སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
སྲོལ་རྒྱུན་གྱི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་གོམ་སྟབས་ཆེན་པོས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་བསྐྱོད་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གཙོ་རྒོལ་ཁ་ཕྱོགས་ཡིན་པར་མ་ཟད། གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན།
བརྗིད་ཆེའི་འཆར་གཞི་ལས་མི་རྣམས་ལ་སྐུལ་ལྕག་ཐེབས་པ་དང་དུང་བརྡ་རེ་རེ་ཡིས་མི་རྣམས་ལ་ངར་ཤུགས་བསྩལ། བྱང་ཤར་གྱི་འབྲུ་མཛོད་ནས་ལྷོ་ཕྱོགས་ཀྱི་ས་གཞི་ཆེན་པོའི་བར་དང་ཉ་དང་འབྲས་ཀྱི་ཐོན་ཡུལ་ནས་རྨ་ཆུའི་བདེ་ཐང་ས་ཁུལ་བར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། སྐྱོད་ལམ་གསར་པར་ཞུགས་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར། དུས་ཚིགས་རེ་རེ་བཞིན་དམ་འཛིན་བྱས་ཏེ་འབད་བརྩོན་ཆེན་པོས་མདུན་སྐྱོད་དང་ནུས་ཤུགས་ཡོད་རྒུས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་དམིགས་འབེན་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་སྔ་མོ་ནས་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན།
ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་སྐྱོད་པའི་གཞི་རྩའི་ཆ་རྐྱེན་འཛོམས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་ལས་དེང་རབས་ཅན་དང་། ཞིང་སྡེ་དར་རྒྱས་སྟོབས་ལྡན། ཞིང་པ་བདེ་སྡོད་ལས་བརྩོན་བཅས་མ་བྱུང་ཚེ། རྒྱལ་ཁབ་དེང་རབས་ཅན་ནི་ཆ་ཚང་མིན་པ་དང་འཐུས་སྒོ་མི་ཚང་བ། བརྟན་པོ་མིན་པ་བཅས་རེད”ཅེས་ནན་བཤད་གནང་ཡོད།
2022ལོར་རང་རྒྱལ་གྱི་དབྱར་འབྲུ་དང་སྔ་སྨིན་འབྲས་ལ་ཐོན་ལེགས་ཐོབ་པ་དང་། སྟོན་འབྲུ་འདེབས་ཁྱོན་བརྟན་པོའི་ངང་འཕར་བ། གྲུབ་ཆ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། ཕན་འབྲས་བརྟན་པོའི་ངང་ཆེ་རུ་ཕྱིན་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ལ་ཡང་བསྐྱར་ཐོན་ལེགས་ཐོབ་ཡོད།
ཞིང་ལས་དང་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་བས། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་སྐྱོད་པའི་གཞི་རྩའི་ཆ་རྐྱེན་འཛོམས་ཡོད་ཟེར།
རྨང་གཞི་སྲ་བརྟན་དུ་བཏང་ནས་མཁོ་སྤྲོད་འགན་སྲུང་ནུས་པ་སྔར་ལས་བརྟན་པོར་གྱུར།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་ཀྱི་རྩ་བ་འདི་དམ་པོར་བཟུང་ནས། རྒྱ་ཁྱོན་བརྟན་འཇགས་དང་། ཐོན་ནུས་མཐོར་འདེགས། འགན་འཁྲི་ཤུགས་ཆེར་གཏོང་བ། མཁོ་སྤྲོད་འགན་ལེན་བཅས་བྱས་ཏེ། ཀྲུང་གོ་བའི་ཟས་ཕོར་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་འགན་ལེན་བྱས་ཡོད། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བརྟན་བརླིང་ངང་ཇེ་མཐོར་སོང་བ་དང་། ཐོན་ཚད་བསྟུད་མར་ལོ་མང་པོར་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་དུ་སྲུང་འཛིན་བྱས་ཤིང་། “བཟའ་འབྲུ”འགན་སྲུང་ནུས་ལྡན་དང་། “ཤ་ཚལ་སྒོང་གསུམ”མཁོ་སྤྲོད་འདང་ངེས། “སིལ་ཏོག”རིགས་སྣ་མང་ཡོད་པ་བཅས་ཀྱིས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་བརྟན་བརླིང་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བར་རྟིང་ཤུགས་ཆེན་པོ་བསྩལ་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
ཁྱད་སྟོབས་ཆེ་རུ་བཏང་བས་ཞིང་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཇེ་དྲག་ཏུ་གྱུར།
ཚན་རྩལ་གསར་སྐྲུན་རང་རྟོན་རང་བརྩོན་ནི་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྩ་བའི་སྒུལ་ཤུགས་ཡིན། 2021ལོའི་བར་རང་རྒྱལ་གྱི་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད61%ཟིན་པ་དང་། ཞིང་ལས་ལོ་ཏོག་རྨོ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད72%ལས་བརྒལ་ཡོད།
