ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས།
2022.11.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

དགུན་ཐོན་རྗེས་ཀྱི་ཁ་བར་མ་འཛེམས་པར་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོའི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”ལམ་ལ་ཆས།

དགུན་ཐོན་རྗེས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར།

གྲོག་རོང་རྩྭ་ཐང་དང་སྒོ་ར་ཆུང་བ། ཕྱུགས་ར་བཅས་སུ་ཏང་གི་གསུང་སྐད་བརྒྱུད་སྤྲོད་བྱེད་པར་འགོག་རྐྱེན་གང་ཡང་མེད་པ་དང་། ཕྱུག་འགྱུར་ཆ་འཕྲིན་འབྲེལ་མཐུད་བྱེད་པར་ཆད་ལྷག་མེད་པ།” དམངས་ལ་ཞབས་འདེགས་ཞུ་བར“བར་ཐག་མེད་པ།” “རྟ་ཐོག་སྒྲོག་འགྲེལ་ཚོགས་པ”དང“འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག” “ཧྲུའུ་ཅི་སྒྲོག་འགྲེལ་ཚོགས་པ”བཅས་འབྲོག་ཁུལ་དུ་བསྐྱོད་དེ་ཁ་སྐད་ཀྱིས་སྒྲོག་འགྲེལ་དང་གཏམ་རྒྱུད་ཐུང་ངུ་བཤད་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་སྟབས་བསྟུན་སྣ་མང་གི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ་ཏེ་འབྲོག་པ་ཚང་མའི་སེམས་སུ་ཟུག་པར་བྱས་པ་མ་ཟད་གཞི་རིམ་དུ་རྐང་ཚུགས་ཐུབ་པ་བྱས་ཡོད།

ཞོགས་པ་སྔ་མོ་ནས་གྲང་ངར་ཆེ་བའི་དགུན་དུས་ཀྱི་ཁ་བར་མི་འཛེམ་པར་རྟའི་རྨིག་སྒྲ་དང་བསྟུན་ནས་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོའི་ཏང་ཨུའི་མི10ལས་གྲུབ་པའི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”ལམ་ལ་ཆས། ཁོ་ཚོས་ལག་ཏུ་ཏང་གི་དར་ཆ་བཟུང་ནས་རི་བོ་མཐོན་པོ་དང་ཆུ་བོ་ཆེན་པོ། རྩྭ་ཐང་ཡངས་པོ་བཅས་ལ་བརྒལ་ཏེ་ཆུ་ཚོད་གཅིག་ལྷག་ཙམ་ལ་སོང་རྗེས་བདེ་ཆུ་སྡེ་བའི་སྡེ་མི་ཡོངས་མ་རྐང་ནང་ཞུགས་པའི་མཉམ་ལས་ཁང་གི་རྩྭ་སར་ཐོན་པ་དང་། དམིགས་སར་སླེབས་རྗེས་སྔ་མོ་ནས་དེ་གར་སྒུག་བསྡད་ཡོད་པའི་འབྲོག་པ་མང་ཚོགས་ཀྱིས་གྲལ་གོར་མོ་བྱས་ཏེ་ཏང་གི་གསུང་སྐད་བཟང་པོར་རེ་སྒུག་བྱེད་བཞིན་མཆིས།

སྤྲོ་སེམས་འཁོལ་བའི་མང་ཚོགས་མཐོང་སྐབས། སྒྲོག་འགྲེལ་རུ་ཁག་གིས་ལམ་དུ་སྐྱོད་སྐབས་ཀྱི་ངལ་དུབ་ཚང་མ་མེད་པར་གྱུར་བ་དང་། སྟབས་བདེའི་ངང་སྐད་ཆ་འགའ་བཤད་རྗེས། གྲ་སྒྲིག་བྱས་པའི་སྒྲོག་འགྲེལ་ཡིག་ཆ་བླངས་ནས་བརྗོད་དོན་གཙོ་བོར་ཐད་ཀར་ཞུགས།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་རྒྱུར་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེའི་ནང‘གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཞིང་པའི་ཡོང་འབབ་འཕར་སྣོན་བྱས་ཏེ་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུའི་སྐོར་གླེང་ཡོད།’ དེས་ང་ཚོས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་བྱ་ཡུལ་འདོན་སྤྲོད་བྱས་ཡོད།” ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཡུལ་གཙོ་རྡོ་རྗེ་བསྟན་འཛིན་གྱིས་སྒྲོག་འགྲེལ་བྱེད་སྐབས། “ད་ལོ་ང་ཚོའི་བདེ་ཆུ་སྡེ་བས་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་བྱས་ནས་རྩྭ་ས་ཧྲིལ་བསྡུས་དང་མ་དངུལ་གྲབས་གསོག་བྱས་ཏེ། སྡེ་མིའི་ནོར་ལུག་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་རྒྱུད་བཟང་གསོ་སྤེལ་རྟེན་གཞི་དང་། ཕན་ནུས་མཐོ་བའི་གསོ་སྤེལ་རྟེན་གཞི། མདོག་ཁྲའི་ནོར་གནག་ཚུར་བསྡུའི་རྟེན་གཞི། སྐྱེ་ལྡན་གཟན་རྩྭ་འདེབས་འཛུགས་རྟེན་གཞི་བཅས་རགས་ཙམ་ཆགས་པར་བྱ་རྒྱུ་ཡིན་ལ། ང་ཚོས་དོན་དངོས་ལ་གཞི་ཚུགས་ཏེ་ཁྱད་ལྡན་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། མང་ཚོགས་སྔར་ལས་མང་པོར་རྒྱུན་མཐུད་དང་བརྟན་པོའི་ངང་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བཤད།

