རྫ་ཆུའི་འགྲམ་ངོགས་ཀྱི་ན་གཞོན་ཚོའི་ཕུགས་འདུན།
2022.12.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

“ད་ལྟ་གཞི་ནས་སློབ་གྲྭར་འགྲོ་ཐུབ་སོང་། ངས་སློབ་གྲོགས་ཚོ་དྲན་བཞིན་ཡོད་པ་དང་། དགེ་རྒན་དྲན་བཞིན་ཡོད་ལ། སློབ་རའི་འཚོ་བའང་དྲན་བཞིན་ཡོད”ཅེས་ངག་དབང་ཚེ་བརྟན་གྱིས་དེ་ལྟར་བཤད།

ངག་དབང་ཚེ་བརྟན་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བའི་མཐོ་འབྲིང་གསུམ་པའི་སློབ་མ་ཞིག་ཡིན་ཞིང་། 2022ལོའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་སློབ་གྲྭས་སློབ་ཁྲིད་སླར་གསོ་བྱས་པ་དང་། ཡང་བསྐྱར་སློབ་རར་ལོག་རྗེས་དགའ་སྤྲོའི་སེམས་པ་དེ་ཡུན་རིང་ལ་འཇགས་ཐབས་བྲལ་བར་གྱུར། གསར་འགོད་པས་ཁོ་ལ་སློབ་ཁྲིད་སླར་གསོ་བྱེད་པར་དེ་འདྲའི་རེ་སྒུག་བྱེད་པའི་རྒྱུ་རྐྱེན་གང་ཡིན་ནམ་ཞེས་དྲིས་པར། ངག་དབང་ཚེ་བརྟན་གྱི་དྲིས་ལན་ཡང་ཧ་ཅང་སྟབས་བདེ་ཞིག་ཡིན་ཏེ། “སློབ་གྲྭ་ནི་ངའི་རང་ཁྱིམ་གཉིས་པ་ཡིན་པ་དང་། ང་འདི་ལ་ཧ་ཅང་དགའ”ཞེས་བཤད།

ཡུས་ཧྲུའུ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བ་དེ་རྫ་ཆུའི་འགྲམ་ངོགས་སུ་གནས་པ་དང་། ཆུ་བོ་ཤང་ཤང་དུ་འབབ་པའི་སྒྲ་ལས་ཡོད་ཚད་ཁུ་སིམ་མེར་བསྡད་འདུག ཡིན་ཡང་། སློབ་གྲྭ་འདི་ནི་བྱམས་ལྡན་གྱི་མ་ཡུམ་ཞིག་དང་འདྲ་བར་སློབ་མར་མདུན་སྐྱོད་ཀྱི་སྟོབས་ཤུགས་སྦྱིན་ཡོད་པ་དང་། བརྩེ་སེམས་དང་ཁོང་ཡངས་ཀྱིས་སློབ་མ་རེ་རེའི་ཕུགས་འདུན་བསྣམས་ནས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དྲོད་སྐྱིད་འཛོམས་པའི་འོད་སྣང་གིས་ཁྱབ་པར་བྱས་ཡོད།

ཡུས་ཧྲུའུ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བའི་སློབ་གཙོ་ཧྥན་ཁྲིན་ཡན་གྱིས་བཤད་རྒྱུར། “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་ཚོགས་རྗེས། ང་ཚོས་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་པ་སྐུལ་སློང་བྱས་ནས་སློབ་སྦྱོང་བྱ་འགུལ་སྤེལ་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི་སློབ་གསོའི་ལས་དོན་སྐོར་གྱི་རྣམ་བཤད་སྐོར་ལ་ཚང་མས་གྲོས་བསྡུར་ཟབ་མོ་བྱས་པ་དང་། སེམས་ཚོར་བརྗེ་རེས་བྱས་ལ། ཚང་མས་དུས་རབས་གསར་པའི་འོག་གི་སློབ་གསོར་གདོང་གཏད་དེ། སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ལ་ལན་སྔར་ལས་ཡག་པོ་བཏབ་སྟེ། དུས་རབས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད”ཟེར།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ་མི་དམངས་ཀྱི་བློ་ཡིད་ཚིམས་པའི་སློབ་གསོ་ལེགས་པོར་གཉེར་དགོས་ཞེས་བསྟན་ཡོད། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་དང་། ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱ་རྒྱུ། སུའི་ཆེད་དུ་མི་གསོ་སྐྱོང་བྱ་རྒྱུ་བཅས་ནི་སློབ་གསོའི་རྩ་བའི་གནད་དོན་ཞིག་རེད།

