སྤྱོད་ཚུལ་འཛིན་དགོས་ན་ངེས་པར་དུ་དོན་དངོས་བསྒྲུབ་དགོས།
2023.01.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

 ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛིན་དགོས་ན་ངེས་པར་དུ་དོན་དངོས་བསྒྲུབ་དགོས། ཡོད་ཚད་མི་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་བསམ་པ། འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་ལམ་ལུགས་ལག་བསྟར་བྱེད་པ་སོགས་མང་ཚོགས་ཀྱི་རེ་འདུན་དང་འདོད་བློར་རྒྱུས་ལོན་བྱེད་པའི་གོ་རིམ་ཁྲོད། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་བྱས་ནས། སྔར་ལས་བཟང་པོའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དོན་ངོ་མས་མང་ཚོགས་ཀྱི་སེམས་ཁུར་དང་དཀའ་སྡུག་སེལ་རོགས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ནན་ཏན་གྱིས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། དོན་དངོས་སྒྲུབ་པའི་གོ་རིམ་ཁྲོད་སྔར་ལས་འཇོན་ཐང་ལྡན་པ་དང་སྤྱོད་ཚུལ་ལེགས་བཅོས།  དམངས་སེམས་གཅིག་བསྒྲིལ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ན། གསར་བརྗེ་བྱེད་པ་དང་འཛུགས་སྐྲུན་བྱེད་པ། བཅོས་བསྒྱུར་བྱེད་པ་བཅས་ཀྱི་སྐབས་དང་། ཡང་ན་ཆུ་ལོག་དང་ས་འགུལ།  རིམས་ནད་བཅས་སྔོན་འགོག་བྱེད་པ་གང་གི་སྐབས་སུའང་། ང་ཚོའི་ཏང་གིས་རྒྱལ་ཁ་ཡང་ནས་ཡང་དུ་ལེན་ཐུབ་དོན་ནི་གཙོ་བོ་གུང་ཁྲན་ཏང་མི་ལ་དངོས་འཛིན་ནན་སྒྲུབ་དང་དངོས་གཉེར་བྱེད་པ་མི་དམངས་ཀྱི་ཆེད་ཡིན་པའི་སྤྱོད་ཚུལ་བཟང་པོ་ཞིག་ཡོད་པས་རེད། ཐོག་མཐའ་བར་གསུམ་དུ་མི་དམངས་ཆེས་མཐོ་བའི་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་ཡོད་པས།  ང་ཚོའི་ཏང་ལ་མི་དམངས་ཀྱི་ཆེས་རྒྱ་ཆེ་བའི་རམ་འདེགས་དང་བརྩི་སྲུང་ཐོབ་ཡོད། ལོ་རྒྱུས་ཀྱིས་ང་ཚོར་དུས་རབས་གསར་པའི་མང་ཚོགས་ཀྱི་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་དགོས་ན་སྤྱོད་ཚུལ་འཛུགས་སྐྲུན་སྔར་བས་ལེགས་པོར་འཛིན་དགོས་པ་གསལ་བོར་བསྟན་ཡོད། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ནི་འདས་ཟིན་པ་དང་ད་ལྟ།  མ་འོངས་པ་བཅས་གང་ཡིན་རུང་སྔར་བཞིན་ང་ཚོའི་ཏང་གིས་མི་སེམས་གཅིག་ཏུ་བསྒྲིལ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་གནད་འགག་གི་གནས་དེ་ཡིན། སྐྱོད་ལམ་གསར་པའི་སྟེང་དུ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལས་དོན་སྣ་ཚོགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་བྱེད་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱས་ཏེ། ནམ་ཡང་རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན་པའི་གནས་ལུགས་ཟབ་མོ་སེམས་སུ་འཆང་ནས།  བརྩེ་སེམས་ཟབ་མོ་དང་སྟོབས་ཤུགས་ཡོད་རྒུས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སྟེང་ལེགས་པོར་བསྐྱོད་པ་དང་། བརྩེ་སེམས་ཟབ་མོ་དང་སྟོབས་ཤུགས་ཡོད་རྒུས་དམངས་ཚིས་དོན་དངོས་ལེགས་པོར་བསྒྲུབ་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བདེན་འཚོལ་གྱི་སྙིང་སྟོབས་ངེས་པར་འཛུགས་དགོས། དོན་དངོས་འཛིན་པ་དང་ཕན་འབྲས་དངོས་བླངས་ནས་ལག་ལེན་དངོས་སུ་བསྟར་ཏེ་བསྒྲུབ་དགོས། ལས་བྱེད་པ་ཞིག་གི་བཟང་ངན་འཇལ་ན་ཁོ་རང་གིས་དོན་དངོས་སྒྲུབ་ཐུབ་མིན་དང་སྣང་ཚུལ་བཟང་པོ་སྐྲུན་ཐུབ་མིན་ལ་བལྟ་དགོས། མང་ཚོགས་ལ་དོན་དངོས་བསྒྲུབས་ན། གནད་འགག་ནི་སྤྱོད་ཚུལ་ལེགས་པོ་ཞིག་དང་དོན་དངོས་འགུལ་སྐྱོད་ཅིག་གིས་དོན་དག་ལེགས་པོར་སྒྲུབ་ཐུབ་མིན་དང་དོན་དངོས་སྒྲུབ་མིན་ལ་རག་ལས། ང་ཚོའི་བྱ་བ་ཡོད་ཚད་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་སྐོང་བའི་ཆེད་དུ་ཡིན་ཞིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་ངོ་བོ་དང་རྩ་དོན་ལ་ངོས་འཛིན་གཏིང་ཟབ་བྱེད་དུ་འཇུག་དགོས། ཡོད་ཚད་མི་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ་དང་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་བརྩིས་ཏེ། ང་ནི་སུ་ཡིན་པ་དང་སུ་ཡི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པ་བཅས་ལ་རྒྱུན་ཆད་མེད་པར་ལན་ལེགས་པོར་འདེབས་དགོས།

