ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་གིས་ཕྱུག་འགྱུར་གྱི་ཟམ་པ་འཕངས་ནས་དར་སྤེལ་གྱི་ལམ་དུ་བསྐྱོད།
2023.01.03 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

དགུན་སླེབས་པ་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྒ་སྐྱ་ལོ་རྩྭ་ཐང་ཡོངས་སུ་ཁ་བའི་གོས་ཀྱིས་གཡོགས་ཤིང་འཁྱགས་རླུང་འུར་འུར་དུ་ལྡང་།

མཚོ་འཕང་ལ་ཆ་སྙོམས་ཀྱིས་སྨི4500ཡན་ཡོད་པའི་གངས་ལྗོངས་མཐོ་སྒང་འདིར་མཚོན་ན་ནོར་ལུག་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་རྟེན་ཆེས་གལ་ཆེ་བ་དེ་རེད། ཉེ་ལམ། ཟོ་སྐྱ་ཡུལ་ཚོ་གཡག་ཆུ་སྡེ་བའི་ཁྱིམ་ཚང་གི་རྩྭ་སའི་བདག་པོ་ཨུ་སྐྱབས་ཁྱིམ་རྒྱུད་ཀྱི་ཁོངས་མི་གཞན་དག་དང་མཉམ་དུ་སང་ལོའི“དོན་ཆེན”ལ་འཆར་གཞི་འགོད་པར་བྲེལ་བཞིན་ཡོད།

“2022ལོར་རྫོང་ཐོག་གི་མཉམ་ལས་མཉམ་འབྲེལ་ཁང་གིས་རོགས་རམ་བྱས་པས་ང་ཚོས་ནོར་ལུག་ཕྱིར་འཚོང་གི་གནད་དོན་ཐག་གཅོད་བྱེད་ཐུབ་སོང”ཞེས་ཨུ་སྐྱབས་ཀྱིས་དེ་ལྟར་བཤད། ཨུ་སྐྱབས་ཚང་ནི་བཟའ་མི57ཡོད་པའི་མི་རབས་བཞི་འཛོམས་ཀྱི་ཁྱིམ་རྒྱུད་ཆེན་པོ་ཞིག་རེད། ཁྱིམ་ཚང་རེ་རེས་འགྲིག་མཐུན་གྱིས་ནོར་ལུག་འཚོས་པས། ཁྱིམ་ཚང་གི་རྩྭ་ར་ཆེན་པོ་ཞིག་གྲུབ་པ་དང་། ནོར་སྟོང་གཅིག་ལྷག་དང་ལུག་སྟོང་གསུམ་ལྷག་ཙམ་ནི་ཁྱིམ་རྒྱུད་འདིའི་ཐུན་མོང་གི་རྒྱུ་ནོར་རེད།

འདི་ལྟ་བུའི་ནོར་ལུག་གི་གྲངས་འབོར་ལ་དམིགས་ཏེ། ལོ་རེའི་ཕྱིར་བཙོངས་ཚད་ལ་ཇི་ལྟར་འགན་ལེན་པ་ནི་ཨུ་སྐྱབས་ཁྱིམ་མི་གང་བོས་ལོ་རེར་སེམས་ཁུར་བྱེད་དགོས་པའི་དོན་ཆེན་དུ་གྱུར་ཡོད།“ནོར་ལུག་མང་ནའང་ལན་རེར་སྡུག་བསྔལ་ཞིག་ཀྱང་འདུག”ཅེས་ཨུ་སྐྱབས་ཀྱིས་སེམས་ཀྱི་སྐད་ཆ་དྲང་མོར་བཤད།“ལོ་རེའི་དགུན་ཁ་སླེབས་ཐེངས་རེར་གངས་ཀྱིས་རྩྭ་ཐང་གཡོགས་པས་ནོར་ལུག་ལ་ཟ་རྒྱུ་མེད། དུས་ཐོག་ཏུ་གཟན་ཆས་མ་བྱིན་ཚེ་ནོར་ལུག་གི་ཤ་ཤེད་ལྷུང་འགྲོ་བས། ཁ་བཀང་བའི་ནོར་ལུག་དུས་ཐོག་ཏུ་བཙོངས་ནས་གྱོང་གུན་ལ་གཡོལ་དགོས། དེའི་ཁར། ད་ལོ་རིམས་ནད་ཡང་དང་བསྐྱར་དུ་བྱུང་བས་ཕྱིར་འཚོང་ལ་དཀའ་ངལ་ཡོད”ཅེས་རང་ཚང་གི་ནོར་ལུག་ལ་ལྟ་ཞོར་དུ་ཨུ་སྐྱབས་ལ་སེམས་ཚེགས་ཤིག་བྱུང་།

