ཀུན་སྤྱོད་བློ་སྦྱོང་དང་ལག་རྩལ་པའི་ཆེད་ལས་སློབ་གསོའི་ཤེས་ལྡན་པའི་འབྱུང་གནས།
2022.12.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

མཚོ་སྔོན་ཚྭ་འདམ་གཞོང་སའི་ལས་རིགས་ལག་རྩལ་སློབ་གླིང་དུ་བཅར་འདྲི་བྱས་པའི་ཉིན་ཤས་ནང་། རིག་གཞུང་སྙན་ཞུ་ཚོམས་ཆེན་གྱི་ཀྲུའུ་ཞི་སྟེགས་བུའི་མདུན་གྱི“དུས་ནམ་ཡང་ཏང་གི་རྗེས་སུ་འབྲངས”ཞེས་པའི་ཡིག་འབྲུ་དེ་དག་གིས་གསར་འགོད་པར་བག་ཆགས་ཟབ་མོ་ཞིག་བཞག་སོང་། བཅར་འདྲི་བྱེད་པའི་གོ་རིམ་ཁྲོད་དུ། གསར་འགོད་པར་སློབ་གླིང་དེ་རུ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དང་མཉམ་འདྲེས་རྣམ་པའི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སློབ་གསོའི་འདུ་ཤེས་གང་སར་ཡོད་པ་དེས་མྱོང་ཚོར་ཟབ་མོ་སྦྱིན།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་པ་ནས་བཟུང་། ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གི་གོང་འོག་བར་གསུམ་ཚང་མས་དྲ་ཐོག་དང་དྲ་ཕྱི་གང་རུང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཚ་རླབས་ཤིག་རྒྱུན་ཆད་མེད་པར་བསླངས་ནས།  དགེ་སློབ་ཕན་ཚུན་བར་དང་སྡེ་ཁག་ཕན་ཚུན་བར་མཉམ་དུ་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་གཅིག་སྡུད་ཐོག་འཆད་འགྲེལ་ཐེངས་དང་པོ་བྱས་པ་དེའི་ཐོག་ནས། ཏང་གིས་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་བྱ་བ་སྔར་མེད་ཀྱི་མཐོ་ཚད་དུ་བཞག་པ་མཚོན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ཉན་སྐབས་ཚང་མས་འགྱུར་ལྡོག་དེར་དོ་སྣང་ཆེན་པོ་བྱས་ཡོད་ལ་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་སློབ་གླིང་དེའི་ཏང་ཨུའི་ཧྲུའུ་ཅི་མ་ཡན་ཕེ་ཡིས་བཤད།

རྫས་འགྱུར་བཟོ་སྐྲུན་སྡེ་ཁག་གི་ཀྲུའུ་རིན་སུང་ཞིག་ཧྭ་ཡིས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུའི་ཐད་འཆད་འགྲེལ་གལ་ཆེན་བྱས་ནས་ལས་རིགས་སློབ་གསོའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་པ་རེད།  དེ་ཡིས་སྡེ་ཁག་གི་ཀྲུའུ་རིན་ཡིན་པའི་ངོས་ནས་ཁོ་ལ་འགན་འཁྲི་དང་ལས་འགན་ལྗིད་པའི་མྱོང་ཚོར་ཟབ་མོ་བྱུང་སོང་ཟེར།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་བརྒྱུད། གསར་དུ་ལས་གནས་སུ་ཞུགས་པའི་དགེ་རྒན་ཀུའུ་ཞའེ་ལེ་ལ་མཚོན་ན། ལས་རིགས་སློབ་གསོ་དེ་ཁེར་རྐྱང་དང་བཀག་སྡོམ་གྱི་རང་ངོས་འཁོར་རྒྱུག་མ་ལག་ཅིག་མིན་པར། སྒོ་འབྱེད་དང་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གསོ་དང་སྤྱི་ཚོགས་ལས་རིགས་སོ་སོ་དང་འབྲེལ་བ་དམ་ཟབ་ཡོད་པའི་སློབ་གསོའི་རིགས་ཤིག་ཡིན་པ་དང་། རྒྱལ་ཁབ་ཀྱི་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་གསར་གཏོད་མ་ལག་ཁྲོད་ཀྱི་སྐྱེ་ལྡན་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་ཉན་པ་ན། མེས་རྒྱལ་གྱིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མཐོང་བས། མི་སེམས་ལ་འབད་འབུངས་ཡར་བརྩོན་བྱེད་པར་སྐུལ་མ་ཐེབས་ཤིང་།  ང་ཚོར་དེང་སྐབས་ལ་གཞི་ཚུགས་ནས་འཇོན་ཐང་ཡག་པོ་སྦྱངས་ནས་ཕྱིན་ཆད་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་མ་ཐེབས་བྱུང་ཞེས་ཉིས་སྟོང་ཉེར་གཉིས་ལོའི་སློབ་སྔོན་སློབ་གསོའི་སྡེ་ཁག་གི་སློབ་མ་ལུའུ་ཡ་ཧྥང་གིས་བཤད།