ང་ཚོའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་བྱུང་བ་ཡིན། ང་ཚོ་ཏང་ཡོན་ལས་བྱེད་པའང་མང་ཚོགས་ཀྱི་ཁྲོད་ནས་བྱུང་བ་ཡིན་པས། མི་དམངས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུ་བའི་ཆེས་རྩ་བའི་རྩ་དོན་དེ་དངོས་འཛིན་ནན་སྒྲུབ་ཁྲོད་ནས་མཚོན་དུ་འཇུག་པ་དང་། ཕྱི་ཚུལ་རིང་ལུགས་དང་ལས་ཁུལ་བྱེད་པ་བཀག་འགོག་བྱེད་ཅིང་། འགན་འཁྲི་གང་ནུས་ཀྱིས་འཁུར་བ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམ་པོར་སྦྲེལ་བ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་མང་ཚོགས་ཀྱི་དགོས་མཁོ། མང་ཚོགས་ཀྱི་རེ་ལྟོས། མང་ཚོགས་ཀྱི་སེམས་ཁུར་བཅས་ནམ་ཡང་སེམས་སུ་འཛིན་པ། འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་ལམ་ལུགས་ལག་བསྟར་བྱེད་པ། དཔོན་ཉམས་མི་སྟོན་པ་དང་འཚབ་འཚུང་སྤོང་བ།  དོན་དངོས་ལ་ཟབ་ཞུགས་བྱེད་པ་དང་ཡུལ་དངོས་ལ་ཟབ་ཞུགས་བྱེད་པ། མང་ཚོགས་ཁྲོད་དུ་ཟབ་ཞུགས་བྱེད་པ།  མང་ཚོགས་ཀྱི་དོན་དངོས་གནས་ཚུལ་རྒྱུས་ལོན་བྱེད་པ།    མྱུར་སྒྲུབ་ཀྱི་ཕན་འབྲས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། སྒྲུབ་ཐུབ་པའི་བྱ་བ་ཚང་མ་ལྷག་བསམ་རྣམ་དག་གིས་ལེགས་པོར་སྒྲུབ་པ། སྒྲུབ་དཀའ་བའི་བྱ་བ་དག་ཆ་རྐྱེན་བསྐྲུན་ནས་སྒྲུབ་པ་བཅས་ཀྱིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རེ་བ་སྩོལ་བ་དང་འགྱུར་ལྡོག་ཚོར་དུ་འཇུག་པ་དང་ཕན་ཁེ་ངོ་མ་ཐོབ་ཏུ་འཇུག་དགོས།