ཞིང་ལས་དང་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། གོམ་རིམ་རྗེས་མར་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་ཡི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། འདེབས་འཛུགས་ལས་རིགས་གཙོ་གནད་དུ་བྱེད་པའི་ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། དེང་རབས་ཀྱི་དངོས་པོའི་ཆ་རྐྱེན་ལ་བརྟེན་ནས་ཞིང་ལས་སྒྲིག་ཆས་ཅན་དུ་འགྱུར་བར་མཐོང་ཆེན་བྱེད་པ། ཞིང་ལས་འཕྲུལ་ཆས་ཅན་དང་། སྒྲིག་ཆས་ཅན། རིག་ནུས་ཅན་བཅས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཞིང་ཐོན་སྐྱེད་བྱེད་ཚད་དང་། ངལ་རྩོལ་ཐོན་སྐྱེད་བྱེད་ཚད། ཐོན་ཁུངས་བེད་སྤྱོད་བྱེད་ཚད་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཟེར།
ཐོན་སྐྱེད་ཀྱི་ཕན་འབྲས་མཐོ་བ་དང་། ཐོན་རྫས་བདེ་འཇགས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་མཐུན་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་དར་རྒྱས་ཡོང་བ་མངོན་འགྱུར་བྱས་ཏེ། གྲོང་གསེབ་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་དགོས་པ”དང་། “བློ་བརྟན་འགྱུར་མེད་སྒོས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་ཇེ་མགྱོགས་སུ་བཏང་སྟེ། ཐོན་ཚད་མཐོ་བ་དང་། ཐོན་རྫས་བདེ་འཇགས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་མཛའ་མཐུན་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས”ཞེས་ནན་བཤད་གནང་ཡོད།
ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འབྲུ་རིགས་ཐོན་ལས་སྲ་བརྟན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། ཐོན་ལས་ཀྱི་སྦྲེལ་ཐག་ཆ་ཚང་སྐྱེད་སྲིང་བྱས་ཏེ། རང་རྒྱལ་གྱིས་རིམ་རྩིས་བྱས་ན་ཐོག་མའི་ལས་སྣོན་སྒྲིག་བཀོད་འབུམ་གཅིག་དང་ཁྲི་ལྔ་སྟོང་དྲུག་དང་ཐོན་ཡུལ་ཁྲི་ལྔ་ལྷག་གི་གྲང་ཉར་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། ཞིང་ལས་ཐོན་རྫས་ལས་སྣོན་གཞན་སྒྱུར་བྱེད་ཚད70.6%ཟིན་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཞིང་སྡེའི་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་ཡེ་ཞིན་ཆིན་གྱིས་བཤད་རྒྱུར། རྗེས་ཕྱོགས་ཞིང་ལས་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་དང་ཁ་གསབ་བྱེད་པ། འཕེལ་རྒྱས་གཏོང་བ། སྟོབས་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་བྱས་ནས། ཞིང་ལས་ཀྱི་རིན་ཐང་འཕར་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་བར་སྟོང་རྒྱ་བསྐྱེད་པ་དང་། ཞིང་སྡེའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་རྫས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆ་རུ་བསྒྱུར་དགོས”ཟེར།
ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱས་ནས་ཐོན་ལས་སྦྲེལ་ཐག་སྔར་ལས་འཐུས་ཚང་དུ་གཏོང་དགོས།
ཐོན་ལས་དར་སྤེལ་གཏོང་བར་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས། ཞིང་ལས་དང་ཞིང་སྡེ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། རྗེས་ཕྱོགས་ཞིང་ལས་དང་ཞིང་སྡེའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས། ཞིང་ལས་ཀྱི་སྣ་མང་ནུས་པ་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་བྱ་རྒྱུ་ཁ་ཕྱོགས་སུ་བྱས་ཏེ། ཞིང་སྡེའི་རིག་གནས་ཡུལ་སྐོར་དང་མཉམ་འདྲེས་བྱེད་པ་དང་། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་འབྲེལ་མཐུད་བྱས་ནས། ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱས་ནས་ཐོན་ཁུངས་བེད་སྤྱོད་སྔར་ལས་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་རུ་གྱུར།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ལས་ཀྱི་ཆུ་གྲོན་ཆུང་དང་བཟོ་སྐྲུན་གྱི་ཆུ་གྲོན་ཆུང་སོགས་ལ་སྐུལ་འདེད་བཏང་ཞིང་། སོག་མ་ཞིང་ལུད་ཅན་དང་། གཟན་ཆས་ཅན། ནུས་རྒྱུ་ཅན་བཅས་སུ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་བས། ཕྱོགས་བསྡུས་བེད་སྤྱོད་བྱས་ཚད87%ཡན་དུ་བསླེབས་ཏེ། ཞིང་ལས་ཐོན་སྐྱེད་རྒྱུན་ཆད་མེད་པར་ལྗང་མདོག་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།
རྨོ་ཞིང་སྲུང་སྐྱོབ་བཟང་བོ་དང་མ་ལག་འཛུགས་སྐྲུན་བཟང་བོ་བྱས་ནས། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་གནས་སྲིད་གཞུང་གི་འགན་འཁྲི་གཙོ་བོར་ཤུགས་སྣོན་རྒྱག་པ་དང་། ས་ཞིང་གི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ས་ཞིང་གི་ཁྲིམས་འགལ་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་བརྟན་སྲུང་བྱེད་པ”། “རྨོ་ཞིང་དང་ལྷག་པར་དུ་གཞི་རྩའི་ས་ཞིང་སྲུང་སྐྱོབ་བཟང་བོ་བྱེད་པའི་རྨང་གཞིའི་ཐོག ཚད་གཞི་མཐོ་བའི་ས་ཞིང་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
མི་མང་ཞིང་ས་ཞིང་ཉུང་བ་ནི་རང་རྒྱལ་གྱི་གཞི་རྩའི་ཞིང་སྡེའི་གནས་ཚུལ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དམར་ཐིག་སྲུང་བ་དང་སྤུས་ཚད་མཐོ་རུ་གཏོང་བ་རྒྱུན་འཁྱོངས་བྱས་ཡོད། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་དམག་ཐིག་བརྟན་སྲུང་དང་། སྤུས་ཚད་མཐོན་པོས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། 2022ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཐན་པ་དང་ཆུ་ལོག་གི་གནོད་འཚེ་གང་བྱུང་ཡང་ཐོན་འབབ་འགན་ལེན་བྱེད་ཐུབ་པ་དང་ཐོན་ཚད་མཐོ་བ་དང་བརྟན་འཇགས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཐེར་འབུམ་གཅིག་བསྐྲུན་ནས། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་ཡན་བརྟན་པོའི་ངང་འགན་ལེན་བྱས་པ་རེད།
རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་སྒོས་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན། ཆེད་མཁས་པས་བཤད་རྒྱུར། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར། རྨོ་ཞིང་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་སྐུལ་འདེད་གཏོང་དགོས། ཕྱིན་ཆད་གྲངས་ཀ་དང་སྤུས་ཚད་གལ་ཆེ་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དོ་དམ་སྲུང་སྐྱོབ་ནན་མོ་བྱས་ཏེ། རྨོ་ཞིང་གི་གྲངས་ཀ་ཇེ་ཉུང་དུ་མི་འགྲོ་བ་དང་སྤུས་ཚད་ཇེ་མཐོར་འགྲོ་བར་འགན་ལེན་བྱེད་དགོས་ཟེར།
ཀྲུང་དབྱང་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནམ་ཞིང་ལས་དང་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཐང་རིན་ཅན་གྱིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་དུང་བརྡ་བསྒྲགས་ཟིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། “‘ཞིང་གསུམ’ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱེད་པ་དང་། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མཁོ་སྤྲོད་འགན་སྲུང་བདེ་འཇགས་དང་ཡིད་རྟོན་རུང་བ་དང་། ཚན་རྩལ་གསར་སྐྲུན་རང་རྟོན་རང་བརྩོན། སྒྲིག་བཀོད་དང་སྒྲིག་ཆས་ཆ་ཚང་བ། ཐོན་ལས་སྦྲེལ་ཐག་འཐུས་སྒོ་ཚང་བ། ཐོན་ཁུངས་བེད་སྤྱོད་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བ། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ཁྱད་སྟོབས་མངོན་གསལ་ཡིན་པ་བཅས་ཧུར་ཐག་གིས་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས”ཟེར།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།