གྲོང་གསེབ་དར་སྤེལ་ཐད་ཀྱི་རེ་སྨོན་གསར་པ།
2022.12.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 6

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ།“གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ཤར་གཏོང་བྱེད་ཐུབ་ཏུ་འཇུག་དགོས”ཞེས་བསྟན་ཡོད་པ་ལྟར། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ན། དེའི་གནད་འགག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་བགྲོད་ལམ་དུ་བསྐྱོད་རྒྱུ་དེ་རེད། བསྟུད་མར་ཉིན་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་ཚང་མས་སྙན་ཞུ་ཇི་མ་ཇི་བཞིན་དུ་བསླབས་པ་དང་། བསམ་གཞིག་ཟབ་མོ་བཏང་སྟེ་བསླབས་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་བསླབས་རྗེས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་གྱི“གསལ་སྒྲོན”ལྟ་བུར་བརྩི་རྒྱུ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱེ་བྲག་གི་བྱ་བའི་ཁྲོད་དུ་འདྲེས་པར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསུང་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། ཕུགས་བསམ་ཡོད་པ་དང་ཁག་ཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པའི་གྲོང་གསེབ་དར་སྤེལ་གྱི་འཛུགས་སྐྲུན་པ་ཞིག་བྱེད་རྒྱུ་དང་། འགུལ་སྐྱོད་དངོས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་པ་གང་ཡོད་འདོན་རྒྱུ་ཡིན་པར་བསྟན།

ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ཞི་ཧྲན་ཝན་སྡེ་བའི་མང་ཚོགས་ཞིན་ཀྲན་ཚའེ་ཡིས་བཤད་རྒྱུར། ང་ཚོའི་མི་རབས་འདིར་ཚང་མས་དཀའ་སྡུག་གི་འཚོ་བ་རོལ་ནས་འོངས་པ་ཡིན། ཞི་ཧྲན་ཝན་དུ་གནས་སྤར་བ་ནས་བཟུང་། ང་ཚོའི་སྡེ་བའི་མི་ཚང་མས་ཁྱིམ་ཚང་གཅིག་གིས་གཅིག་ལ་རོགས་རམ་བྱས་ཏེ། འདིར་ཁྱིམ་གཞིས་གསར་པ་ལས་ཤིང་གཞིས་ཆགས་པ་ཡིན། འབྲུ་འདེབས་ཁ་གསབ་དང་རྩྭ་སའི་བྱ་དགའི་ཁ་གསབ། ནགས་སའི་ཁ་གསབ་ཚང་མ་གྲོང་ཁྱེར་པ་ལ་མཚོན་ན་མེད། དབུལ་ཐར་མཁྲེགས་གཏོར་གྱི་བྱེ་ཟེགས་ལམ་ཁྱིམ་ཚང་གི་སྒོ་ཁར་ལས་ཤིང་། བཙོག་ཆུའི་སྦུག་ལམ་ཡང་འཐེན་ཡོད་ལ། ར་སྐོར་ནང་གི་སྡོད་ཁང་གཅིག་ལས་གཅིག་ལྷག་པ་སོགས་འདི་ལྟ་བུ་ཞིག་བྱུང་ཐུབ་པ་སྔོན་ཆད་སེམས་ལའང་དྲན་མ་མྱོང་། ཞིང་ལས་པ་རྣམས་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་འཚོ་བ་སྐྱིད་པོ་བརྩོན་ལེན་བྱེད་དགོས་པ་དང་། ད་ལྟའི་སྲིད་ཇུས་ལ་བལྟས་ན་ངས་གླེང་འདོད་པ་འདི་ཚང་མ་གུང་ཁྲན་ཏང་གི་དྲིན་རེད། སྐད་ཆ་དྲང་མོར་བཤད་ན་གུང་ཁྲན་ཏང་གིས་ང་ཚོ་མང་ཚོགས་སེམས་ཀྱིས་འཚོས་པས། ད་གཟོད་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་བྱུང་བ་མ་ཡིན་ནམ། ང་ཚོས་ད་དུང་འབད་བརྩོན་བྱས་ཏེ། ང་ཚོར་དབང་བའི་འཚོ་བ་སྐྱིད་པོ་མུ་མཐུད་དུ་བསྐྲུན་རྒྱུ་ཡིན་ཟེར།

