ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཝ་འཇོག་རྩྭ་ཐང་དུ་ཁྱབ།
2023.01.04 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 21

གྲང་ངར་ཆེ་བའི་དགུན་གཞུང་དུ་ཝ་འཇོག་ཡུལ་ཚོ་ཏང་ཨུའི་ཚན་ཁག་གི་ཁོངས་མི་རྣམས་བསྟུད་མར་ཉིན་ཤས་ཀྱི་རིང་དུ་རྩྭ་ཐང་གི་ཡུལ་ལུང་སོ་སོར་སོང་ནས། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་འབྲོག་པ་མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་བོའི་དགོངས་དོན་ཚོར་ཐུབ་པར་བྱས།

ཡུལ་ཚོ་དེའི་ཏང་ཨུའི་ཚན་ཁག་གིས་མི་རིགས་མང་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བོད་སྐད་དང་སོག་སྐད་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་མ་ཡིག་ཁྱིམ་ཚང་རེ་རེ་ནས་སྒྲོག་འགྲེལ་དང་ཀློག་འགྲེལ་བྱས་ཤིང་། མང་ཚོགས་གིས་སློབ་སྦྱོང་ངོ་མ་དང་གོ་བ་གཏིང་ཟབ་ལོན་པར་ཁྲིད་སྟོན་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཕུན་སུམ་ཚོགས་པའི་དགོངས་དོན་གྱི་བསྟན་དོན་སྣ་ཚོགས་མི་སེམས་ལ་འཇགས་པར་བྱས།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་།  ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་སྤེལ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས” ཞེས་བསྟན་ཡོད་ཅེས་སྒྲོག་འགྲེལ་ས་ཚིགས་སུ་ཝ་འཇོག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཞའོ་ལུང་གིས་ནན་ཏན་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི་རོང་འབྲོག་ཁུལ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་འགྲེལ་བཤད་རྒྱག་སྐབས་དེ་ལྟར་བཤད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ལ་ཉན་རྗེས་ངར་ཤུགས་ཆེ་རུ་ཕྱིན་པ་དང་མ་འོངས་པའི་ཕྱུགས་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས། བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་རྒྱུར་ཡིད་ཆེས་ཡོད། ཆུ་ཁོལ་སྡེ་བའི་གསོ་སྤེལ་ཁྱིམ་ཚང་ལིའུ་ཀྲན་ལུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་འདས་ཟིན་པའི་ལོ་ལྔའི་ནང་ཐོབ་པའི་གྲུབ་འབྲས་དང་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་བརྗོད་ཡོད། ཉེ་བའི་ལོ་ཤས་རིང་ཏང་གི་ཐུགས་ཁུར་འོག ང་ཚོ་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་རྒྱལ་ཁབ་ཀྱིས་ལས་གཏོད་མཁན་ལ་དངུལ་བུན་དང་སྲིད་ཇུས་ཀྱི་རོགས་སྐྱོར་སྔར་ལས་མང་བ་བྱས་ནས་ང་ཚོའི་གསོ་སྤེལ་ཁྱིམ་ཚང་ལ་ཕྱུག་འགྱུར་གྱི་སྒོ་མོ་ཕྱེས་ནས་བྱ་གཞག་གསར་གཏོད་བྱེད་འདོད་ཡོད་པའི་ན་གཞོན་སྔར་ལས་མང་པོར་ལས་གཏོད་ཀྱི་ཡིད་ཆེས་ཐོབ་པར་བྱས་ཏེ་ཕྱུག་འགྱུར་གྱི་ལམ་བུ་གསལ་སྟོན་བྱས་པས་རོང་འབྲོག་པའི་ཡོང་སྒོ་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་ཟེར།

སྒྲོག་འགྲེལ་ལ་ཉན་རྗེས། མདའ་བཞི་སྡེ་བའི་ཏང་ཡོན་རྒན་པ་མཁའ་བྷོས་ཏང་ནང་ཞུགས་ནས་ལོ་ངོ30སོང་ཚུན། ངས་ཏང་གི་འཕེལ་རྒྱས་བརྒྱུད་རིམ་དངོས་སུ་མཐོང་བྱུང་། ཏང་དང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག་ཀྲུང་གོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་དང་སྡོད་ཁང་གི་གནད་དོན། ལས་ཞུགས་ཀྱི་གནད་དོན། རྒན་གསོ་སོགས་མི་མང་པོ་ཞིག་གིས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ཡོད། ད་ལྟ་ཁྱིམ་ཚང་ཚང་མར་གློག་དང་ལམ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་དང་ཁང་བ་ཡོད་པ། སྨན་བཅོས་རྒན་གསོ་ལ་འགན་ལེན་ཡོད་པ། ཁྱིམ་ཚང་ཕྱུག་པོར་གྱུར་བ། འཚོ་བར་རེ་བ་ཡོད་པར་གྱུར་ཡོད་ཟེར།

