གྲོང་གསེབ་དར་སྤེལ་ལ་བརྩོན་པའི་སྡེ་སྡོད་ལས་བྱེད་པ།
2022.12.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 11

“སྡེ་མིའི་ལས་དོན་ཞིག་ཡིན་ན། ཁོས་དོན་དག་གི་ཆེ་ཆུང་ལ་མི་བལྟ་བར་སྒྲུབ་ཅི་ཐུབ་བྱེད།”  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཐང་ནག་ཡུལ་ཚོ་ཀླུ་མཆོད་སྡེ་བར་སོང་ན། སྡེ་མི་རྣམས་ཀྱིས་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་མངགས་པའི་སྡེ་སྡོད་ལས་བྱེད་པ་གསེར་བཟང་སྐྱབས་ལ་དེ་ལྟར་བསྟོད་པ་བྱེད་ཀྱིན་འདུག

གསེར་བཟང་སྐྱབས་ནི2021ལོའི་ཟླ7པའི་ཚེས20ཉིན་ཞིན་ཧེ་རྫོང་ཐང་ནག་ཡུལ་ཚོ་ཀླུ་མཆོད་སྡེ་བའི་སྡེ་སྡོད་ལས་བྱེད་པ་ཞིག་ཏུ་གྱུར་བ་རེད། སྡེ་བའི་ནང་འབྱོར་རྗེས། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ་གཞན་རྣམས་རྒྱུན་དུ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་སྡེ་བའི་གནས་ཚུལ་དང་སྡེ་མིའི་བསམ་འདུན་ལ་རྒྱུས་ལོན་བྱས། གསེར་བཟང་སྐྱབས་ཀྱིས་ཀུ་རེའི་ཚུལ་དུ། ཁོ་ནི་ཧྲུའུ་ཅི་དང་པོའི“ལོ་ཙཱ་བ”དང“ཞབས་འབྲིང་པ”ཡིན་པར་བཤད།

ཀླུ་མཆོད་སྡེ་བ་ནི་འབྲོག་སྡེ་ཞིག་ཡིན་ལ། སྡེ་མི་མང་ཆེ་བ་བོད་རིགས་ཡིན། སྡེ་བར་འགྲོ་ཐེངས་རེར། གསེར་བཟང་སྐྱབས་ཀྱིས་ཧྲུའུ་ཅི་དང་པོས་བཤད་པའི་སྐད་ཆའི་ནང་དོན་བོད་སྐད་ལ་བསྒྱུར་ནས་སྡེ་མི་རྣམས་ལ་སྒྲོག་པར་བྱེད། ཁོའི་འབྲི་དེབ་ཀྱི་སྟེང་དུ་དེ་འདྲའི་སྐད་ཆ་དག་ཞིབ་ཚགས་ཀྱིས་བཀོད་ཡོད་པར་མ་ཟད། ཀླུ་མཆོད་སྡེ་བའི་ལོ60ཡན་གྱི་རྒན་པ་དང་སློབ་མ། དབང་པོ་སྐྱོན་ཅན། དབུལ་ཐར་ཁྱིམ་ཚང་། མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སོགས་ཀྱི་གནས་ཚུལ་ཕྲ་ཞིང་ཞིབ་པར་བཀོད་འདུག

“ད་ལོར་ནད་ཡམས་ཀྱི་དབང་གིས། ང་ཚོ་གང་ལའང་འགྲོ་ཐབས་མེད་པར་བསྡད་ཡོད། ཁོས་ང་ཚོས་ཉི་མ་འཁྱོལ་དཀའ་སྙམ་ནས། རྒྱུན་པར་ང་ཚོར་སྐོར་རྒྱག་པ་དང་ཁ་བརྡ་བྱེད་རོགས་བྱེད། དངོས་གནས་སྐྱེས་པ་སེམས་བཟང་ཞིག་རེད།”ད་ལོ་ལོ80ཡིན་པའི་བགྲེས་པོ་མགོར་སྐམ་གྱིས་དེ་ལྟར་བཤད།

