དགའ་བདེའི་དམངས་གཉེར་ཁེ་ལས་ཀྱིས་འགན་འཁྲི་ཕྲག་ཏུ་བླངས་ནས་དངོས་གཉེར་དཔལ་འབྱོར་སྟོབས་ལྡན་དུ་བཏང་།
2022.12.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

དགུན་མགོ་ཚུགས་པ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་བཀྲ་ཤིས་དྭངས་གཙང་གི་ཁ་བའི་མེ་ཏོག་དང་འདྲ་བར་གངས་ལྗོངས་མཐོ་སྒང་ཡུལ་གྱི་རི་ལུང་གང་སར་བབས། དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ཤེའུ་སྙིང་རི་བོའི་འདབས་རོལ་དུ། གངས་རི་ཞིང་ཕྱུགས་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཕྱུག་འགྱུར་གྱི་ལམ་དུ་ཆས་བཞིན་པའི་འབྲོག་པ་རྣམས་དང་མཉམ་དུ་ཕུ་ཐུང་བརྫེས་ནས་ཧུར་བརྩོན་བྱེད་ཅིང་ཡིད་ཆེས་ཀྱིས་བརྟས་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཁྲོད་ཞུགས།

ཟླ11པའི་ཚེས8ཉིན་གྱི་ཞོགས་པར། གངས་རི་ཞིང་ཕྱུགས་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཡི་མུས་གྲུ་བཞི་མ་ཉི་ཤུ་ལྷག་གི་གྲོས་ཚོགས་ཁང་ནང་དུ། སྤྱི་ཁྱབ་ལས་འཛིན་པའམ་ཏང་ཀྲི་པུའུ་ཧྲུའུ་ཅི་ཧོ་ཧའེ་ཡན་གྱིས་ཏང་ཡོན་དང་ལས་བཟོ་པའི་འཐུས་མི་རྣམས་རྩ་འཛུགས་བྱས་ཏེ“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་བགྲོ་གླེང་བྱེད་པའི་ཚོགས་འདུ”འཚོགས་པ་རེད། རིམས་ནད་ཀྱིས་ཁེ་ལས་ལ་ཐེབས་པའི་དཀའ་ཁག་ལ་དམིགས་ཏེ་ཧོ་ཧའེ་ཡན་གྱིས“ཁེ་ལས་ཤིག་ལ་ཡོད་འོས་པའི་ཁག་ཁུར་ཡོད་དགོས། ཁེ་ལས་འཕེལ་རྒྱས་སུ་གཏོང་དགོས་མོད། འོན་ཀྱང་སྤྱི་ཚོགས་ཀྱི་འགན་འཁྲི་ཡང་རང་རྟོགས་ཀྱིས་འཁུར་དགོས། འདི་ནི་ཁེ་ལས་ཀྱི་འགྱུར་བ་མེད་པའི་ལམ་ཕྱོགས་ཡིན”ཞེས་བཤད།

ཁེ་ལས་དོ་དམ་མི་སྣ་དང་ས་གནས་དེ་གའི་ལས་བཟོ་པའི་འཐུས་མི་མི་བརྒྱད་ཀྱིས་དུས་ཚོད་གཉིས་ཙམ་གྱི་རིང་ལ་ཚོགས་འདུ་ཚོགས་པ་དང་། དམིགས་སའི་བརྗོད་དོན་ནི“ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་འབྲེལ་ཏེ་གྲོང་གསེབ་དར་སྤེལ་ཇི་ལྟར་གཏོང་བའི་སྐོར་གླེང་བ”ཞེས་པ་དེ་རེད།