ད་ལྟ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ང་ཚོར་འདྲི་རྒྱུགས་ཀྱི་ལམ་བུ་གསར་བ་གཏན་འཁེལ་བྱས་པར་མ་ཟད། ང་ཚོས་ལས་སྒྲུབ་ལས་གཏོད་བྱས་ཏེ་འཕེལ་རྒྱས་དོན་གཉེར་བྱེད་པར་བློ་བདེ་སེམས་སྐྱིད་ཀྱི་མན་ངག་ཀྱང་གནང་ཡོད།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ལོ་ལྔའི་རིང་ཀྲུང་གོར་ཐོབ་པའི་གྲུབ་འབྲས་རླབས་ཆེན་དང་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ལམ་བུ་གསལ་སྟོན་བྱས་ཡོད་ལ། ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པའི་ངོས་ནས་བརྗོད་ན་མྱོང་ཚོར་ཟབ་མོ་བྱུང་། ལོ་ལྔའི་སྔོན་ང་ད་དུང་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཁྱིམ་ཚང་དབུལ་བོ་ཞིག་ཡིན། ཏང་གི་ཐུགས་ཁུར་དང་དམངས་ཕན་སྲིད་ཇུས་སོ་སོའི་རོགས་སྐྱོར་འོག་ང་རང་དབུལ་ཐར་བྱུང་སོང་། ད་ལྟ་ང་ལ་རླངས་འཁོར་དང་སྡོད་ཁང་། བྱ་བ་བཅས་ཡོད་པས་འཚོ་བའི་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད་ཅེས་ཝ་མདོ་སྡེ་བའི་དབུལ་ཐར་ཁྱིམ་ཚང་ཚེ་རིང་རྒྱལ་གྱིས་དེ་ལྟར་བཤད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་དུ། ཝ་འཇོག་རྩྭ་ཐང་གི་སྐྱེ་ཁམས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ་དང་། འབྲོག་པའི་ཡོང་སྒོའི་ཐབས་ལམ་རྒྱ་ཆེར་ཕྱིན་པ། འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ། འབྲོག་ཁུལ་གྱི་མཛེས་སྡུག་དང་ཕྱུགས་ལས་དར་རྒྱས། འབྲོག་པ་ཕྱུག་འགྱུར་བཅས་ཀྱི་འབྱོར་འབྲིང་འཚོ་བའི་རྣམ་པ་གསར་བ་ཞིག་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་མངོན་ཡོད།

མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས་ཀྲང་ཞའོ་ལུང་གིས། ཝ་འཇོག་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་མ་འོངས་པའི་བྱ་བའི་ཁྲོད་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསུང་དབྱངས་ང་ཚོ་འབྲོག་ཁུལ་གྱི་མི་དམངས་མང་ཚོགས་ཚང་མའི་སེམས་སུ་བརྒྱུད་སྤྲོད་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མ་འོངས་པའི་ཐོན་སྐྱེད་དང་འཚོ་བར་མང་ཚོགས་ལ་ཡིད་ཆེས་ཀྱིས་ཁེངས་སུ་འཇུག་རྒྱུ་ཡིན་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་འབྲོག་ཁུལ་གྱི་མཛེས་སྡུག་དང་ཕྱུགས་ལས་སྟོབས་ལྡན། འབྲོག་པ་ཕྱུག་འགྱུར་བཅས་མངོན་འགྱུར་ཡོང་བ་བྱེད་རྒྱུ་ཡིན་ཞེས་བཤད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་པ་ནས་བཟུང། ཝ་འཇོག་ཡུལ་ཚོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་མྱོང་ཚོར་གླེང་བ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དང་སློབ་སྦྱོང་བྱས་ཏེ། འབྲོག་པ་མང་ཚོགས་རྣམས་སློབ་སྦྱོང་ནང་ཞུགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་མང་ཚོགས་ཀྱི་སེམས་སུ་འཇགས་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་ད་དུང་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དང་བདེ་བརྟན་མདའ་བཞི་དྲ་བའི་སྤྱི་སྟེགས་སོགས་དྲ་ཐོག་སྨྱན་སྦྱོར་བརྒྱུད་དེ། ཏང་ཡོན་ལས་བྱེད་པས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་གོ་བ་ཡང་དག་ལེན་པ་དང་ཤེས་རྟོགས་འབྱུང་ཐུབ་པར་འགན་ལེན་བྱས།

                                                                རྩོམ་སྒྲིག་པ། གཡང་འབུམ་རྒྱལ།