“མི་སྣ་གསོ་སྐྱོང་བྱེད་པའི་རྩ་བ་ནི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན། དུས་རབས་གསར་པའི་སློབ་གསོ་བསམ་བློས་ངལ་རྩོལ་སློབ་གསོར་ནང་དོན་གསར་པ་བསྩལ་ཡོད་པ་དང་། མིག་སྔའི་ངལ་རྩོལ་སློབ་གསོའི་མ་ལག་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།” ཧྥན་ཁྲིན་ཡན་གྱིས་སློབ་གྲྭས“ས་གནས་ཀྱི་ཁྱད་ཆོས”དེ་སློབ་མ་དེའི་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་སློང་དང་སློབ་གྲྭའི་ངལ་རྩོལ་སློབ་ཐུན་འཚོལ་ཞིབ་བྱེད་པའི་གནད་ས་ཞིག་ཏུ་བྱས། གནས་སའི་ས་ཁོངས་ཀྱི་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ནས་ནན་ཏན་གྱིས་རིགས་པས་ཁུངས་སྐྱེལ་དང་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། སློབ་གྲྭ་རང་གི་གནས་ཚུལ་དང་འཚམ་པ་དང་ས་གནས་ཀྱི་ཁྱད་ཆོས་མཚོན་པའི་ངལ་རྩོལ་སློབ་གསོའི་སློབ་ཐུན་གཏན་འཁེལ་བྱས། མཐོ་སྒང་གི་ཞིང་ལས་ཁུལ་གྱི་སྤུས་ཚད་མཐོ་བའི་ནས་ནག་འདེབས་འཛུགས་ཀྱི་ས་ཁོངས་ཁྱད་སྟོབས་དང་ལག་རྩལ་ཁྱད་སྟོབས་བེད་སྤྱོད་གང་ལེགས་བྱས་ཏེ། ས་གནས་ཀྱི་ཞིང་ལས་མཉམ་ལས་ཁང་དང་མཉམ་དུ་མཐོ་འབྲིང་དང་པོ་དང་མཐོ་འབྲིང་གཉིས་པའི་སློབ་མར《ནས་ནག་འདེབས་འཛུགས》ཀྱི་སློབ་ཐུན་བཀོད་སྒྲིག་བྱས།