གླེང་མོལ་བྱེད་སྐབས། སློབ་གླིང་གི་མགོ་ཁྲིད་ལས་བྱེད་པ་དང་ཚབ་ཁྲིད་དགེ་རྒན། དེ་མིན་སློབ་མ་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁོ་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས་རྗེས་ཀྱི་ཚོར་སྣང་ངོ་མ་དེ་བརྗོད་བྱུང་།

“ཉེ་བའི་ལོ་ཤས་རིང་། སློབ་གླིང་དེས་ལས་བཟོ་བ་ཡོངས་གསོ་སྐྱོང་བྱེད་པ་དང་བརྒྱུད་རིམ་ཧྲིལ་པོར་མི་སྣ་གསོ་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་བ་དང་། མི་སྣ་གསོ་སྐྱོང་བྱེད་པའི་གླེང་ཕྱོགས་དང་གནད་དོན་གྱི་གླེང་ཕྱོགས་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། སློབ་ཚན་གྱི་བསམ་བློ་གཏོང་ཕྱོགས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།  མ་ཡན་ཕེ་ཡིས་གོ་རིམ་རྗེས་མར་སློབ་གླིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་དཔེ་ཁྲིད་མི་སྐྱོང་དང་ཚན་རིག་ཞིབ་འཇུག སློབ་གྲྭ་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་པར་བྱས་ནས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་བསམ་བློ་ཀུན་སྤྱོད་སློབ་གསོ་དང་རིག་གནས་ཤེས་བྱའི་སློབ་གསོ།  སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་ཀྱི་མ་ལག་སོ་སོའི་ནང་ཁྱབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། མཉམ་འདྲེས་ངང་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་གནད་འགག་ལས་སྒྲོལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་མཐུན་སྦྱོར་གསར་གཏོད་བྱེད་རྒྱུར་སྤྱི་འདོམས་བྱས་ནས་ལས་རིགས་དང་ཐོན་ལས། སློབ་གསོ་བཅས་མཉམ་འདྲེས་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས། ཚན་སློབ་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་ལས་རིགས་སློབ་གསོའི་རིགས་ཀྱི་ངེས་གནས་ཇེ་ལེགས་སུ་གཏོང་དགོས་ཞེས་བསྟན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོར་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེན་མོའི་འགྲན་བསྡུར་རྣམ་གྲངས13ལ་ཞུགས་ཡོད་པ་རེད། དེའི་ནང་མཐོ་རིམ་ལས་རིགས་སློབ་གསོའི་ཚན་ཆུང་གི་འཕྲུལ་ཆས་ཀྱི་མཐོང་ཚོར་བཀོལ་སྤྱོད་འགྲན་བསྡུར་རྣམ་གྲངས་ལ་དངུལ་གྱི་རྟགས་མ་ཐོབ་པ་དང་། མཐོ་རིམ་ལས་རིགས་སློབ་གླིང་གི་རྫས་འགྱུར་ཚོད་ལྟའི་ལག་རྩལ་འགྲན་བསྡུར་རྣམ་གྲངས་དང་རྫས་འགྱུར་བཟོ་ལས་ཐོན་སྐྱེད་ལག་རྩལ་འགྲན་བསྡུར། འབྲིང་རིམ་ལས་རིགས་ཚན་ཆུང་གི་རྫས་འགྱུར་བཟོ་ལས་ཐོན་སྐྱེད་ལག་རྩལ་འགྲན་བསྡུར་རྣམ་གྲངས་བཅས་ལ་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་རེད། གླེང་རིན་ཡོད་པ་ཞིག་ནི་དགེ་རྒན་གྱི་སློབ་ཁྲིད་ནུས་པའི་ཚན་ཆུང་ཁྲོད། འཕྲུལ་གློག་བཟོ་སྐྲུན་ཚན་ཁག་གི་ཀྲང་ཕིན་ཕིན་ཚོགས་པའི་བརྩམས་ཆོས《མཐོ་རིམ་ལས་རིགས་སློབ་གྲྭའི་ཆེད་ལས་སློབ་ཚན་ཏེ། འདྲེ་ཚེར་མའི་མ་གཞིའི་ཁུ་ལྡན་ཤེལ་དམ་སྒྲིག་ཆས་སྒྲིག་སྦྱོར་སྙོམས་སྒྲིག》ཅེས་པར་རྒྱལ་ཡོངས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། གྲུབ་འབྲས་དེ་ལ་ཚད་བརྒལ་རང་བཞིན་གྱི་དོན་སྙིང་ལྡན་པ་རེད། དེ་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གླིང་དུ་རྒྱལ་ཁབ་འགྲན་བསྡུར་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན་གྱི་སློབ་ཁྲིད་ཚོགས་པ་འབའ་ཞིག་ཀྱང་རེད།

