ཏང་གི་གསུང་སྐད་སྙན་མོ་ཧི་ནན་རྩྭ་ཐང་དུ་བསྒྲགས།
2022.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི“རྟ་ཐོག་སྒྲོག་འགྲེལ་ཚོགས་པས”ཏང་གི་གསུང་སྐད་སྙན་མོ་རྩྭ་ཐང་ཡངས་པོར་བསྒྲགས། 

དགུན་དུས་ཀྱི་ཧི་ནན་རྩྭ་ཐང་དུ་ཁ་བ་ལྷབ་ལྷུབ་འབབ་ཅིང་གྲང་རླུང་འུར་འུར་ལྡང་། རྟ་ཐོག་སྒྲོག་འགྲེལ་ཚོགས་པའི་རྟའི་རྨིག་སྒྲ་རྒྱང་རིང་ནས་ཉེ་བར་མཆེད་པ་དང་བསྟུན་ནས། ཧི་ནན་སོག་རིགས་རང་སྐྱོང་རྫོང་ཉིན་མཐའ་གྲོང་རྡལ་རྐ་ཆུང་སྡེ་བའི་རྒན་པོ་རྟ་རྡོ་ཡིས་སྦྲ་གུར་གྱི་སྒོ་ཁ་ནས་མགོ་འབུར་གྱིས་ལྟ་ཙམ་བྱས་ཏེ།“རྟ་ཐོག་སྒྲོག་འགྲེལ་ཚོགས་པ”སླེབས་བྱུང་ཟེར།

“ཁྱེད་ཚོ་ཡོང་རྒྱུ་ཡིན་པ་གོ་རྗེས། ཚང་མས་སྔ་མོ་ནས་ཐབ་ལ་མེ་བུས་པ་དང་འོ་ཇ་བསྐོལ་ནས་ཏང་གི་གསུང་སྐད་སྙན་མོར་རེ་སྒུག་བྱས་ཡོད།”ཆེ་ཆུང་རན་པའི་སྦྲ་གུར་ནང་དུ་ཉེ་འགྲམ་གྱི་འབྲོག་པ་ཚོ་རྐུབ་སྟེགས་ཆུང་ངུའི་སྟེང་སྡོད་པ་དང་ཡང་ན་ས་ལ་ཙོག་པུར་བསྡད་དེ། ཚང་མས་ཕར་ལབ་ཚུར་གླེང་བྱེད་པའི་རྣམ་པ་དེ་ནི་འཆམ་མཐུན་དང་སྤྲོ་སྣང་གིས་ཁེངས་འདུག

རྐ་ཆུང་སྡེ་བའི་ས་ཁམས་ཁོར་ཡུག་ནི་དམིགས་བསལ་ཞིག་ཡིན་པ་དང་། རི་མཐོ་ལ་ལུང་བ་ཟབ་པ། མང་ཚོགས་ཀྱི་སྡོད་གནས་ཀྱང་ཁ་ཐོར་ཞིག་ཡིན། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཁྱོན་ཡོངས་སུ་ཁེབས་པ་ཇི་ལྟར་མངོན་འགྱུར་འབྱུང་དགོས་སམ།” ཧི་ནན་རྫོང་ཉིན་མཐའ་གྲོང་རྡལ་གྱིས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང“སྐད་གཉིས”ཀྱི་སྨྲ་བརྗོད་ནུས་པ་བཟང་བ། ལས་སྒོའི་བྱང་ཚད་མཐོ་བ། ལུས་ཀྱི་སྟོབས་བཟང་བའི་གཞི་རིམ་གྱི་ལས་བྱེད་པ14ལེགས་འདེམ་བྱས་ཏེ“རྟ་ཐོག་སྒྲོག་འགྲེལ་ཚོགས་པ”བཙུགས་པ་དང་། “སློབ་ཁྲིད་བསྐྱལ་བ་དང་སློབ་ཁྲིད་བྱེད་པ། སློབ་ཁྲིད་ཞིབ་འཇུག་བྱེད་པ”བཅས་ལ་དམིགས་ཤིང་། ལ་བརྒལ་ལུང་བརྒལ་བྱས་ནས་ཁ་རུ་ཁ་ཐུག་གིས་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་ཞིག་ལེན་པའི་དགོས་མཁོ་བསྐངས།