ཏང་གི་སྤྱོད་ཚུལ་ནི་ཏང་དང་མང་ཚོགས་ཀྱི་འབྲེལ་བ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ། བློ་གཏད་ཆོག་མིན་བཅས་ལ་བརྟག་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་དངོས་ཐོག་བདེན་འཚོལ་དང་བདེན་འཛིན་དངོས་གཉེར་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་ཤིང་། དུས་རབས་གསར་པའི་འགུལ་སྐྱོད་ཚོགས་པ་དང་དངོས་སྒྲུབ་པ་ཞིག་བྱས་ཏེ། ཡིད་ཆེས་བརྟན་པ་དང་མི་སེམས་དྲོ་བ། དམངས་སེམས་བསྒྲིལ་བའི་དོན་དངོས་མང་ཙམ་བསྒྲུབས་པ་དང་། སྲིད་ཇུས་སྣ་ཚོགས་ཀྱིས་དོན་ངོ་མས་མི་དམངས་མང་ཚོགས་ལ་ཕན་ཐོགས་ཏུ་འཇུག་པ་དང་། མཐུན་སྒྲིལ་ཧུར་སྐྱོད་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ། ལས་དོན་སྣ་ཚོགས་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་ཧུར་བརྩོན་གྱིས་བསྐྲུན་དགོས། །

སྤྱོད་ཚུལ་འཛིན་དགོས་ན་ངེས་པར་དུ་སློབ་སྲོལ་བསྒྱུར་དགོས།

སློབ་སྲོལ་གནད་དོན་ནི་གནད་དོན་གལ་ཆེན་ཨང་དང་པོ་ཡིན། སློབ་སྲོལ་འཛུགས་སྐྲུན་གྱིས་ཏང་སྲོལ་འཛུགས་སྐྲུན་ཁྲོད་རྨང་གཞི་རང་བཞིན་གྱི་ནུས་པ་ཐོན་ཀྱིན་ཡོད།

སློབ་སྦྱོང་ནི་ང་ཚོ་མི་རེ་རེ་ཡར་ཐོན་འབྱུང་བའི་སྐུལ་འདེད་འཕྲུལ་ཆས་ཡིན་ལ། ཏང་དང་མི་རིགས་མ་འོངས་པར་བསྐྱོད་པའི་ཟམ་པ་ལྟ་བུའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  སློབ་སྦྱོང་ལ་དགའ་ན་ད་གཟོད་ཡར་ཐོན་འབྱུང་། ཀྲུང་གོ་གུང་ཁྲན་ཏང་མི་སློབ་སྦྱོང་ལ་བརྟེན་ནས་དེང་གི་སྐབས་འདིར་སླེབས་པ་ཡིན་ལ། སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་བསྐྱོད་དགོས་པའང་ལྡོག་ཏུ་མེད་པ་ཞིག་ཡིན།   ང་ཚོའི་ལས་བྱེད་པས་ཡར་ཐོན་བརྩོན་པ་དང་།  ང་ཚོའི་ཏང་གིས་ཡར་ཐོན་བརྩོན་པ།  ང་ཚོའི་རྒྱལ་ཁབ་ཀྱིས་ཡར་ཐོན་བརྩོན་པ།  ང་ཚོའི་མི་རིགས་ཀྱིས་ཡར་ཐོན་བརྩོན་པ་བཅས་བྱེད་དགོས་ཚེ། ངེས་པར་དུ་སློབ་སྦྱོང་གི་སྲོལ་ལུགས་ཆེས་ཆེར་དར་སྤེལ་བཏང་སྟེ། སློབ་སྦྱོང་ཆུ་བོའི་རྒྱུན་བཞིན་བརྟེན་པ་རྒྱུན་འཁྱོངས་དང་ལག་ལེན་གསེར་གྱི་ཐིགས་པ་བཞིན་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས།

