེས་པའི་ཡི་གེ་བྲིས་ཡོད་པ་དང་། གར་སྟེགས་ཀྱི་འོག་ཏུ་ཟང་ཟིང་གི་རྣམ་པས་ཁེངས་འདུག སྐབས་དེར་སྡེ་མི་ཚོས་ད་ལོར་རང་ཁྱིམ་གྱི་ནོར་ལུག་ཅི་ཙམ་གསོ་ཁ་ནས་བུད་པའི་སྐོར་ཕན་ཚུན་ཁ་བརྡ་བྱེད་བཞིན་ཁེ་སྤོགས་བགོ་བཤའ་རྒྱག་པའི་ཚོགས་འདུ་མགོ་རྩོམ་པར་སྒུག་འདུག

ཚང་མ་བྲེལ་བ་མ་ལངས། ཚང་མ་དང་མཉམ་དུ་དགའ་སྤྲོ་དང་ཡོང་སྒོ་མཉམ་སྤྱོད་མ་བྱས་གོང་། ཐོག་མར་ངས་ཚང་མར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཞེས་མཚོ་སྐྱ་རེངས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་སྐར་ཚོགས་རྣམ་རྒྱལ་གྱིས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་བཀྲ་ཤིས་པའི་བྱ་བ་དེ་དང་བསྟུན་ནས། འབྲོག་པ་མང་ཚོགས་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།  སྐར་ཚོགས་རྣམ་རྒྱལ་གྱིས་འབྲོག་པ་མང་ཚོགས་ཀྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་པའི་སྨན་བཅོས་དང་རྒན་གསོ། སློབ་གསོ་སོགས་དམངས་ཕན་སྲིད་ཇུས་ལ་དམིགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ། བོད་སྐད་ཀྱི་ལམ་ནས་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ“ཕན་ཁེ་གང་དུ་ཡོད་པ”དང“ཕན་ཁེ་གང་ནས་བྱུང་བ”ཤེས་རྟོགས་ཐུབ་པར་བྱས་པ་དང་འབྲེལ། འབྲོག་པ་མང་ཚོགས་ལ་སྲིད་ཇུས་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་དང་བླང་བྱ་སོ་སོ་ཁོང་དུ་ཆུད་པ་བྱེད་རྒྱུའི་སྐོར་ནས་སྐུལ་མ་བཏང་།

སྟེགས་བུའི་འོག་ཏུ་ཚང་མས་ཞིབ་ཏུ་ཉན་ནས་མགོ་ལྕོག་ལྡེམ་ལྡེམ་གྱིས་བསྔགས་བརྗོད་བྱས་ཤིང་།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དམངས་ཀྱི་འཚོ་བར་སྔར་ལས་ཕན་ཐོགས་ཆེ་ཞིང་དམངས་སེམས་ལ་དྲོ་སྐྱིད་ལྡན་པར་བྱེད་པའི་བྱེད་ཐབས་བཏོན་ཡོད་པ་དང་།  མི་དམངས་མང་ཚོགས་ཀྱི་དཀའ་ཁག་དང་རེ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་རྒྱུ་ཡིན་པའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱུང་རྗེས། འབྲོག་པ་མང་ཚོགས་རྣམས་ཀྱིས་ཐལ་མོ་བརྡབ་ནས་དམངས་ཕན་སྲིད་ཇུས་ལ་བསྔགས་བརྗོད་བྱས།

ང་ཚོ་རྒྱང་རིང་ལུང་ཁུག་ཏུ་གནས་ཡོད་ཀྱང་ང་ཚོས་རྒྱལ་ཁབ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་པ་ཚོར་ཐུབ་ལ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཡང་ཚོར་ཐུབ་ཀྱི་འདུག་ཅེས་འབྲོག་པ་སངས་བྷོ་སེམས་འགུལ་ཐེབས་པའི་ངང་བཤད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“མི་དམངས”ཞེས་པའི་ཐ་སྙད་དེར་ཡང་ཡང་ཉན་རྗེས་འབྲོག་པ་འོད་མཚོའི་སེམས་པ་སྔར་ལས་བདེ་བར་གྱུར་ཡོད། ཁོས་ཏང་གི་སྲིད་ཇུས་བཟང་པོ་ཡོད་པའི་ཁར་ང་ཚོས་འབད་བརྩོན་ཧུར་ཐག་བྱས་ཚེ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་ཐུབ་ངེས་ཡིན་ལ་འབྲོག་ཁུལ་གྱི་མ་འོངས་པའང་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད་ཅེས་བཤད།