སྡེ་སྡོད་ལས་བྱེད་པའི་མིང་ཐོག་ནས་སྡེ་བ་འདིར་སླེབས་པ་ནས། གསེར་བཟང་སྐྱབས་ཀྱིས་སྡེ་མི་རྣམས་ལ་རོགས་རམ་བྱེད་པའི་ཐད་རང་ནུས་གང་ཡོད་འདོན་པར་བྱེད། ཁོས་རང་ཉིད་ཀྱི་སྨན་པའི་འཇོན་ནུས་བཏོན་ནས། ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དང་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པར་ཧུར་ཐག་གིས་འབྲེལ་བ་བྱས་ཐོག  “བདེ་ཐང་གཞི་རིམ་དུ་སྐྱེལ་བའི”བྱ་འགུལ་ཐེངས་མང་སྤེལ། ཀུན་གྱིས་གསེར་བཟང་སྐྱབས་ནི་ལས་བྱེད་པ་ཡག་པོ་ཞིག་ཡིན་པར་མ་ཟད་སྨན་པ་བཟང་པོ་ཞིག་ཀྱང་རེད་ཅེས་བསྟོད་པ་བྱེད།

གསེར་བཟང་སྐྱབས་ཀྱིས“ནད་ཀྱི་རྒྱུ”བཙལ་ནས“དབུལ་ཕོངས་ཀྱི་རྩ་བ”བཏོན་ན། མང་ཚོགས་ལ་ཧུར་བརྩོན་བྱེད་འདོད་ཀྱི་སེམས་བསྐྱེད་ཐུབ་པ་དང་། སྡེ་མི་རྣམས་ད་གཟོད་དོན་དང་ལྡན་པའི“ཕྱུག་འགྱུར”གྱི་ལམ་དུ་བསྐྱོད་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད། ཁོས་ཞིབ་འཇུག་བརྟག་དཔྱད་དང་འཆར་གཞི་བཟོ་བ། ཕྱོགས་མང་པོ་ནས་ཐབས་ལམ་འཚོལ་བ་སོགས་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་དར་སྤེལ་གཏོང་བའི་ལམ་བུ་བསྙེགས་ཤིང་། གཏེར་ཆུ་དང་ཞིང་ཕྱུགས་ཐོན་རྫས། དབྱར་རྩྭ་དགུན་འབུ་སོགས་སྡེ་བའི་འཕེལ་རྒྱས་ལ་འཚམ་པའི་ལས་གཞི་སྣ14ཙམ་གྱི་གོང་སྤེལ་འཆར་གཞི་གཏན་འཁེལ་བྱས་པར་མ་ཟད། ཐོ་འགོད་ཀུང་སི་ལ་འབྲེལ་གཏུག་བྱས་ཏེ་གན་རྒྱ་བཞག་ལ། ཚོང་རྟགས་ཐོ་འགོད་བྱས།  དེ་ནི་ཀླུ་མཆོད་སྡེ་བར་མཚོན་ན་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད།

ད་ལོའི་ལོ་སྟོད་དུ། གསེར་བཟང་སྐྱབས་དང་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་བརྩོན་ལེན་བྱས་པ་བརྒྱུད། ཞིན་ཧེ་རྫོང་ཞིང་ཕྱུགས་ཅུའུ་ཡིས་ཀླུ་མཆོད་སྡེ་བར་ནོར་གནག100བཀོད་སྒྲིག་བྱས། ཁོས་རྩྭ་ས་དང་ངལ་རྩོལ་ནུས་ཤུགས་ཡོད་པ། གསོ་སྤེལ་གྱི་འཇོན་ནུས་ལྡན་པའི་སྡེ་མི་རྣམས་ཁྲིད་དེ། “བོགས་ལེན་གསོ་སྤེལ”ཐོན་ལས་གཉེར་ཞིང་། དེ་ནི་ཀླུ་མཆོད་སྡེ་བའི་གྲོང་གསེབ་དར་སྤེལ་གྱི“ཕྱུག་འགྱུར་གསང་གྲངས”ལྟ་བུར་གྱུར། “ང་ཚོས་ལྷག་བསམ་རྣམ་དག་གིས་སྡེ་བར་བྱ་བ་བསྒྲུབས་ན། ཚང་མས་ཁས་ལེན་ཐོབ་པར་འགྱུར་བ་གདོན་མི་ཟ” ཞེས་པའི་སྐད་ཆ་དེ་ནི་གསེར་བཟང་སྐྱབས་ཀྱིས་རང་གི་ལོ་གཅིག་དང་ཕྱེད་ཀ་ལྷག་གི་རིང་སྡེ་སྡོད་ལས་བྱེད་པའི་བྱ་བར་བཀོད་པའི་སྡོམ་ཚིག་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།