ནོར་ལུག་བཙོང་དཀའ་བའི་གནད་དོན་གྱིས་ཨུ་སྐྱབས་ཚང་ལ་དཀའ་ལས་བཟོས་པར་མ་ཟད། འབྲོག་པ་གཞན་དག་ཀྱང་དེ་མཚུངས་ཀྱི་གནད་དོན་ཅི་རིགས་དང་འཕྲད་ཡོད། གཞན་ཡང་འབྲི་སྟོད་རྫོང་ནི་ནོར་ལུག་ཕྱིར་འཚོང་གི་རྫོང་ཆེན་ཞིག་ཡིན་པའི་ངོས་ནས་ལོ་རེའི་ཕྱིར་འཚོང་བའི་ལས་འགན་ཧ་ཅང་གལ་ཆེ།

གོང་གི་གནད་དོན་འདི་དངོས་གནས་ཐག་གཅོད་པ་དང་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ལ་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཆེད། རྫོང་རིམ་པའི་མཉམ་ལས་མཉམ་འབྲེལ་ཁང་གིས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འབོད་སྐུལ་འོག ཉེ་འགྲམ་གྱི་རྫ་སྟོད་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཏེ། ཐོན་ཁུངས་གཅིག་འདོམས་དང་སྡེབ་ཉོ་སྡེབ་འཚོང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ལ། ཕྱོགས་གཅིག་ནས་རྫ་སྟོད་རྫོང་སྲིད་གཞུང་དང་མཉམ་དུ་ཁྲོམ་རའི་དགོས་མཁོ་ཤེས་རྟོགས་བྱས་ཏེ་ཕྱུགས་ཟོག་ཕྱིར་འཚོང་གི་གྲངས་འབོར་གཏན་འཁེལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་མཉམ་འབྲེལ་བྱས་ཏེ་ཕྱུགས་ཟོག་ཕྱིར་བཙོང་གི་ལས་འགན་སྤྲད་པར་མ་ཟད། རྫོང་རིམ་པའི་མཉམ་ལས་མཉམ་འབྲེལ་ཁང་གིས་གཅིག་གྱུར་གྱིས་ཉོས་ནས་གཅིག་སྡུད་སྒོས་རྫ་སྟོད་ཁྲོམ་རར་བཙོངས།

ཞབས་ཞུ་སྔར་ལས་ཇེ་ལེགས་སུ་གཏོང་ཆེད། འབྲི་སྟོད་རྫོང་སྲིད་གཞུང་གིས་སྒོར་ས་ཡ་གཉིས་བཏང་ནས་ཕྱུགས་ལས་ཐོན་རྫས་འཚོང་བའི་ཕྱོགས་ལ་བཀོལ་བ་དང་། འབྲོག་པ་མང་ཚོགས་ལ་ཕྱིར་འཚོང་གི་ཤུགས་ཚད་ཆེ་རུ་གཏོང་བར་སྐུལ་ལྕག་བཏང་ཞིང་། སྲིད་གཞུང་གིས་རིན་གོང་ཁ་གསབ་བྱེད་པ་དང་སྐྱེལ་འདྲེན་འགྲོ་གྲོན་ཁ་གསབ་བྱས་ཏེ། ཕྱུགས་ལས་ཐོན་རྫས་རྫོང་གཉིས་ཀྱི་རིན་གོང་གཅིག་མཚུངས་ཀྱི་ཐོག་ནས་འཚོང་བ་མངོན་འགྱུར་བྱས་ཤིང་། ཕྱུགས་ལས་ཐོན་རྫས་བརྟན་བརླིང་ངང་འཚོང་བར་དངོས་གནས་ཁག་ཐེག་བྱས།

ཨུ་སྐྱབས་ཚང་གིས་ཀྱང་མཉམ་ལས་མཉམ་འབྲེལ་ཁང་གི་རོགས་རམ་འོག་ནོར་ལུག་བསྡོམས་པས་ཉིས་བརྒྱ་བཙོངས། ནོར་ལུག་བཙོངས་བའི་ཉིན་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། “སྲིད་གཞུང་གིས་ང་ཚོར་ཕྱིར་འཚོང་གི་ཐབས་ལམ་ཐག་བཅད། ང་ཚོས་ནོར་ལུག་ཚོན་པོར་གསོས་པས་ཆོག ཉིན་དེར་ཁོ་ཚོས་ནོར་ལུག་ཉོ་སྐབས་ངེད་ཚང་གི་ནོར་ལུག་གི་སྤུས་ཚད་ཡག་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱིན་འདུག”ཅེས་ཨུ་སྐྱབས་ཀྱི་གདོང་ལ་དགའ་བའི་འཛུམ་མདངས་རྒྱས་ནས་དེ་ལྟར་བཤད།