སྲིད་ཏང་ཞིག་ལ་མཚོན་ན། སློབ་སྲོལ་གྱིས་ཏང་གི་གཞུང་ལུགས་རང་རྟོགས་ཀྱི་ཆུ་ཚད་མཚོན་ཡོད་པ་དང་། ཏང་གི་བསམ་བློ་གཏོང་སྟངས་དང་བྱ་བ་སྒྲུབ་ཐབས་མཚོན་ཡོད་པར་མ་ཟད། ད་དུང་ཏང་གི་བསམ་པའི་ཉམས་འགྱུར་ཡང་མཚོན་ཡོད། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛིན་དགོས་ན་ངེས་པར་དུ་སློབ་སྲོལ་བསྒྱུར་དགོས་པ་དང་། འཇོན་ནུས་འཇིགས་ཉེན་ཡོད་པའི་རང་ཉིད་ངོས་འཛིན་གྱིས། སྐོམ་པ་ཆུ་འདོད་བཞིན་དུ་སློབ་སྦྱོང་བྱེད་པ་དང་། སྐད་ཅིག་ཙམ་ཡང་མི་སྡོད་པར་རང་ཉིད་མཐོར་འདེགས་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དངོས་གནས་སློབ་སྦྱོང་དང་དངོས་གནས་གོ་བ་ལོན་པ། དངོས་གནས་ཡིད་ཆེས། དངོས་གནས་བེད་སྤྱོད་བཅས་བྱེད་དགོས་ལ། ལས་རྐང་གི་འགན་འཁྲི་སྒྲུབ་པར་ངེས་པར་མཁོ་བའི་ཤེས་བྱ་རྒྱུན་ཆད་མེད་པར་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་བཟང་པོ་དེ་བྱ་བར་ཇུས་འགོད་དང་སྐུལ་འདེད་བྱེད་པའི་འཇོན་ནུས་སུ་འགྱུར་དུ་འཇུག་དགོས། སློབ་སྲོལ་བསྒྱུར་བའི་ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། སློབ་སྦྱོང་བྱེད་མཁས་པའི་བྱེད་པོའི་རང་རྟོགས་མཐོར་འདེགས་བཏང་ནས། འགན་འཁྲི་འཁུར་ཐུབ་དགོས་པར་མ་ཟད་འགན་འཁྲི་ཐེག་དགོས་ལ། ཆབ་སྲིད་བཀན་ཞིང་བརྟན་དགོས་པར་མ་ཟད་རྩལ་ནུས་མཐོ་ཞིང་དྲག་དགོས་པ་དང་། གཞུང་ལུགས་ཀྱི་བསམ་བློ་ལེགས་པོ་དང་ཆེད་ལས་བྱང་ཚད་ལེགས་པོ་ཡིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་དགོས།

སྔོན་ཆད་དང་བསྡུར་ན། ང་ཚོའི་ད་ལྟའི་སློབ་སྦྱོང་གི་ལས་འགན་ཇེ་ལྕིར་སོང་ཡོད་པ་ལས་ཇེ་ཡང་དུ་སོང་མེད། དཔལ་འབྱོར་སྤྱི་ཚོགས་ཉིན་རེ་བཞིན་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། ལས་རིགས་སོ་སོ་དང་ཡུལ་ཁོངས་སོ་སོས་རྒྱུན་མཐུད་དུ་གསར་བསྐྲུན་འཕེལ་རྒྱས་བརྩོན་པ་དང་། ཏང་ཡོན་ལས་བྱེད་པས་སློབ་དགོས་པའི་ཤེས་བྱ་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད་ལ། འཇོན་ནུས་འཇིགས་ཉེན་ཇེ་དྲག་ནས་ཇེ་དྲག་ཏུ་འགྱུར་སྲིད། གལ་ཏེ་སློབ་སྦྱོང་ལ་ཤུགས་སྣོན་མི་བྱེད་པ་དང་སློབ་སྦྱོང་ཐད་ཀྱི་དགོས་གཏུག་རང་བཞིན་ཇེ་དྲག་ཏུ་མ་བཏང་ཚེ། བྱ་བ་སོ་སོར་ཐོག་མའི་གོ་སྐབས་དང་རང་དབང། ལེགས་ཆ་སོགས་ཐོབ་ཐབས་མེད། ང་ཚོས་རྒྱུན་དུ་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་བརྗོད་དེ། རྒྱུན་དུ་དུས་བསྟུན་ལྷན་སྐྱོད་དང་ཡར་སྐུལ་ཐེག་ཁུར་བྱེད་ཀྱིན་ཡོད།  དེ་རིང་གི་སློབ་སྦྱོང་དང་ཁྱད་པར་དུ་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་གི་གཙོ་གཞི་ནི་གནད་དོན་གསལ་འགྲེལ་བྱེད་ཆེད་མིན་པར་གནད་དོན་ཐག་གཅོད་བྱེད་ཆེད་ཡིན་པ་དང་།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཁྲོད་ཀྱི་གཏིང་རིམ་གནད་དོན་ཐག་གཅོད་བྱེད་པ། དམངས་ཚིས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པ། ཕྱི་ཡུལ་འཇིག་རྟེན་བསྒྱུར་བཀོད་དང་རང་སྣང་གི་འཇིག་རྟེན་བསྒྱུར་བཀོད་བྱེད་པ་གཉིས་གཅིག་གྱུར་བྱེད་པའི་ནུས་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་པ་ང་ཚོས་གསལ་པོར་རྟོགས་ཡོད་པའི་རྐྱེན་གྱིས་རེད།