“ཧྲུའུ་ཅིས་བཤད་པ་དངོས་གནས་བཟང་། ཉིན་འགའི་སྔོན་ལ་ང་ཚོའི་སྡེ་བའི་མཉམ་ལས་ཁང་ལ་ཕན་འབྲས་ཐོག་མ་ཐོབ་ནས་ཡོང་སྒོ་བགོ་བཤའ་བརྒྱབ་པ་དང་། ང་ཚོ་འབྲོག་པ་མང་ཚོགས་ལ་ནོར་གནག52བྱིན་པ་དང་རིན་ཐང་སྒོར་འབུམ་བཞི་དང་ཁྲི་གཅིག་སྟོང་དྲུག་ཟིན། དེ་ལས་ཏང་གི་སྲིད་ཇུས་བཟང་པོས་ཐོབ་པའི་ཕན་པ་དངོས་ཚོར་ཐུབ”ཞེས་བདེ་ཆེན་སྡེ་བའི་འབྲོག་པ་ཚེ་རིང་གིས་དེ་ལྟར་བཤད།

སྒྲོག་འགྲེལ་ཟབ་མོ་བྱས་པ་དང་ཆབས་ཅིག  ཡུལ་དངོས་སུ་ཚང་མས་སྐད་ཆ་བཤད་པ་དང་བར་སྐབས་སུ་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད།

“ད་ལྟ། ང་ཚོའི་འབའ་དགོན་ཡུལ་ཚོར་གནད་ལ་འཁེལ་བ་དང་ཁེ་སྤོགས་མང་པོ་ཐོབ་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐོན་ལས་མང་པོ་ཡོད་པ་སྟེ། སྣུམ་སྣོན་ས་ཚིགས་ནས་དམར་ཕྱུག་ཚོང་དོན་མགྲོན་ཁང་དང་། དེ་ནས་དམར་ཕྱུག་འགྲུལ་སྐྱེལ་ཀུང་སི། དགའ་ཇོ་བོའི་གཙང་ཆུའི་ཚད་ཡོད་ཀུང་སི། དེ་མིན་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་ཕྱུགས་ལས་སྐྱེ་ཁམས་གསོ་སྤེལ་བཅས་ཀྱི་ཐོན་ལས་གཉེར་ནས་འབྲོག་པའི་ཡོང་འབབ་ཀྱང་ཇེ་མང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག ཡུལ་ཚོ་ཡོངས་སུ་ཨར་འདམ་ལམ་དང་དྲ་རྒྱ་ཁྱབ་པ་དང་། སློབ་གསོ་དང་སྨན་བཅོས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ནུས་ལྡན་སྒོས་ཇེ་ལེགས་སུ་ཕྱིན་ཡོད། དེ་སྔའི་ཞིང་སྡེ་ཆུང་ཆུང་ད་ལྟ‘གསེར་གྱི་བྱ་རྒྱལ་ཁྱུང་ཆེན’ལྟ་བུར་གྱུར་ཡོད།” རྡོ་རྗེ་བསྟན་འཛིན་གྱིས་བཤད་རྒྱུར། “ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོ་འབའ་རྒན་ཡུལ་ཚོའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་དེ་སྐལ་བཟང་མེ་ཏོག་རྣམ་པར་བཞད་པ་ལྟར་མཛེས་སྡུག་ལྡན་པར་འགྱུར་ངེས་རེད”ཟེར།

རྡོ་རྗེ་བསྟན་འཛིན་གྱི་སྐད་ཆ་དེར་ཉན་རྗེས། ཡུལ་དངོས་ཀྱི་འབྲོག་པ་མང་ཚོགས་ཚོས་ཐལ་མོ་རྡེབ་ནས་འཐད་པའི་རྣམ་འགྱུར་བསྟན། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྱད་ལྡན་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་ང་ཚོར་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་སོང་།” “རེབ་འདིར་སྡེ་བས་སྤེལ་བའི་དམངས་ཡོངས་ཀྱིས་མཉམ་ལས་ཁང་ལ་མ་རྐང་བཞག་པར་ང་ཚོར་ཕན་པ་དངོས་ཐོབ་ཡོད། དེ་རིང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ལ་ཉན་རྗེས། ཏང་དང་སྲིད་གཞུང་གིས་ང་ཚོ་རོང་འབྲོག་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ད་དུང་ཆེ་རུ་གཏོང་གིན་ཡོད”ཞེས་པ་དང་། “ལོ་འདི་དག་གི་རིང་ལ། སྡེ་བའི་འགྱུར་ལྡོག་ནི་ཀུན་གྱིས་མཐོང་བ་ཞིག་རེད། རྗེས་ཕྱོགས་རོང་འབྲོག་ཁུལ་དུ་འགྱུར་ལྡོག་སྔར་ལས་ཇེ་ཆེར་ཡིན་པ་ང་ལ་ཡིད་ཆེས་ཡོད། ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ”ཞེས་བཤད།

“ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་ཁ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་ཐུབ་ལ། གྲོང་གསེབ་དར་སྤེལ་གྱི་ནང་གནས་སྦས་ཤུགས་སྐུལ་སྤེལ་བྱེད་ཐུབ། བདེ་ཆུ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་འཆི་མེད་བསོད་ནམས་ཀྱིས་བཤད་རྒྱུར། “སྡེ་སྡོད་ལས་བྱེད་པ་ཞིག་གི་ངོས་ནས་ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’དང་སྡེ་སྡོད་བྱ་བའི་རུ་ཁག་དང་མཉམ་དུ་ཚང་མའི་སྣེ་ཁྲིད་དེ་མཉམ་ལས་ཁང་ཡག་པོར་གཉེར་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཡག་པོ་བཏང་ནས་ཚང་མ་མཉམ་དུ་ཕྱུག་པོར་འགྱུར་དུ་འཇུག་རྒྱུ་ཡིན”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།