སྒྲོག་འགྲེལ་བྱ་བ་མཇུག་བསྒྲིལ་བ་དང་བསྟུན་ནས་ཁེ་སྤོགས་བགོ་བའི་མཛད་སྒོ་མགོ་བརྩམས།  མཉམ་ལས་ཁང་གི་འགན་འཁུར་བས་གར་སྟེགས་བུའི་སྟེང་ནས་ངོ་སྤྲོད་བྱེད་རྒྱུར། ད་ལོར་གྲོ་རེངས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་མཉམ་ལས་ཁང་དང་འབྲོག་ཁྱིམ། མངག་ཐོ། ཁེ་ལས་བཅས་ཟུང་འབྲེལ་བྱས་ཏེ། གསོ་ཁ་ནས་བུད་པའི་ཕྱུགས་རིགས་ལ་ཕན་འབྲས་སྒོར་མོ་འབུམ་དགུ་དང་ཁྲི་བཞི་སྟོང་བརྒྱད་བྱུང་བ་དང་། སྡེ་བ་རིམ་པའི་སྤྱི་ཕན་མ་དངུལ་སྒོར་མོ་འབུམ་གཅིག་བཏོན་རྗེས། ལྷག་མའི་སྒོར་མོ་འབུམ་བརྒྱད་དང་ཁྲི་བཞི་སྟོང་བརྒྱད་ཚང་མ་ཕན་འབྲས་བགོ་བཤའ་བརྒྱབ་པ་དང་། དེའི་ནང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་སྒོར་མོ་འབུམ་གཉིས་བགོས་པ་དང་། འབྲོག་ཁྱིམ26གི་གསོ་ཁ་ནས་བུད་པའི་ཕྱུགས་ཟོག་གི་ཡོང་སྒོ་དེ་སྒོར་མོ་འབུམ་དྲུག་དང་ཁྲི་བཞི་སྟོང་བརྒྱད་ལ་བུད་ཡོད་ཟེར།

ཁང་པའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། ད་ལོའི་དགུན་ཚུགས་པ་དང་བསྟུན་ནས་ཕྱུགས་རིགས་བདེ་འཇགས་ངང་དགུན་བརྒལ་བ་དང་འབྲོག་པ་མང་ཚོགས་བློ་བདེ་བའི་ངང་དགུན་བསྐྱལ་ཐུབ་ཆེད། མཚོ་སྐྱ་རེངས་ཡུལ་ཚོས་ཕྱུགས་རིགས་ཀྱི་གཟན་རྩྭ་གྲབས་གསོག་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  འབྲོག་པ་མང་ཚོགས་ལ་ཕྱུགས་རིགས་གསོ་ཁ་ནས་འབུད་ཚད་ཇེ་མང་དུ་གཏོང་རྒྱུའི་ཁྲིད་སྟོན་བྱ་བ་ཧུར་ཐག་གིས་སྒྲུབ་བཞིན་འདུག ངག་དབང་བློ་གྲོས་ལ་མཚོན་ན་ད་ལོ་གསོ་ཁ་ནས་བུད་པའི་ཕྱུགས་ཟོག་གི་གྲངས་ཀ་དེ་ཆེས་མང་ཤོས་ཡིན་པས་མི་སྒེར་གྱི་ཡོང་འབབ་ཀྱང་མདུན་གྲལ་དུ་སླེབས་ཡོད།  སྐབས་དེར། མི་མང་པོ་ཞིག་གིས་དོ་སྣང་བྱེད་པའི་ཁྲོད།  ངག་དབང་བློ་གྲོས་གྱིས་ད་ལོར་སྒེར་གྱི་ཕྱུགས་ཟོག་གསོ་ཁ་ནས་བུད་པའི་ཡོང་སྒོའི་བགོ་བཤའ་སྒོར་མོ་འབུམ་གཉིས་དང་ཁྲི་གཉིས་བླངས་པར་སྟེགས་བུའི་འོག་གི་མི་རྣམས་ཀྱིས་ཁོ་ལ་ཡིད་སྨོན་བྱེད་བཞིན་འདུག

ཚང་མས་ཡུལ་ཚོ་དང་སྡེ་བའི་སྐུལ་སློང་ཧུར་ཐག་གིས་དང་ལེན་བྱས་ནས། ཕྱིར་ལོག་རྗེས་ཡང་བསྐྱར་བསམ་བློ་ཞིབ་མོ་བཏང་སྟེ། གསོ་ཁར་གཏོང་དགོས་པའི་ཕྱུགས་རིགས་ཡོད་ན་དུས་ཚོད་དམ་འཛིན་སྒོས་ཐེ་ཚོམ་མེད་པར་གཏོང་དགོས་པ་དང་། ཚང་མས་ལས་བརྩོན་ངང་གསོ་སྤེལ་བྱས་ཚེ་རྗེས་ཕྱོགས་སུ་ཕྱུག་པོར་ཆགས་ཐུབ་ཅེས་ངག་དབང་བློ་གྲོས་ཀྱིས་བཤད་བྱུང་།

མཚོ་སྐྱ་རེངས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཡུལ་གཙོ་ཡན་ལིས་མེན་གྱིས་བསྟན་དོན། ཏང་དང་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག  སྡེ་བ་རིམ་པའི་མཉམ་ལས་ཁང་གི་དཔལ་འབྱོར་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བའི་གྲུབ་འབྲས་བཟང་པོ་ཐོབ་པར་མ་ཟད། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཀྱང་སྔར་ལས་ཇེ་མང་དུ་སོང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ཚང་མར་དེའི་ཁྲོད་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་མཛེས་ལྗོངས་མཐོང་ཐུབ་པར་བྱས་ཡོད།   མཚོ་སྐྱ་རེངས་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱིས་མ་འོངས་པའི་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་བ་སྔར་ལས་ཆེ་རུ་སོང་ཡོད་པ་དང་ཏང་གི་བཀའ་དྲིན་ཚོར་ཞིང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་ལས་ཇེ་བརྟན་དུ་གྱུར་ཡོད་ཟེར།

                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།