སློབ་མ་ཚོས་ལག་ཤུབས་གོན་པ་དང་། ཕུ་ཐུང་ཡར་བརྫེ། ལྕགས་ཁེམ་ལག་ཏུ་བཟུང་། ད་དུང་ངལ་རྩོལ་ལག་ཆ་གཞན་པ་འགའ་ཡང་བཟུང་ཡོད། དེ་ནི《ནས་ནག་འདེབས་འཛུགས》སློབ་ཐུན་སྔོན་གྱི་གྲ་སྒྲིག་ཞིག་རེད། སྔོན་ལ་ས་ཞིང་སློག་པ་དང་། སློབ་གྲོགས་ཚོས་ལྕགས་ཁེམ་བཟུང་ནས་ཞིང་ས་སློག་པ་དང་། ཟབ་ཚད་དང་ཞེང་གི་ཆེ་ཆུང་གང་འདྲ་ཡིན་དགོས་པ་སོགས་མཛུབ་སྟོན་དགེ་རྒན་གྱིས་སློབ་མ་ཚོའི་མཁྲིས་སུ་རེ་རེ་བཞིན་གསལ་བོར་ཁྲིད། རྨོ་ཞིང་སློག་ཚར་རྗེས་ས་བོན་འདེབས་པའི་སློབ་གྲོགས་རྣམས་ཞིང་ཁར་ཐོན། ཁོ་ཚོས་ལག་པ་གཅིག་གིས་ས་བོན་གྱི་ཁུག་མ་བཟུང་བ་དང་། ལག་པ་གཞན་ཞིག་གིས་ནས་ནག་གི་ས་བོན་ས་ལ་སྟོར་བ་དང་། ས་བོན་ཆུང་ཆུང་རྣམས་ཏག་ཏག་ས་ཞིང་གཤིན་པོའི་སྟེང་དུ་ལྷུང་། དགེ་རྒན་ཆོས་སྐྱོང་འཕྲིན་ལས་ཀྱིས་བཤད་རྒྱུར། “སློབ་མ་རྣམས་ངལ་རྩོལ་སློབ་ཐུན་ཁྲོད་ཞུགས་འདོད་ཆེན་པོ་ཡོད་པའི་དབང་གིས་ངལ་རྩོལ་སློབ་ཐུན་དེ་ལ་དགའ་པོ་ཡོད་པ་མ་ཟད། ད་དུང་སློབ་ཐུན་ཀྱི་ནང་དོན་ཡང་ཁོང་ཚོའི་འཚོ་བ་དངོས་དང་ཧ་ཅང་འཚམ་པོ་ཡོད་ལ། ངལ་རྩོལ་ཁྲོད་ཤེས་ཡོན་ཐོབ་པ་དང་སློབ་སྦྱོང་གི་ཞོར་དུ་ངལ་རྩོལ་ནང་ཞུགས་ན། སློབ་སྦྱོང་གི་ཕན་འབྲས་ཀྱང་ཤེས་མེད་ཚོར་མེད་ངང་མཐོར་འདེགས་ཡོང་ཐུབ་པ་དང་། དེ་ནི་དངོས་གནས་ངལ་རྩོལ་དང་སློབ་སྦྱོང་ཕྱོགས་གཉིས་ནས་ཡར་ཐོན་ཡོང་བ་ཞིག་རེད”ཟེར།

ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་ཐོན་ཁུངས་ཀྱི་ཁྱད་སྟོབས་དེ་ངལ་རྩོལ་སློབ་ཐུན་ལ“དགའ་བསུ་ཐོབ”པའི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་པ་དང་། དེའི་སྟེང་འཛིན་གྲྭ་རེ་རེས་ས་ཞིང་མུའུ་རེ་འདེབས་པའི་སློབ་ཐུན་བཀོད་སྒྲིག་བྱས་པ་དང་། དུས་ཚིགས་བཞི་བོའི་སློབ་ཐུན་ལག་ལེན་གྱི་ནང་དོན་དང་འབྲེལ་བ། ཆེད་ལས་ཀྱི་སློབ་ཐུན་ལག་རྩལ་མཛུབ་སྟོན་གྱིས་མཐོ་འབྲིང་གི་ངལ་རྩོལ་སློབ་ཐུན་དེ་ཚན་རིག་དང་མཐུན་པའི་ཚད་ལྡན་ཞིག་ཏུ་གྱུར་བ་དང་། དེ་ལས་སློབ་ཐུན་དེ་ནི་དགེ་སློབ་ཀུན་གྱིས་དགའ་བསུ་ཐོབ་པའི་ངེས་སྦྱོང་སློབ་ཐུན་ཞིག་ཏུ་གྱུར་ཡོད།

《ནས་ནག་འདེབས་འཛུགས》ཀྱི་སློབ་ཐུན་ལས་གཞན། སློབ་གྲྭ་རུ་ད་དུང་ཁྱད་ཆོས་མང་པོའི་ངལ་རྩོལ་སློབ་ཐུན་གཞན་པའང་ཡོད། དཔེར་ན། རོང་འབྲོག་པའི་ཐོན་སྐྱེད་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི《དབྱར་རྩྭ་དགུན་འབུ་འཐུ་བ》ཞེས་པའི་སློབ་ཐུན་ཞིག་ཀྱང་ཡོད་པ་དང་། སློབ་ཐུན་དེའི་ཁྲོད་དབྱར་རྩ་ཇི་ལྟར་བརྐོ་བ་དང་། དབྱར་རྩྭ་ཇི་ལྟར་ཕྱིར་འཚོང་བྱེད་པ། དབྱར་རྩྭར་ཞིབ་འཇུག་བྱེད་པ་བརྒྱུད་དེ། སློབ་མའི་ངལ་རྩོལ་ནུས་པ་དང་ངལ་རྩོལ་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་།

བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ལག་ལེན་ཁྲོད་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་དེ་ཡང་ངལ་རྩོལ་སློབ་གསོའི“སློབ་སྦྱོང་བྱེད་ས་གཉིས་པ”དེ་ཡིན་ཞིང་། ཚྭ་ཁུལ་དུ་བསྐྱོད་དེ་ཚྭ་དོང་ནང་དུ་ཚྭ་སྔོག་འདོན་དང་སྒྲིག་བཟོ་བྱེད་པ་དང་། ཕྱི་རོལ་ནས་སྐྱེ་ཁམས་བྱ་ཚང་ལས་པ། དབྱར་རྩྭ་དགུན་འབུ་འཐུས་ཚར་རྗེས་ད་དུང་རྩྭ་ས་སླར་བཟོ་དང་སྤང་ཤུན་སླར་གསོ་བྱེད་པ་སོགས་ལ་ཡུལ་དངོས་ནས་ལྟ་རྟོག་བྱས་པ་དང་། དེས་སློབ་གྲོགས་རྣམས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཁྲིད་ལ་བརྟེན་ནས་ངལ་རྩོལ་གྱིས་དགའ་སྤྲོ་ཉམས་སུ་མྱངས་པ་དང་། ངལ་རྩོལ་གྱི་སློབ་གསོ་མི་འདྲ་བ་ཞིག་ཀྱང་ཉམས་སུ་མྱངས།

དེ་ལས་གཞན། སློབ་གྲྭའི་དགེ་རྒན་གྱི་དཔུང་སྡེ་ལའང་“འཐབ་འཛིང་གི་ནུས་ཤུགས”ཀྱིས་ཁེངས་ཡོད། ཡུས་ཧྲུའུ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་བའི་དགེ་རྒན་དཔུང་སྡེ་ཡི་ཆ་སྙོམས་ལོ་ཚད་ལོ་ཉེར་དྲུག་ཡིན་པ་དང་། ན་གཞོན་དཔུང་སྡེ་དེ་ལ་སྔར་ལས་སྟོབས་དང་ལྡན་པའི་གསོན་ཤུགས་ལྡན་པ་དང་། ཁོ་ཚོས་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་མའི་འཚོ་བ་གཉིས་ཀྱི་སྟེང་ནས་ལྟ་རྟོག་བྱས་པ་དང་། དགེ་རྒན་ཡིན་ལ། ཁྱིམ་བདག་ཀྱང་ཡིན་པས། སློབ་མ་རྣམས་ཀྱིས་སློབ་གྲྭ་ནས་རང་ཁྱིམ་ལྟ་བུའི་དྲོད་ཁོལ་ཉམས་སུ་མྱོང་ཐུབ།

ཕག་མོ་དོན་གྲུབ་ནི་ལོ་རྒྱུས་ཀྱི་དགེ་རྒན་ཞིག་ཡིན་ལ། མཐོ་འབྲིང་གསུམ་པའི་འཛིན་གྲྭ་བདུན་པའི་འཛིན་བདག་ཡང་ཡིན། སློབ་དེབ་གྱི་ཕན་ཆད་ནས་ཁོ་ལ་ད་དུང་སྨན་སྒམ་ཆུང་ཆུང་ཞིག་ཡོད་པ་དང་། དེའི་ནང་དུ་སྨན་སྣ་ཚོགས་ཡོད་པ་རེད། རྒྱུན་བཀོལ་གྱི་ཆམ་པའི་སྨན་དང་། ཕོ་བའི་སྨན་སོགས་མང་པོ་ཞིག་ཡོད་པ་དང་། ཁོས་ད་དུང་སྨན་རྫས་ཀྱི་དུས་འདའ་ཡོད་མེད་ལའང་རྟག་ཏུ་མཉམ་འཇོག་བཞིན་ཡོད།