འཁྱགས་པའི་བང་རིམ་མང་པོ་དེ། ཉིན་གཅིག་གྲང་བས་ཆགས་པ་མིན། ཐིགས་པས་རྡོ་ལ་ཨི་ཁུང་འབིགས་རྒྱུ་དེ། ཉིན་གཅིག་རིང་གི་བྱས་རྗེས་མིན། གཟི་བརྗིད་མཚན་སྙན་དེས་སློབ་གླིང་གི་ལས་རིགས་སློབ་གསོའི་ལོ་བཅུའི་རིང་གི་དཀའ་སྤྱད་འབད་བརྩོན་གྱི་འགན་འཁྲི་དང་། སློབ་གླིང་གིས་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཅོས་སྒྱུར་གསར་གཏོད་བྱས་པའི་གསལ་འགྲེལ་ཡག་ཤོས་དེ་མཚོན་ཡོད་པ་རེད།

ལོ་མང་པོའི་རིང་སློབ་གླིང་དེས་སློབ་མའི་རྩལ་ནུས་འགྲན་བསྡུར་ཆེན་མོའི་སློབ་ཁྲིད་ཁྲོད་ཀྱི་གནས་བབ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རིམ་པ་སོ་སོའི་རྩལ་ནུས་འགྲན་བསྡུར་ཆེན་མོའི་ནང་ཞུགས་རྒྱུ་དེ་ལས་རིགས་སློབ་གསོའི་སྤུས་ཚད་ལ་ཞིབ་བཤེར་བྱེད་པའི་ཐབས་ལམ་དུ་བརྩིས་ནས་རྩལ་ནུས་འགྲན་བསྡུར་ཆེན་མོའི་གར་སྟེགས་དེ་བརྒྱུད་ནས། འགྲན་བསྡུར་ལ་བརྟེན་ནས་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་དང་།  རྩེ་རིམ་ཇུས་འགོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ཏེ།  ནུས་རྩལ་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་དང་ལས་རིགས་བྱེད་སྒོ་ཁྲིད་ཕྱོགས་སུ་འཛིན་པ། སློབ་གྲྭ་དང་ཁེ་ལས་མཉམ་ལས་རྨང་གཞིར་འཛིན་པ། ཕྱོགས་བསྡུས་ལས་རིགས་ནུས་པ་གསོ་སྐྱོང་གཙོ་གནད་དུ་འཛིན་པ་བཅས་བྱས། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་རྩལ་ནུས་བཀོལ་སྤྱོད་མཉམ་འདྲེས་བྱེད་པ། འཇོན་ནུས་གསོ་སྐྱོང་དང་ལས་གནས་བར་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པ། ལས་གནས་སུ་བྱ་བ་སྒྲུབ་པའི་རྩལ་ནུས་ཆེ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་བཅས་ཀྱིས་སློབ་མའི་རྩལ་ནུས་ཆེ་རུ་གཏོང་པ་དང་ལག་ལེན་གྱི་ཉམས་མྱོང་གསོག་འཇོག་བྱེད་པར་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་པ་རེད།

ཚྭ་འདམ་གཞོང་སའི་ལས་རིགས་ལག་རྩལ་སློབ་གླིང་དེ་མཚོ་ནུབ་ས་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གསོའི་སྣེ་ཁྲིད་པ་ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་བཅོས་སྒྱུར་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཆགས་སྟངས་ལ་འགྱུར་ལྡོག་གཏོང་བ། སློབ་གྲྭའི་རྨང་གཞིའི་འཛུགས་སྐྲུན་གྱི་འགྲོ་གྲོན་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། བྱང་ཚད་མཐོ་བའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་པ་དང་། དངོས་སྒྲུབ་ཀྱིས་ལས་རིགས་སློབ་གསོ་དེ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

ད་ལྟ་སློབ་གླིང་དེ་ནི་ནོར་དཔལ་ཚོང་དོན་དང་གློག་རྡུལ་ཆ་འཕྲིན། འགྲིམ་འགྲུལ་སྐྱེལ་འདྲེན། ཡུལ་སྐོར། ནུས་རྒྱུའི་སྒུལ་ཤུགས་དང་རྒྱུ་ཆ།  སྐྱེ་དངོས་དང་རྫས་འགྱུར་བཟོ་ལས།  བཟའ་བཅའ་དང་སྨན་རྫས། སྨན་བཅོས་འཕྲོད་བསྟེན། སྒྲིག་ཆས་བཟོ་སྐྲུན། ཐོན་ཁུངས་ཁོར་ཡུག་དང་བདེ་འཇགས་སོགས་རིག་ཚན་བཅུ་གཉིས་ཙམ་ཚུད་པའི་ཆེད་ལས་ཉི་ཤུ་ཡོད་པའི་དེང་རབས་ཅན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཏུ་གྲུབ་ཡོད་པ་རེད།

                                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།