ལྟོས་ཚོད་ལ་ཅུང་རྒས་ཉམས་ཤར་ཡོད་པའི་རིག་བསོད་སྐྱབས་ཀྱིས2017ལོར་ཁེ་ལས་དགའ་བདེ་རྫོང་དུ་གཞིས་ཆགས་མགོ་བརྩམས་པ་ནས་བཟུང་། བཟོ་གྲྭའི་བཟོ་དཔོན་གྱི་འགན་འཁུར་ཏེ་འབྲོག་པ་ཞིག་ནས་ཁེ་ལས་ཀྱི“བདག་གཉེར་པ་ཆེན་པོར”གྱུར། འདི་ནི་ཐོབ་ཐང་ཁོ་ན་འགྱུར་བ་ཞིག་ག་ལ་ཡིན་ཏེ། སྔོན་ཆད་དབུལ་ཕོངས་ཁྱིམ་ཚང་ཡིན་པའི་ཁོ་ལ་ད་ལྟ་ཟླ་རེར་གླ་ཕོགས་སྒོར8000ཙམ་ཡོད་པས། ལོ་ལྔའི་ནང་དབུལ་ཕོངས་ལས་ཐར་བར་མ་ཟད་འབྱོར་འབྲིང་གི་འཚོ་བ་མངོན་འགྱུར་བྱས། “ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ‘ཞིང་སྡེའི་དབུལ་ཕོངས་མི་གྲངས་དུང་ཕྱུར་གཅིག་ཙམ་དབུལ་ཐར་བྱུང’ཞེས་བརྗོད་ཡོད་ལ། ང་ཚོའི་སྡེ་མི་བརྒྱ་དང་སུམ་ཅུ་ལྷག་ཀྱང་དེའི་ནང་དུ་འདུས། འཚོ་བ་སྐྱིད་པོ་རོལ་ཐུབ་པ་ནི་ཏང་གི་སྲིད་ཇུས་ཀྱི་རོགས་སྐྱོར་བྱས་པའི་དྲིན་ཡིན་པ་དང་། ཁེ་ལས་ཀྱིས་རོགས་སྐྱོར་བྱས་པའི་དྲིན་ཡང་ཡིན”ཞེས་རིག་བསོད་སྐྱབས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་བཤད། “ཡུལ་ཚོའི་སྲང་ལམ་འགྲམ་གྱི་ཚོང་ཁང་དང་ཁང་པ་ཚང་མ་ཁེ་ལས་ཀྱིས་མ་དངུལ་བཏང་ནས་ལས་པ་ཡིན། རྫོང་ཡོངས་ཀྱི་མཉམ་ལས་ཁང་ཉི་ཤུ་པོ་ཁེ་ལས་ལ་བརྟེན་ནས་ད་གཟོད་འཕེལ་རྒྱས་བྱུང་བ་རེད། ལོ་འདི་དག་གི་རིང་ལ་ཁེ་ལས་ཀྱིས་ལས་མི་བཀོལ་བར་སྒོར་མོ་ས་ཡ་དྲུག་ཙམ་བཏང་། དེའི་ནང་དུ་ཁེ་སྤོགས་བགོས་པའི་སྒོར་མོ་མི་འདུས། ཁེ་ལས་ཀྱིས་ད་དུང་སློབ་གྲྭར་སློབ་མའི་གོས་ཆས་སྦྱིན་ཞིང་དྲོད་ཁང་ཆེན་མོ་ལས་ནས་སློབ་གྲྭར་རིན་མེད་སྔོ་ཚོད་འདོན་སྤྲོད་བྱས། འགན་འཁྲི་འདི་དག་ཧ་ཅང་ལྕི། ཁེ་ལས་ཀྱིས་སྔོན་ལ་དཀའ་ཁག་ལས་ཐར་རྗེས་གཞི་ནས་འགན་འཁྲི་དེ་བས་མང་པོ་འཁུར་རྒྱུའི་བསམ་བློ་བཏང་ན་འོས”ཞེས་བཤད།

“ཨ་ཁུ་ལགས། ཁྱེད་ཀྱི་བསམ་ཚུལ་ཡག་པོ་འདུག འོན་ཀྱང་ལྟ་བ་དེར་ང་འཐད་པ་མེད”ཅེས་ཧོ་ཧའེ་ཡན་གྱི་བུ་ཆུང་བ་ཡུས་ཧོན་ཞིན་གྱིས་ཟིན་བྲིས་འདེབས་མཚམས་བཞག་ནས་ཁོའི་ལྟ་ཚུལ་གཉིས་གླེང་བ་སྟེ། “ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང‘སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱེད་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཡུན་རིང་གི་འཕེལ་རྒྱས་ཇུས་ཆེན་ཡིན’ཞེས་གསུངས་ཡོད་པས། ང་ཚོས་ཡར་བརྩོན་གྱི་སེམས་ཤུགས་ཆེ་བའི་འབྲོག་པ་རྣམས་གཅིག་སྡུད་བྱས་ནས་ཞིང་ལས་འཕྲུལ་ཆས་བེད་སྤྱོད་དང་ཞིག་གསོ། གཟན་རྩྭ་འདེབས་འཛུགས། དྲོད་ཁང་ནང་གི་འདེབས་འཛུགས་བཅས་ཀྱི་ཤེས་བྱ་ཁྲིད་རྒྱུ་དང་། ཕྱིན་ཆད་ང་ཚོས་འདིའི་ཐད་མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མི་སྔར་ལས་མང་པོ་ལས་ཞུགས་བྱེད་དུ་འཇུག་རྒྱུ་ཡིན་པར་མ་ཟད། ཡོང་སྒོ་འཕར་བ་དང་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་དུ་འཇུག་རྒྱུ་ཡིན”ཟེར།

རྩོོམ་སྒྲིག་པ། ཚེ་རིང་སྒྲོལ་མ།