རྟ་ཐོག་སྒྲོག་འགྲེལ་ཚོགས་པ“རྩ་འཛུགས”བྱས་པ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དུས་ཐོག་ཏུ་རྒྱང་རིང་གི་རྩྭ་ཐང་དུ་བརྒྱུད་སྒྲོག་བྱེད་པ་དང་། གཏིང་ཟབ་པའི་གནས་ལུགས་དེ་ཁ་གསལ་ལ་གོ་བདེ་བར་བརྗོད་པ་དང་སྤྱི་མཚན་གྱི་ཆ་རུ་གཏོགས་པའི་གོ་དོན་ཞིབ་ཕྲའི་ངང་གསལ་བོར་བརྗོད་དེ། འབྲོག་པ་མང་ཚོགས་ལ་སྲིད་ཇུས་བཟང་པོ་གོ་རུ་འཇུག་རྒྱུ་དེ་ཡིན། ཉིན་མཐའ་གྲོང་རྡལ་ཏང་ཨུའི་རྩ་འཛུགས་ཨུ་ཡོན་པད་མ་དོན་འགྲུབ་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ཚང་མས་དགའ་བསུ་ཆེན་པོ་ཐོབ།

སྒྲོག་འགྲེལ་བྱེད་པའི་གོ་རིམ་ཁྲོད་དུ། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁ་གསལ་ལ་གོ་བདེ་བའི་སྐད་ཆ་དང་འཚོ་བར་འབྲེལ་བའི་དཔེ་གཞི་དངོས་བཀོལ་བ་རྒྱུན་འཁྱོངས་བྱས་པ་དང་། རིག་རྩལ་ལེ་ཚན་དང་དམངས་ཁྲོད་གཏམ་དཔེ་སོགས་མི་དམངས་མང་ཚོགས་ལ་སྤྲོ་བ་ཡོད་པའི་བྱེད་ཐབས་སྣ་ཚོགས་སྤྱད་ནས།  དགའ་སྤྲོའི་རྣམ་པའི་ཁྲོད་ནས་སློབ་གསོ་དང་ལེན་དང་འདུ་ཤེས་བསྒྱུར་བ། རིག་གནས་ཤེས་བྱ་འཕེལ་དུ་བཅུག་སྟེ། མི་དམངས་མང་ཚོགས་ལ་ཕན་བདེ་གང་ནས་བྱུང་བ་དང་དྲིན་ལན་སུ་ལ་གཟོ་དགོས་པ་དངོས་སུ་རྟོགས་པར་བྱས།

“རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན། མི་དམངས་མང་ཚོགས་ནི་གུང་ཁྲན་ཏང་གི་ནམ་ཡང་སེམས་ཐོགས་ས་དེ་ཡིན། སྙན་ཞུའི་ནང་བཏོན་པའི་ནང་དོན་མང་པོ་ཞིག་གིས་ང་རང་སེམས་འགུལ་ཐེབས་སུ་བཅུག་སོང”ཞེསས་ཏང་ཡོན་རྒན་པ་བློ་བདེ་ཡིས་ཚོར་བ་ཟབ་མོས་བཤད་བྱུང་།

ཁ་རུ་ཁ་ཐུག་གིས་བརྗེ་རེས་དང་གཅིག་ལ་གཅིག་གཏད་ཀྱིས་འགྲེལ་བཤད་བྱས་པ་བརྒྱུད། མི་དམངས་མང་ཚོགས་ཀྱིས་ཚོགས་ཆེན་གྱི་དགོངས་དོན་སྐོར་ཞིག་སེམས་ལ་འཇགས་ཤིང་གོ་བ་ཡག་པོ་ལོན་པར་གྱུར། ས་རུབ་ལ་ཉེ་དུས། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་རྩམ་པ་དང་གོ་རེ་སོགས་ཟས་ཐུན་སྟབས་བདེ་ཞིག་ཟོས་རྗེས། སྒྲོག་འགྲེལ་བྱེད་ཡུལ་རྗེས་མར་བསྐྱོད་པར་གྲ་སྒྲིག་བྱས།

ཐེངས་འདིར“རྟ་ཐོག་སྒྲོག་འགྲེལ་ཚོགས་པས”ཡུལ་དུས་དང་བསྟུན་ནས་སྒྲོག་འགྲེལ་བྱས་པ་དེ་གངས་རིའི་ལྗོངས་སུ་གཏོར་བའི་ས་བོན་དང་འདྲ་བར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་རྩྭ་ཐང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་ནན་ཏན་བྱས་ཡོད།

                                                                            ཡིག་སྒྱུར་བ། གཡང་འབུམ་རྒྱལ།