ཁོས་ལག་གཡོན་པས་སྨན་སྒམ་བཟུང་ཞིང་། ལག་གཡས་པས་ཚ་དམ་བཟུང་ཡོད་པ་དེ་ཁོའི་དགོང་མོ་རེ་རེར་སློབ་མའི་ཉལ་ཁང་ལ་རྟོག་དཔྱོད་བྱེད་སྐབས་ཀྱི་རྣམ་པ་ཞིག་རེད། སློབ་མ་རྣམས་ཉལ་ཡོད་མེད་ལ་རྟོག་དཔྱོད་བྱེད་སྐབས་སློབ་མ་སུ་ཞིག་གི་ལུས་ཕུང་མི་བདེ་བ་མཐོང་ཚེ། ཁོས་ནད་ཀྱི་གནས་ཚུལ་ལྟར་སློབ་མར་རྒྱུན་བཀོལ་སྨན་ཁ་ཤས་གྲ་སྒྲིག་བྱས་ནས་སྟེར་བ་དང་། དེའི་འཕྲོར་ཆུ་ཁོལ་བླུགས་ནས་སྟེར་བ་ཡིན། གལ་ཏེ་ནད་གཞི་ཚབས་ཆེན་ཕོག་པའི་གནས་ཚུལ་དང་འཕྲད་ན། ཁོས་དུས་ཚོད་དང་པོའི་ནང་སྨན་ཁང་ལ་འབྲེལ་བ་བྱེད་པ་དང་120ལ་འབྲེལ་བ་བྱེད་སྲིད། དེ་བས། སློབ་གྲོགས་རྣམས་ཀྱིས་ཁོ་ལ“རྐང་རྗེན་སྨན་པ་”ཞེས་པའི་མིང་ཞིག་ཀྱང་བཏགས་འདུག

དེ་ལྟར་སློབ་མ་ཉལ་ཡོད་མེད་ལ་ལྟ་རྟོག་བྱེད་རྒྱུ་དེ་ཕག་མོ་དོན་གྲུབ་བྱ་བར་ཞུགས་པ་ནས་རྒྱུན་འཁྱོངས་བྱས་པ་དང་། ལོ་གཉིས་ཀྱི་དུས་ཚོད་ནང་། སློབ་མ་ཚོའི་ལུས་པོ་བདེ་ཐང་ཡིན་པ་དང་། ཁྱིམ་བདག་གིས་ཀྱང་སེམས་བདེ་ཡོད་པ་རེད། ཁོས་བཤད་རྒྱུར།“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ནང་‘དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བྱང་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་གསོ་སྐྱོང་བྱེད་པ། དགེ་རྒན་ལ་བཀུར་བ་དང་སློབ་གསོ་གལ་ཆེན་དུ་འཛིན་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་དར་སྤེལ་གཏོང་དགོས’ཞེས་བསྟན་དོན། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྲུན་བྱ་རྒྱུ་དེ་དོན་དག་ཆུང་ཆུང་དག་ནས་འགོ་ཚུགས་ཏེ་སྒྲུབ་དགོས། རང་ཉིད་ཀྱིས་བལྟས་ན། ‘རྐང་རྗེན་སྨན་པ’ནི་སློབ་གྲོགས་ཚོས་ང་ལ‘དགའ་ཞེན’བྱེད་པའི་འབོད་ཚུལ་ཞིག་ཡིན་པར་འདོད་ཟེར།

