ཞིང་ཆེན་ཏངཨུའི་སྒྲོག་འགྲེལ་ཚོགས་པས་གཅིག་སྒྲིལ་རྫོང་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2022.12.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

ཉེ་ལམ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་རྡལ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སྲུང་མ་ཡིས་དྲུག་ཆེན་སུམ་མདོ་གྲོང་རྡལ་གྱི་ལས་ཁུངས་དང་སྡེ་ཁུལ་སོ་སོའི་ལས་བྱེད་པ་དང་ལས་བཟོ་པར་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཚོགས་ཐོག་ཏུ། སྲུང་མ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་། འདས་པའི་ལོ་ལྔའི་རིང་གི་བྱ་བ་དང་དུས་རབས་གསར་པའི་ལོ་བཅུའི་རིང་གི་རླབས་ཆེན་འཕོ་འགྱུར། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རྟོགས་པ་གསར་པ་བཏོད་པའི་ལོ་རྒྱུས་འགན་འཁྲི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་བྱེད་པའི་འགན་འཁྲིའི་ལས་འགན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་འགྲེལ་བཤད་དང་གཏིང་ཟབ་སྒོས་ཀློག་འགྲེལ་བྱས། སྒྲོག་འགྲེལ་སྙན་ཞུའི་བརྗོད་དོན་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་ལ་དོན་སྙིང་ཟབ་མོ་ལྡན་པ་དང་། གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་གཏིང་ཚད་ཀྱང་ལྡན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་ཁྲིད་སྟོན་གྱི་ནུས་པ་ལྡན་ཡོད།

ཚོགས་ཐོག་ནས་གྲོང་རྡལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དྲུག་ཆེན་སུམ་མདོ་གྲོང་རྡལ་དུ་ཡོང་ནས་སྒྲོག་འགྲེལ་བྱས་པ་དེ་གོ་སྐབས་སུ་བཟུང་ནས། ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱེད་པ། ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་པའི་སྟེང་བརྩོན་པ་བསྐྱེད་ནས། སྦྱངས་པ་ལ་བསམ་རྒྱུ་ཡོད་ཅིང་། སྦྱངས་པ་ལ་གོ་རྟོགས་ཡོད་པ། སྦྱངས་པ་ལ་གྲུབ་འབྲས་ཡོད་པ་བཅས་བྱས་ནས་དོན་དམ་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྒུལ་ཤུགས་སུ་བསྒྱུར་དགོས་པའི་བླང་བྱ་བཏོན།

ཆུ་འགྲམ་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་ཀྲུའུ་རིན་བཟང་པོ་ཡིས་བཤད་རྒྱུར། སྲུང་མ་ཡིས་ཕུལ་བའི་སྙན་ཞུ་ནི་གོ་བདེ་ཞིང་ཡིད་ལ་འཛིན་སླ་བ་དང་། ནང་དོན་ཕུན་སུམ་ཚོགས་ལ། བསམ་བློ་གཏིང་ཟབ་པས། ང་ཚོ་གཞི་རིམ་གྱི་ལས་བྱེད་མི་སྣས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་མོའི་སྒོ་ནས་ཤེས་རྟོགས་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་པ་ལ་བློ་འབྱེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། རྗེས་ཕྱོགས་ངས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ཀྱི་བཀོད་སྒྲིག་འོག་ཏུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱེད་ཅིང་། སྡེ་ཁུལ་འཕེལ་རྒྱས་དང་དོ་དམ། ཞབས་ཞུ་བཅས་ཀྱི་བྱ་བ་ཚང་མ་ནན་ཏན་གྱིས་ལེགས་སྒྲུབ་བྱེད་པ་དང་། རང་དཔེ་གཞན་སྟོན་གྱིས་ཐོག་མའི་བསམ་འདུན་གྱི་ལས་འགན་ལག་བསྟར་བྱས་ནས། རྒྱུན་ཆད་མེད་པར་གཅིག་སྒྲིལ་གྱི་འཕེལ་རྒྱས་དང་སྡེ་ཁུལ་བརྟན་འཇགས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