དེ་ལས་གཞན་འབྲི་སྟོད་རྫོང་གིས་རང་ཡུལ་གྱི་ཁྲོམ་རའི་རིན་གོང་ཐོག་ནས་རྫ་སྟོད་ཁྲོམ་རར་བཙོངས་བར་མ་ཟད། སྐམས་ལུག་ཤའི་ནད་ཡམས་ཞིབ་བཤེར་བྱས་པའི་ཡི་གེ་བསྟན་ནས་ཟས་རིགས་བདེ་འཇགས་དང་བདེ་ཐང་ལ་ཁག་ཐེག་ནན་མོ་བྱས། རྫ་སྟོད་རྫོང་གིས་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་ས་འདོན་སྤྲོད་བྱས་པར་མ་ཟད། ཁྲོམ་རའི་རིམས་འགོག་བྱེད་ཐབས་བདེ་འཇགས་དང་བློས་འགེལ་ཆོག་པར་འགན་ལེན་བྱས་ནས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ཞིང་ཚོང་ལམ་རྒྱ་བསྐྱེད། རྫོང་གཉིས་པོས་མཉམ་ལས་ཧུར་ཐག་བྱས་པ་བརྒྱུད་ཁྲོམ་རའི་མཁོ་འདོན་ནུས་ལྡན་གྱི་སྦྲེལ་མཐུད་བྱེད་པ་དང་། ཐོན་ཁུངས་ལེགས་ཆ་མཉམ་སྤྱོད་དང་གསབ་རེས་ཐུབ་པ། འབྲོག་པ་མང་ཚོགས་ལ་ཕྱོགས་ཡོངས་ནས་ཕན་ཐོགས་པ་བཅས་ཀྱི་རྣམ་པ་ཞིག་མངོན་འགྱུར་བྱུང་།

ནོར་བུ་ནི་སྟོད་ཚེ་ཡུལ་ཚོ་སྟག་སེང་སྡེ་བའི་སྡེ་བ་རིམ་པའི་མཉམ་ལས་ཁང་གི་དོ་དམ་པ་གཙོ་བོ་ཡིན། དུས་མཚུངས་སུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཡང་ཁུར་ཡོད། རྫ་སྟོད་རྫོང་དུ་བཙོངས་པའི་ནོར་ལུག་སྐོར་དང་པོ་དེའི་ནང་གི་ཁག་གཅིག་ནི་ཁོ་ཚོའི་སྡེ་བའི་མཉམ་ལས་ཁང་གི་རེད། སྡེ་བ་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་གྱི་ཁྱིམ་ཚང་མི་ཉུང་བ་ཞིག་སྡེ་བའི་མཉམ་ལས་ཁང་གི་ནང་དུ་ཞུགས་ཡོད། ཐེངས་འདིར་ནོར100ལྷག་ཙམ་བཙོངས་པས་མཉམ་ལས་ཁང་ལ་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བྱུང་། ནོར་བུ་ཡིས“ད་ཐེངས་བཙོངས་པ་དེ་ནི་དུས་ཐོག་ཆར་བ་ལྟར་སྡེ་མི་རྣམས་ལ‘སེམས་བདེ་རིལ་བུ’ཞིག་བཟའ་རུ་བཅུག་པ་དང་འདྲ་ལ་ཚང་མའི་བསམ་པ་ཕྱོགས་གཅིག་ལ་འཁོར་དུ་བཅུག ལྷག་ཏུ་སྲིད་གཞུང་དང་མཉམ་ལས་ཁང་ལ་ཡིད་ཆེས་ཡོད་པར་གྱུར། ལོ་མཇུག་ཁེ་སྤོགས་བགོ་སྐབས་སྡེ་མི་རྣམས་ཀྱི་གདོང་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད”ཅེས་བཤད།

འབྲི་སྟོད་རྫོང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་མཉམ་འབྲེལ་ཁང་དེ་ནི་སྲིད་གཞུང་ཁོངས་གཏོགས་ཀྱི་ཁེ་ལས་ཤིག་ཡིན་པས་འབྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་མང་ཚོགས་ཀྱི་དཀའ་སྡུག་ངོ་མ་སེམས་སུ་བཟུང་བ་དང་། མང་ཚོགས་ཀྱི་དགོས་མཁོ་ནི་ཁོ་ཚོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་འབད་བརྩོན་གྱི་དམིགས་འབེན་ཡིན་པས་སེམས་བསམ་པ་དང་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི“དཀའ་ཉེན་དང་རེ་སྒུག”ཐག་བཅད་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་རླབས་ཆེན་གྱི་རི་མོ་ཇེ་མཛེས་སུ་བཏང་བ་རེད། གསར་འགོད་པས་ཤེས་གསལ་ལྟར་ན། 2022ལོའི་ལོ་མཇུག་བར་དུ། འབྲི་སྟོད་རྫོང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་མཉམ་འབྲེལ་ཁང་གིས་ཐད་ཀར་བར་བརྒྱུད་ཀྱིས་སྐམས་ལུག་ཤ་ཏུན800བཙོངས་པ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།