དགུན་ཁ་སླེབས་རྗེས། བསྟུད་མར་ཁ་བ་ཆེན་པོ་བབས་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་འབྲོང་ཐུལ་ཡུལ་ཚོར་དངུལ་མདོག་གི་ལྭ་བ་བཀླུབས་ཤིང་གྲང་ངར་ཆེ་རུ་ཕྱིན་ཡོད།
རིམས་ནད་བྱུང་བ་ནས་བཟུང་། འབྲོང་ཐུལ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཡུལ་གཙོ་ཀརྨ་རྡོ་རྗེ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཤིང་ཏང་ཡོན་གྱི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་ཐོག མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་སྟེ། བྱ་སྤྱོད་དངོས་ཀྱི་ལམ་ནས་གུང་ཁྲན་ཏང་ཡོན་ཞིག་གི་འོས་འགན་དང་འགན་འཁྲི་གསལ་བཤད་བྱས་ཡོད།
ཁོས་གོང་རིམ་ལ་སྙན་ཞུ་དང་འོག་རིམ་ལ་བརྒྱུད་སྒྲོག་བྱེད་པ། གཡས་གཡོན་ལ་མཐུན་སྦྱོར་བྱེད་པ། ལས་སྒྲུབ་ལས་རེས་བྱེད་པ། ཆ་འཕྲིན་བསྡོམས་རྩིས་བྱེད་པ། གཤམ་ལ་བརྡ་ཐོ་གཏོང་བ། མི་སྣ་བཀོད་སྒྲིག་བྱེད་པ། དངོས་ཟོག་རེ་ཞུ་བྱེད་པ་སོགས་ཀྱི་ལས་དོན་ཚང་མ་དོན་འཁྱོལ་ནན་མོ་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་བྱ་སྤྱོད་དངོས་ཀྱི་ལམ་ནས་ཡུལ་ཚོ་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པ་དང་མངའ་ཁོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་མཐུན་སྒྲིལ་གང་ལེགས་བྱས།ཁོས་གཏན་འཁེལ་ནད་པ་དང་ལོགས་བཀར་མི་སྣའི་གནས་ཚུལ་གནད་ལ་ཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་ཅིང་། དུས་ཐོག་ཏུ་ཚོགས་འདུ་བཀོད་སྒྲིག་དང་འགན་སྲུང་བརྟན་པོ། འབྲེལ་འདྲིས་མཐུན་སྦྱོར། དྲིལ་སྒྲོག་དང་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། མངའ་ཁུལ་གྱི་སྡེ་བ་སོ་སོ་བརྟན་འཇགས་ཡོང་བར་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། མངའ་ཁུལ་གྱི་རོང་འབྲོག་མང་ཚོགས་བདེ་སྐྱིད་ཁམས་བཟང་ཡོང་བར་སྲུང་སྐྱོང་ལེགས་པོ་བྱེད་ཆེད། ཉིན་མཚན་དབྱེར་མེད་ཀྱིས་ལས་ལ་བྲེལ་ཏེ་ལུས་ཟུངས་ཟད་ཅིང་། མི་རིང་བའི་སྔོན་ལ་ཀླད་པར་ཁྲག་བརྡོལ་ནས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་བྱུང་ནའང་། ཁོས་རང་ཉིད་ཀྱི་ལུས་ཁམས་མི་བདེ་བའི་གནས་བབ་ལ་ཁ་ཡ་མི་བྱེད་པར།མགྱོགས་མྱུར་གྱིས་ལོགས་བཀར་མི་སྣའི་གམ་དུ་སོང་ནས་སེམས་གསོ་དང་ཁོ་ཚོའི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་དོན་བཟང་བསྒྲུབས་དང་སྒྲུབ་མུས་སུ་ཡོད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་བ་ནི་རྙོག་འཛིང་ཆེ་བ་ཞིག་ཡིན་ལ། དེའི་ཁྲོད་ཆེས་གལ་ཆེ་བ་ནི་རིམས་འགོག་སྲིད་ཇུས་དྲིལ་སྒྲོག་དང་ལོགས་བཀར་མི་སྣའི་འཚོ་བའི་དངོས་ཟོག་མཁོ་འདོན་བྱ་རྒྱུ་དེ་རེད། རོང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། ཀརྨ་རྡོ་རྗེ་ཡིས“སྐད་འཕྲིན་དང་སྤྱི་སྟེགས། དུང་བརྡ”བཅས་ཀྱི་བྱེད་ཐབས་བརྒྱུད། རོང་འབྲོག་མང་ཚོགས་ལ་རིམས་འགོག་ཤེས་བྱ་བརྒྱུད་སྒྲོག་དང་སྲིད་ཇུས་འགྲེལ་བཤད་བྱས། ཁོས་རང་འགུལ་ངང་ཐོབ་ཐང་གསལ་སྟོན་དང་རང་ཉིད་ཀྱི་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱས་པར་མ་ཟད། ངང་རྒྱུད་རིང་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཞིབ་ཕྲའི་ངང་དྲིལ་སྒྲོག་བྱས་ཏེ། མང་ཚོགས་ཀྱིས་རིམས་ནད་བྱུང་ཚུལ་འདྲི་བརྩད་བྱེད་རིང་ཁྱིམ་སྡོད་ལོགས་བཀར་མི་སྣའི་བླང་བྱར་ལན་ཞིབ་མོ་བཏབ། མང་ཚོགས་རེ་འགས་སྔོན་འགོག་ཚོད་འཛིན་སྲིད་ཇུས་མི་ཤེས་པ་དང་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་མི་བྱེད་པའི་བྱ་སྤྱོད་ལ་དམིགས་ཏེ། ཁོས་སྙིང་གཏམ་བཤད་པའི་བྱེད་ཐབས་རྒྱུན་འཁྱོངས་བྱས་མཐར། མང་ཚོགས་ཀྱི་སེམས་བཀུགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྒྱབ་སྐྱོར་དང་རམ་འདེགས་བྱས།
འབྲོང་ཐུལ་ཡུལ་ཚོ་ནི་རྒྱང་ཐག་རིང་བའི་རི་ཁུག་ཏུ་གནས་པ་དང་། ད་དུང་གྲང་ངར་ཆེ་བའི་དུས་ཚིགས་དང་ཁེལ་ཡོད་པས། ལོགས་བཀར་མི་སྣར་དོ་དམ་ཚོད་འཛིན་བྱེད་པའི་བརྟན་འཇགས་ཀྱི་ལས་རེས་བྱེད་ཡུལ་མེད་པར་རླངས་འཁོར་ནང་དུ་ལས་རེས་བྱེད་དགོས་བྱུང་། འབྲོང་ཐུལ་ཡུལ་ཚོས་རས་གུར10དང་ཉལ་ཁྲི20། མལ་ཆས20། ལྕགས་ཐབ10བཅས་ཧུར་ཐག་གིས་རེ་ཞུ་བྱས་ཏེ། ལས་རེས་མི་སྣའི་མིག་མདུན་དུ་ལྷགས་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱས་པར་མ་ཟད། རིམས་འགོག་དངོས་ཟོག200ལྷག་དང་། འབྲས་ཁུག་མ32དང་སྔོ་ཚོད་ཁུག་མ32སོགས་བརྩོན་ལེན་བྱས་ཏེ། འཕྲལ་མར་ལས་ཡུལ་དང་པོར་བསྐྱལ།
ད་ལོ་ལོ་ན94ཡིན་པའི་རྡོ་རྫོང་སྡེ་བའི་སྡེ་མི་ཞིག་ནད་ཀྱིས་ཉལ་སར་ལྷུང་ནས་ལོ་མང་པོ་འགོར་བ་དང་། ཁོའི་བུ་ཡང་ནད་རྟགས་གཏན་འཁེལ་བྱུང་རྗེས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། ཀརྨ་རྡོ་རྗེ་ཡིས་རྒན་པོའི་འཚོ་བར་དཀའ་ངལ་ཆེ་བ་དང་གཉོར་མཁན་མེད་པ། བསམ་བློ་བརྟན་པོ་མིན་པའི་གནས་ཚུལ་བཅས་ཤེས་རྟོགས་བྱུང་རྗེས། དུས་ཐོག་ཏུ་ཡུལ་ཚོའི་བཀོད་འདོམས་པུའུ་ལ་སྙན་ཞུ་བྱས་ནས་གྲོས་མོལ་བྱས་པ་བརྒྱུད། རྫོང་བཀོད་འདོམས་པུའུ་དང་སྦྲེལ་མཐུད་བྱས་ཏེ་རྒན་པོའི་སེམས་ཁྲལ་དང་དཀའ་ངལ་བསལ། རོང་འབྲོག་ཁུལ་དུ་གནས་པ་དང་ལོགས་བཀར་མི་སྣའི་ནོར་ལུག་འཚོ་སྐྱོང་ཐད་གནད་དོན་ངེས་ཅན་ཞིག་ཡོད་པར་དམིགས་ཏེ། ཁོས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་རོང་འབྲོག་པའི་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་ནས། ཁོ་ཚོ་གནས་སྐབས་ཀྱི“རྫི་བོ”བྱེད་དུ་བཅུག་པར་མ་ཟད། མང་ཚོགས་ཀྱི་དགོས་མཁོ་ལྟར་ཐོན་སྐྱེད་འཚོ་བའི་དངོས་ཟོག་བཀོད་སྒྲིག་བྱས་པ་དང་། མང་ཚོགས་ཕྱིར་བགྲོད་པ་ཇེ་ཉུང་དུ་གཏོང་གང་ཐུབ་བྱས་ནས“ཚོད་འཛིན་བྱས་ན་བདེ་ཐང་དང་སྔོན་འགོག་བྱས་ན་བརྟན་འཇགས”ཡོང་བ་ལེགས་པོར་བསྒྲུབས་ཏེ། རིམས་ནད་མཆེད་པ་དང་འགོ་བའི་ཉེན་ཁ་དངོས་གནས་ཇེ་ཆུང་དུ་བཏང་།
ཀརྨ་རྡོ་རྗེ་ཡིས་ཐོག་མཐའ་བར་གསུམ་དུ“དངོས་སྒྲུབ”ལ་མཐོང་ཆེན་དང་། སྤྲོ་སེམས་ཆེན་པོས་རང་འགུལ་ངང་མདུན་དུ་བསྐྱོད་དེ“འབད་བརྩོན་ལྷོད་མེད”ཀྱི་སྙིང་སྟོབས་ལ་བརྟེན་ནས། ཡུལ་ཚོ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་ཆེས་བརྟན་པའི“འགོག་སྲུང་བཙན་རྫོང”ཞིག་བསྐྲུན་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།