“འཛིན་བདག་གིས་སློབ་མའི་སློབ་སྦྱོང་ལ་ནན་ཏན་གྱིས་འགན་འཁུར་དགོས་པར་མ་ཟད། ད་དུང་ཚང་མའི་ལུས་པོའི་བདེ་ཐང་ལའང་དོ་ཁུར་བྱེད་དགོས། དགེ་རྒན་ཕག་མོ་དོན་གྲུབ་ནི་ང་ཚོའི་ཕུ་བོ་ཞིག་དང་འདྲ་ལ། ང་ཚོར་འཚོ་བའི་སྟེང་ན་དཀའ་ངལ་ཅི་ཞིག་ཡོད་ན་དགེ་རྒན་ཁོ་རང་འཚོལ་བ་དང་། ཁོས་ཀྱང་ང་ཚོར་གང་ནུས་ཀྱིས་ཐག་གཅོད་རོགས་བྱེད”ཅེས་སློབ་མ་སྒྲོལ་དཀར་ཚེ་འཛོམས་ཀྱིས་དེ་ལྟར་བཤད། རང་ཉིད་ཀྱི་སྨན་སྒམ་ཆུང་ཆུང་དེ་གླེང་སྐབས། ཕག་མོ་དོན་གྲུབ་གྱིས་འཛུམ་དམུལ་དམུལ་ངང་སྨན་སྒམ་ད་དུང་ཅུང་ཆེ་བ་དང་། ཁོའི་སྨན་བཅོས་ལག་རྩལ་ཅུང་བཟང་རྒྱུ་ན་གློ་བུར་དུ་བྱུང་བའི་གནས་ཚུལ་ལ་ཁ་གཏད་གཅོག་ཐུབ་པ་དང་། སློབ་མ་ཚོ་སློབ་གྲྭ་ནས་བསྡད་ནའང་སེམས་བདེ་ཐུབ་ཟེར།

“སློབ་གྲྭ་ཡོངས་ཀྱི་དགེ་རྒན་རྣམས་སློབ་ཁྲིད་སླར་གསོ་མ་བྱས་གོང་གི་ཟླ་གཅིག་གི་རིང་ནས་སློབ་གྲྭས་བཀག་སྡོམ་རང་བཞིན་གྱི་དོ་དམ་ལག་བསྟར་བྱས་པ་དང་། སློབ་གྲྭ་ཡོངས་ཀྱི་དགེ་རྒན་དཔུང་སྡེའི་བློ་སེམས་གཅིག་བསྡུས་བྱེད་པའི་ཚད་ཀྱང་ཇེ་བཟང་དུ་སོང་ཡོད་ལ། ཁྱིམ་ཚང་ཆེན་པོ་ཞིག་དང་ཀུན་ནས་མཚུངས”ཞེས་ཧྥན་ཁྲིན་ཡན་གྱིས་དེ་ལྟར་བཤད།

མཐོ་འབྲིང་གསུམ་པའི་འཛིན་གྲྭ་དང་པོའི་འཛིན་བདག་སྒྲོལ་མ་མཚོ་མོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སློབ་ཁྲིད་སླར་གསོ་བྱས་པ་ནས་ད་ལྟའི་བར་འཛིན་གྲྭའི་ནང་གི་སློབ་སྦྱོང་གི་རྣམ་པ་སྔར་ལས་ཇེ་བཟང་ཡིན་པ་དང་། ཉིན་མ་རེ་རེར་སློབ་མ་ཁ་ཤས་ཞོགས་པའི་རང་སྦྱོང་གི་སྔོན་ལ་འཛིན་གྲྭའི་ནང་ཡོང་ནས་རང་འགུལ་གྱིས་བློར་སྐྱོར་བཞིན་ཡོད་པ་དང་། སློབ་མ་ཚང་མ་སློབ་སྦྱོང་ལ་སྔར་ལས་རང་འགུལ་ཅན་ཞིག་ཏུ་གྱུར་ཡོད་ལ། གོ་བ་མི་ལོན་ས་རུ་དུས་ཚོད་དང་པོའི་ནང་དགེ་རྒན་ལ་འདྲི་བར་བྱེད་ཟེར།

