གྲོང་གསེབ་ཏུ་མཛེས་སྡུག་ལྡན་པའི་འཚོ་བའི་རྣམ་པས་ཁེངས་པར་བྱེད་དགོས།
2022.11.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

དར་ཆ་བསྒྲེངས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་དེ་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་འབྲི་དགོས། ཉིན་ཤས་ཀྱི་རིང་དུ། བསྟུད་མར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དགོངས་དོན་ལ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མུ་མཐུད་དུ་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱས། རོང་བོ་དགུ་ཆུའི་ངོགས་ཀྱི་རེབ་གོང་གསེར་མོ་ལྗོངས་སུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཉི་འོད་ཀྱི་དྲོ་སྐྱིད་དང་འདྲ་བར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་སེམས་སུ་དྲོད་ཀྱིས་ཁེངས་འདུག

ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ཡག་པོ་བཅས་བྱེད་རྒྱུ་དེ་ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་གི་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩི་དགོས། གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་བཤད་པ་ཞིག་ཡིན་པའི་ཆ་ནས། ངས་ཡིག་ཆའི་ནང་དོན་དེ་གོ་སླ་བའི་ཁ་སྐད་དུ་བསྒྱུར་ནས།  དམིགས་ཡུལ་ལྡན་པའི་སྒོ་ནས་མང་ཚོགས་རྣམས་ཁག་བགོས་བྱས་ཏེ། མཉམ་འགུལ་ཅན་དང་གོ་སླ་བའི་རང་བཞིན་གྱིས་འགན་འཁྲིའི་ཁུར་སེམས་ལྡན་པ་དང་བརྩེ་སེམས་ལྡན་པའི་ངང་ནས་སྒྲོག་བཤད་བྱ་འགུལ་རེ་རེ་ཧུར་ཐག་གིས་སྤེལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཁྱིམ་ཚང་རེ་རེ་ལ་ཁྱབ་པ་དང་མི་རེ་རེའི་སེམས་སུ་ཟུག་པར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས། འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དངོས་ལ་བསྒྱུར་བར་རྒྱུན་ཆད་མེད་པར་ཁྲིད་སྟོན་ཡག་པོ་བྱས་པ་ཡིན་ཞེས་ཐུན་རིན་གྲོང་ཁྱེར་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པའམ་གྲོང་ཁྱེར་ཏང་ཨུའི་དར་དམར་སྒྲོག་འགྲེལ་ཚོགས་པའི་འགན་འཁུར་བ་བཀྲ་ཤིས་དོན་གྲུབ་ཀྱིས་དེ་ལྟར་བཤད།

ལོ་བཅུའི་སྔོན་ལ། ང་ཚོའི་སྡེ་བའི་ལམ་དེ་སྔར་བཞིན་ཟེགས་ལམ་ཡིན་པས་གནམ་དྭངས་སྐབས་ས་རྡུལ་གྱིས་ཁེངས་པ་དང་ཆར་བ་འབབ་ཐེངས་རེར་འདམ་ཟེགས་ཀྱིས་ཁེངས་པ། མཚན་མོ་ཕྱི་རོལ་ཏུ་འགྲོ་སྐབས་མིག་གིས་ཅི་ཡང་མཐོང་ཐབས་བྲལ་བ་ཞིག་ཡིན། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག   ང་ཚོས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་པ་དང་། ཡུལ་བབ་དང་བསྟུན་ནས་ཕྱུགས་ལས་དང་ཕྱུགས་ལས་ཐོན་རྫས་ལས་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་སུ་བཏང་བར་བརྟེན་ནས་ད་ལྟ་ང་ཚོའི་སྡེ་བའི་ལོ་གཅིག་གི་ཡོང་འབབ་ཁོ་ན་སྒོར་མོ་ས་ཡ་གཉིས་ཡན་ཟིན་གྱི་ཡོད་པས་སྡེ་མི་རྣམས་ཀྱི་འཚོ་བར་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད།  ད་ལྟ་སྡེ་བའི་ནང་གི་འཕྲེད་གཞུང་སྣོལ་མར་ཡོད་པའི་ལམ་ཆེ་ཆུང་ཚང་མ་ཨར་འདམ་གྱི་ལམ་དུ་བསྒྱུར་ཡོད་པ་དང་། སྲང་ལམ་གཙང་ལ་ཁོད་སྙོམས་པ། ཁོར་ཡུག་གཙང་ལ་བཀོད་པ་ལེགས་པ། ལམ་འགྲམ་དུ་གློག་སྡོང་ཡོད་པས་མཚན་མོར་འགྲོ་འོང་བྱེད་པར་སྔར་ལས་སྟབས་བདེ་ཞིང་བདེ་འཇགས་རེད་ཅེས་ཐུན་རིན་གྲོང་ཁྱེར་མདོ་བ་གྲོང་རྡལ་སྒྲོ་རིང་པོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྕགས་ཐར་རྒྱལ་གྱིས་བཤད།

ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་གནས་ཡག་པོ་འདུག ང་ཚོར་ལས་རིགས་རྩལ་ནུས་སྐོར་ནས་གསོ་སྦྱོང་བྱས་པ་དང་། ད་ལྟ་ང་ཚོར་ལག་རྩལ་སྣ་གཅིག་ལྡན་པས་སྔོན་ཆད་དང་བསྡུར་ན་ཞོར་ལས་ཡག་པོ་གཉེར་ཐུབ་ཀྱི་ཡོད་པས་ཡོང་འབབ་ཀྱང་སྔར་ལས་མང་པོ་རག་ཐུབ་ཀྱི་ཡོད།  ད་དུང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་ང་ཚོ་མ་རྐང་གི་ཁྲོད་དུ་ཞུགས་སུ་བཅུག་སྟེ་ཁེ་སྤོགས་རག་ཐབས་བྱེད་བཞིན་ཡོད་པས་ད་སྐབས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཡོང་འབབ་རག་ཐུབ་ཀྱི་ཡོད།  ད་ལོ་ང་ཚོ་སྡེ་མི་རེའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྒོར་མོ་ཁྲི་གཅིག་དང་སྟོང་གསུམ་ལྷག་ཙམ་ཟིན་ཞིང་དེ་དུས་མཉམ་ལས9.9%འཕར་ཡོད། ད་ལྟ་ང་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པས་སྡེ་མི་རྣམས་ཀྱི་སེམས་པ་ཡང་སྔར་ལས་སྤྲོ་སྣང་གིས་ཁེངས་ཡོད། བདེ་སྐྱིད་ལྡན་པའི་འཚོ་བའི་འགྱུར་ལྡོག་འདི་དག་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་པས་ང་ཚོས་ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཐུན་རིན་གྲོང་ཁྱེར་བཙན་མོ་ཡུལ་ཚོ་བཙན་མོ་སྡེ་བའི་ཐོན་ཀྲི་པུའུ་ཧྲུའུ་ཅི་འམ་ཕྱུག་འགྱུར་སྡེ་ཁྲིད་པ་དཔལ་མགོན་འཕྲིན་ལས་ཀྱིས་བཤད།

གྲོང་ཁྱེར་ཏང་ཨུའི་དར་དམར་སྒྲོག་འགྲེལ་ཚོགས་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྡེ་ཁུལ་དུ་སྤེལ་བའི་བྱ་འགུལ་མགོ་བརྩམས་པ་ནས་བཟུང་། ང་ཚོས་ཆབ་སྲིད་འཛུགས་སྐྲུན་མངོན་གསལ་ཅན་དེ་རྩ་བའི་ཁྲིད་ཕྱོགས་སུ་བརྩིས་ཏེ། སློབ་སྦྱོང་སྔོན་ལ་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། སློབ་སྦྱོང་ཟུང་འབྲེལ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།  ཕྱིན་ཆད་ང་ཚོས་གཅེས་སེམས་ཟ་ཁང་དང་གཅེས་སེམས་གོས་འཁྲུད་ཁང་བཅས་ཀྱི་ཏང་འཛུགས་སྐྲུན་ཞབས་ཞུའི་སྤུས་རྟགས་གསར་པ་བེད་སྤྱོད་གང་ལེགས་བྱས་ཏེ། དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྡེ་ཁུལ་གྱི་གཅིག་གཏད་གཅིག་གི་མངག་ཐོའི་རྣམ་པའི་རོགས་སྐྱོར་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། སྡེ་ཁུལ་ལ་དམངས་འདུན་བསྡུ་ལེན་དང་དམངས་ཀྱི་དགོས་མཁོ་ཞིབ་བཤེར། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་ནུས་པ་ལྡན་པར་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་གྱི་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་རེབ་གོང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཡན་ལེན་གྱིས་བཤད།

འདས་ཟིན་པའི་ལོ་ལྔའི་རིང་ང་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་ཧུར་ཐག་གིས་དང་ལེན་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་སུ་བརྩིས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཉམ་ཤུགས་མཁྲེགས་གཏོར་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་དུས་ལྟར་རྒྱལ་ཁ་བླངས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དུས་ལྟར་སྐྲུན་པའི་དམིགས་འབེན་མངོན་འགྱུར་བྱུང་ཡོད། སྐྱོད་ལམ་གསར་བའི་སྟེང་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ།  བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཡིད་ལ་བརྟན་པོར་བཅངས་པ་དང་།  དཀའ་སྤྱད་དངོས་སྒྲུབ་ཀྱི་ངར་ཤུགས་དང་བརྟན་ཐོག་ཡར་འཕེལ་གྱི་དངོས་གཉེར། ཆུ་ཐིགས་བསགས་པའི་སྙིང་སྟོབས། སྲ་ཞིང་བརྟན་པའི་འགན་འཁྲི་བཅས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བྱེད་པའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཆུང་དུས་ནས་སློབ་གསོ་ཐོབ་ཐུབ་པ་དང་སློབ་སྦྱོང་བྱེད་ན་ཁྲིད་མཁན་ཡོད་པ། ངལ་རྩོལ་བྱས་ན་ཐོབ་ཆ་ཡོད་པ། ནད་བྱུང་ན་སྨན་བཅོས་བྱེད་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་བྱེད་མཁན་ཡོད་པ་བཅས་ཀྱི་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཀྱི་ཚོར་སེམས། བདེ་འཇགས་ཀྱི་ཚོར་སེམས་བཅས་སྔར་ལས་འཐུས་ཚང་དང་སྔར་ལས་རྒྱུན་མཐུད་བཅས་ཡོང་བ་བྱེད་དགོས་ཞེས་ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་གྲོང་ཁྱེར་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཝང་ཞུའུ་ལེན་གྱིས་བཤད།

                                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།