ལྷོ་སྐོར་ལམ་སྡེ་ཁུལ་གྱི་ལས་བྱེད་མི་སྣ་ཡུང་ཀྲི་ཧྭ་ཡིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྒྲོག་འགྲེལ་སྙན་ཞུར་ཉན་རྗེས། ངའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བླ་མེད་དད་གུས་སྔར་བས་ཇེ་བརྟན་དུ་སོང་། དུས་རབས་གསར་པའི་ན་གཞོན་ཏང་ཡོན་དང་གཞི་རིམ་སྡེ་ཁུལ་དུ་བྱ་བ་སྒྲུབ་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། རྗེས་ཕྱོགས་ངས་རང་འགུལ་སྒོས་རང་གི་ལང་ཚོའི་ཕུགས་འདུན་དེ་ཀྲུང་གོའི་ཕུགས་འདུན་ཁྲོད་འདྲེས་པར་བྱས་ཏེ། དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་ཡར་བརྩོན་གྱི་བསམ་བློའི་ཉམས་སྣང་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་བྱེད་རྒྱུ་ཡིན་པ་དང་། ན་གཞོན་གྱི་འཛད་མཐའ་མེད་པའི་སྟོབས་ཤུགས་ལ་བརྟེན་ནས་ཚད་ལྡན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱེད་རྒྱུ་ཡིན་ཟེར།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བྱེད་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི“སྤྱི་འདོམས་གཅིག་དང་སྐུལ་སྤེལ་བཞི”ཡི་སྤྱིའི་རིག་ལམ་དང་རྫོང་ཏང་ཨུའི“1549”ཡི་འཕེལ་རྒྱས་ཆགས་སྟངས་གཉིས་ལ་ནན་ཏན་གྱིས་སྐུལ་འདེད་ནུས་ལྡན་གཏོང་བ། ཏང་གི་འཛུགས་སྐྲུན་དམ་འཛིན་བྱས་ནས“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ནང་རྐྱེན་དོན་འཁྱོལ་ཡོང་བར་སྐུལ་འདེད་ཟབ་མོ་བཏང་སྟེ། དུས་རབས་གསར་པར་འབད་པས་བསྐྱོད་པའི་བུད་མེད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཆེད། གཅིག་སྒྲིལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་སྒྲོག་འགྲེལ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་ཚོ་ལྔ་དང་གྲོང་རྡལ་གཅིག་ཏུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་བ་དང་། བུད་མེད་ཀྱི་ཁྲོད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བྱེད་པའི་ཚ་རླབས་ཤིག་འཕྱུར་དུ་བཅུག་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཅིག་སྒྲིལ་རྫོང་དུ་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་སྔར་ལས་སྐུལ་འདེད་བཏང་།

བྱ་འགུལ་ཁྲོད། བུད་མེད་སྒྲོག་འགྲེལ་རུ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི་བུད་མེད་དང་བྱིས་པའི་བྱ་བ་དང་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་སོགས་ཀྱི་ནང་དོན་སྐོར་ནས། ཁ་གསལ་ཞིང་གོ་བདེ་བའི་ལམ་ནས་བུད་མེད་རྣམས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། གསོན་ཉམས་ལྡན་ཞིང་སྤྲོ་སྣང་འཕེལ་བའི་དངོས་ཡོད་ཀྱི་དཔེ་བརྗོད་རེ་རེར་བརྟེན་ནས་ཚོགས་ཆེན་གྱི་དགོངས་དོན་བུད་མེད་རྣམས་ཀྱི་སེམས་སུ་འཇགས་པར་བྱས། སྡེ་བ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་གྱིས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཉན་རྗེས་རང་གི་བསམ་ཚུལ་ལྷུག་པོར་བརྗོད། དྲུག་ཆེན་སུམ་མདོ་གྲོང་རྡལ་སྟག་ལུང་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྒྲོལ་མ་ཡིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་སྒྲོག་འགྲེལ་རུ་ཁག་གི་སྒྲོག་འགྲེལ་ལ་ཉན་རྗེས། ང་ལ་སྐུལ་ལྕག་ཆེན་པོ་ཐེབས། འབྲོག་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་འགན་འཁྲི་ཧ་ཅང་ལྕི་བ་ཤེས་ཡོད་ལ། ངས་ཚོགས་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་གོ་བ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཕྱོགས་སོ་སོར་ཁྱབ་ཏུ་འཇུག་རྒྱུ་ཡིན་ལ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནུས་ཚོད་ལ་དམིགས་ཏེ། བུད་མེད་རྣམས་ལ་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་འབྲེལ་ཐག་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་། སེམས་ཤུགས་དང་བརྩེ་བ་གང་ཡོད་བཏོན་ནས་བུད་མེད་དང་བྱིས་པའི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན”ཟེར། 

སྦྲ་གསར་ཡུལ་ཚོ་འབྲུ་ངམ་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཙུན་ལྷས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ཡིས་མི་སེམས་ལ་སྐུལ་ལྕག་གཏོང་ཐུབ་པས། དེ་ནི་ངའི་བསམ་བློ་དང་འགུལ་སྐྱོད་གཉིས་ཀའི་སྟེང་གི“ཕྱོགས་སྟོན་འཁོར་ལོ”ཡིན། གཞི་རིམ་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་ནས་ལོ་གཅིག་ལྷག་ལས་འགོར་མེད་པས། བྱ་བའི་ཉམས་མྱོང་དེ་འདྲའི་ཕུན་སུམ་ཚོགས་པོ་ཞིག་མིན་ནའང་། ངས་ནན་ཏན་གྱིས་སློབ་སྦྱོང་བྱེད་རྒྱུ་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ། རང་གི་ལས་རྐང་ལ་རྐང་བཙུགས་ནས་སྦྲ་གསར་ཡུལ་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་གྲུབ་འབྲས་བསྐྲུན་རྒྱུ་ཡིན་ཞིང་། དངོས་ཡོད་ཀྱི་འགུལ་སྐྱོད་ལ་བརྟེན་ནས་བུད་མེད་དང་བྱིས་པའི་བྱ་བའི་ཁྲོད་རང་ཉིད་བུད་མེད་ཡིན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།