རྨ་ནུབ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་རྡལ་གྱི་མགོ་གཙོ་རྡོ་རྗེ་ཐར་གྱིས་བཤད་རྒྱུར། གྲོང་རྡལ་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དོན་ཆེན་འགངས་ཆེན་དུ་བརྩིས་ཏེ་དམ་འཛིན་དང་ལེགས་འཛིན་བྱེད་དགོས་ལ། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ནུས་པ་དངོས་གནས་མཐོར་འདེགས་བཏང་སྟེ། དུས་རབས་གསར་པའི་དགོས་མཁོ་དང་འཚམ་ཞིང་། འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་ཆོད་དུ་འཇུག་དགོས། གྲོང་གསེབ་དར་སྤེལ་གཏོང་ན་འཚོ་བ་ཕྱུག་པོར་འགྱུར་རྒྱུ་ནི་རྩ་བ་ཡིན་ཞིང་ཐོན་ལས་དར་རྒྱས་ཡོང་རྒྱུ་ནི་རྨང་གཞི་ཡིན། ཐོན་ལས་དར་རྒྱས་བྱུང་ན་ད་གཟོད་གྲོང་གསེབ་ཀྱི་འགུག་ཤུགས་ཇེ་དྲག་ཏུ་གཏོང་ཐུབ་པ་དང་། ཐོན་སྐྱེད་ཀྱི་གྲུབ་ཆ་གཙོ་བོ་སྣ་ཚོགས་གྲོང་གསེབ་ཏུ་གཅིག་སྡུད་བྱེད་པར་ཡར་སྐུལ་བྱེད་ཐུབ་པར་མ་ཟད། ཞིང་པའི་ཡོང་སྒོ་འཕར་བའི་བར་སྟོང་གསར་པ་དང་ཐབས་ལམ་གསར་པའང་རྒྱ་བསྐྱེད་ཐུབ། རྗེས་ཕྱོགས་ང་ཚོ“འབད་བརྩོན་རྨ་ནུབ”ཀྱིས“གྲོང་གསེབ་དར་སྤེལ”གྱི་འཐབ་ཇུས་ལ་བརྟེན་ནས་སྤྱི་འདོམས་བྱེད་པ་དང་། ཏང་གི་འཛུགས་སྐྲུན་གྱི་སྣེ་ཁྲིད་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བ་དམ་འཛིན་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་རྒྱུ་དང་། ཞིང་ལས་དང“ཐོན་ལས་གསུམ་པ”རྒྱུན་ཆད་མེད་པར་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས་ཏང་གི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་། དམངས་འཚོ་འགན་སྲུང་སོགས་ཀྱི་ཐད་འཕེལ་རྒྱས་གསར་བར་བསྙེག་པ་དང་། བྱས་རྗེས་གསར་བ་ངོམ་པ། གྲུབ་འབྲས་གསར་བ་ལེན་པ་བཅས་བྱེད་དགོས།

ཁྲི་ཀ་རྫོང་གྲོང་གསེབ་དར་སྤེལ་ཅུས་ཡི་ཅུས་ཀྲང་སུའུ་ཧྲེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་དུ“གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་བཏོན་པ་དང་།“གཞིས་ཆགས་དང་ལས་བརྩོན་ལ་འཚམ་པའི་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད་པས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་མངོན་གསལ་དོད་པའི་གོ་གནས་སུ་འཇོག་པ། ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་རོགས་སྐྱོར་གྱི“གནད་འགག་གཉིས”དམ་འཛིན་བྱས་ཏེ། སྡེ་བ་དང་མང་ཚོགས་སྔར་ལས་མང་པོ་ཞིག་གི་འཚོ་བ་ཞི་ཧྲན་ཝན་སྡེ་བ་དང་འདྲ་བར་ཇེ་སྐྱིད་ནས་ཇེ་སྐྱིད་དུ་གཏོང་རྒྱུ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་སློབ་གསོ་ཁའོ་ཡི་ཁའོ་ཀྲང་སང་ཏོ་ཆང་གིས་བཤད་རྒྱུར། འཇོན་མི་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཡིན་ཞིང་། འཇོན་མི་ནི་ཞིང་སྡེ་རུ་བྱ་བ་སྒྲུབ་པ་དང་ལས་རིགས་བསྐྲུན་པའི་རྨང་གཞི་ཡིན་ལ། འཇོན་མི་གང་ཡིན་པ་ཤེས་སུ་འཇུག་པ་དང་འཇོན་མི་ནང་འདྲེན་བྱེད་པ། འཇོན་མི་གསོག་འཇོག་བྱེད་པ་ནི་གཞི་རྩ་ཡིན་པས། “འཇོན་མི་དར་སྤེལ”དམ་འཛིན་བྱེད་པ་ནི་ད་གཟོད“གྲོང་གསེབ་དར་སྤེལ”ལ་ཡར་སྐུལ་གཏོང་བའི་གནད་འགག་ཡིན། གུང་ཧོ་གཞོངས་སར་གནས་པའི་མཚོ་ལྷོ་པ་ཚང་མས་འཇོན་མིའི་མཐོ་ས་བསྐྲུན་པར་ནུས་ཤུགས་བཏོན་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ན་གཞོན་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་གྲོང་གསེབ་ཏུ་དགོས་མཁོ་ཆེ་ལ་དཀོན་པོ་ཡིན་པའི་འཇོན་མི་ཡོངས་བསྒྲགས་ཀྱིས་སྡུད་ལེན་བྱེད་པ། སྒྲིག་ཁོངས་ཀྱི་ཁེ་སྤོགས་འདོན་པ་བཅས་བྱས་ཏེ། ཆེད་ལས་འཇོན་མི་འགུག་པ་དང་ནང་འདྲེན་བྱས་ནས་གྲོང་གསེབ་ཏུ་རྩ་བ་ཚུགས་སུ་འཇུག་དགོས། ད་དུང་གྲོང་གསེབ་ཀྱི་འཇོན་མི་བསྡུ་བའི་སྒྲིག་སྲོལ་ནང་རྐྱེན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་བརྒྱུད་དེ་ཕྱི་ནང་མཉམ་འགུལ་གྱི་འཇོན་མིའི་ཆགས་སྟངས་བསྐྲུན་པ་དང་།“འཇོན་མི”མང་པོ་བཀུགས་ནས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་ལ“སྒུལ་ཤུགས་གསར་པ”བསྣོན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།