སློབ་ཁྲིད་སླར་གསོ་མ་བྱས་པའི་སྔོན་ལ་སློབ་གྲྭས་དྲ་ཐོག་ནས་སློབ་ཁྲིད་བྱེད་པའི་ཐབས་ལ་བརྟེན་ནས་སློབ་ཁྲིད་ཀྱི་མྱུར་ཚད་ལ་ཁག་ཐེག་བྱས་པ་རེད། ཡིན་ནའང་། སློབ་ཁྲིད་སྐབས་སུ་དཀའ་གནད་འགའ་ཤས་བྱུང་བཞིན་ཡོད་པས་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཁག་ཐེག་བྱེད་ཐུབ་ཀྱིན་མེད་པར་བརྟེན་སློབ་མའི་སློབ་སྦྱོང་གི་ཆུ་ཚད་ལའང་བར་ཁྱད་བྱུང་། སློབ་ཁྲིད་སླར་གསོ་བྱས་རྗེས་སློབ་མ་ཚང་མ་ཆེས་མགྱོགས་པོའི་སྒོ་ནས་སློབ་ཁྲིད་ཀྱི་རྗེས་ཆོད་ཐུབ་པའི་ཆེད་དུ། མ་གཞི་དངོས་ལུགས་དགེ་རྒན་ཡིན་པའི་སྒྲོལ་མ་མཚོ་མོ་སློབ་མ་ཚོའི“བསླབ་ཚན་ཁག་ཡོངས་ཀྱི་དགེ་རྒན”བྱས།

རྫས་འགྱུར་དང་། སྐྱེ་དངོས། རྩིས་རིག་གི་དྲི་བ་གང་ཞིག་ཡོད་རུང་སློབ་མ་ཞིག་གིས་མོ་བཙལ་ནས་ཡོང་ཚེ་མོས་རེ་རེ་བཞིན་ལན་གསལ་བོར་འདེབས་པ་དང་། རྨང་གཞི་ཞན་པའི་སློབ་མར་འཕྲད་ཚེ། སྒྲོལ་མ་མཚོ་མོ་ཡིས་ད་དུང་རང་འགུལ་གྱིས་ཁོ་ཚོར་འབྲེལ་ཡོད་ཤེས་བྱ་རེ་རེ་བཞིན་ངང་རྒྱུད་རིང་པོས་འགྲེལ་བཤད་བྱེད་པ་དང་། དེའི་འཕྲོར་ཤེས་བྱའི་གནད་དང་འབྲེལ་ནས་དྲི་བར་ལན་འདེབས་པ་ཡིན།

སྒྲོལ་མ་མཚོ་མོས་སེམས་ཞིབ་མོས་ཟུར་ཁྲིད་བྱས་པ་བརྒྱུད། ཁོ་མོའི་འཛིན་གྲྭའི་སློབ་མ་རྣམས་ཀྱང་སློབ་ཁྲིད་ཀྱི་རྗེས་ཆོད་ཐུབ་པ་བྱུང་། སློབ་མ་འཆི་མེད་ཚེ་བརྟན་གྱིས་བཤད་རྒྱུར། “དགེ་རྒན་སྒྲོལ་མས་འདྲི་གཞི་བཤད་སྐབས་ངང་རྒྱུད་རིང་ཞིང་ཞིབ་ཆ་ལྡན་པ་དང་། ངས་དྲ་ཐོག་ནས་སློབ་ཁྲིད་ལ་ཉན་སྐབས་ཧ་མི་གོ་བའི་གནད་རྣམས་ལ་རྟགས་བརྒྱབ་ཡོད་པས། ད་ལྟ་སློབ་ཁྲིད་སླར་གསོ་བྱས་པ་ན་ཧ་མི་གོ་བའི་གནད་རྣམས་དགེ་རྒན་བཙལ་ནས་དྲིས་པ་དང་། ཚོར་བ་ཞིག་ལ་རང་གི་ཤེས་བྱའི་རྨང་གཞི་ཇེ་བརྟན་དུ་ཕྱིན་པ་དང་། དྲན་ཤེས་ཀྱང་སྔར་ལས་ཇེ་བཟང་དུ་སོང་བའི་སྣང་བ་བྱིན”ཟེར།

མཐོ་སྒང་གི་གཙང་ཆུའི་འགྲམ་ངོགས་སུ་གནས་པའི་སློབ་གྲྭ་དེ་ཡིས་སློབ་མ་མང་པོའི་སེམས་ཁོངས་སུ་རེ་བའི་ས་བོན་བཏབ་པ་དང་། དུས་བཞིའི་བསིལ་རླུང་གིས་རེ་སྒུག་ཁྲོད་ཀྱི་མེ་ཏོག་དང་ན་གཞོན་རེ་རེའི་ཕུགས་བསམ་ལ་བྱིལ་བྱིལ་བྱེད་བཞིན་འདུག

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།