སློབ་སྦྱོང་ནི་མདུན་སྐྱོད་ཀྱི་རྨང་གཞི་ཡིན། སློབ་དང་མི་སློབ་དང་ཡིད་ཆེས་སམ་མི་ཆེས། སྤྱོད་དམ་མི་སྤྱོད། དེ་ལས་གཞན་ད་དུང་ཇི་ལྟར་སློབ་པ་དང་ཇི་ལྟར་ཡིད་ཆེས་པ། ཇི་ལྟར་སྤྱོད་པ་སོགས་ཀྱི་སློབ་སྲོལ་གནད་དོན་གྱིས། སློབ་སྦྱོང་གི་དམིགས་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ཐག་གཅོད་བྱེད་བཞིན་ཡོད། ཏང་ཡོན་ལས་བྱེད་པར་མཚོན་ན། བསམ་པའི་ལྷོད་གཡེང་ཁྱད་གསོད་བྱེད་པ་དང་འཇོན་ནུས་འཇིགས་ཉེན་བསལ་བའི་ཐབས་ལམ་གཅིག་པུ་ནི་སློབ་སྦྱོང་བསྒྱུར་བཀོད་དང་སློབ་སྲོལ་བསྐྱར་གསོ་བྱེད་རྒྱུ་དེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཡིན་པའི་ཆ་ནས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་སྣེ་ཁྲིད་དང་སྙིང་སྟོབས་དར་ཆ་གཏན་འཁེལ་བྱས་ཡོད། ང་ཚོས་དགོངས་དོན་གྱི་སྙིང་པོར་གོ་བ་ཟབ་མོ་ལེན་པ་དང་ཁྱོན་ཡོངས་ནས་རང་རྒྱུད་དུ་འབྱོར་བར་བྱེད་པ་དང་། དངོས་གནས་དད་མོས་དང་རྣམ་ཤེས་ཁྲོད་ཞུགས་སུ་བཅུག་སྟེ། རྩ་བ་ཚུགས་པ་དང་གཞི་རྩ་བརྟན་པོར་གཏོང་བ། ནུས་ཤུགས་སྩོལ་བ་དང་རྩལ་ནུས་ཇེ་དྲག་ཏུ་གཏོང་དགོས། བསླབས་རྗེས་སྤྱོད་པ་དང་གཞུང་ལུགས་དང་དངོས་ཡོད་ཟུང་འབྲེལ་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྱིས་ནན་སྟོན་བྱས་པའི་སློབ་སྲོལ་བཟང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་དང་སློབ་སྲོལ། མི་དང་ཏང་དང་རྒྱལ་ཁབ་དང་མི་རིགས་བཅས་ཀྱི་ཡར་ཐོན་ལྷན་གཅིག་ཏུ་སྦྲེལ་ཡོད་པས། གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་ལ་བསམ་གཞིགས་ཟབ་མོ་བྱེད་དགོས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་སེམས་སུ་འཇགས་ཤིང་ལག་ཏུ་འཛིན་དགོས་ལ། སློབ་སྦྱོང་དང་བསམ་བློ། ལག་ལེན། གོ་རྟོགས་བཅས་ཀྱིས་ཤེས་སྤྱོད་ཟུང་འབྲེལ་བྱས་ནས། རང་རང་སོ་སོའི་ཡུལ་ཁོངས་ཀྱི་མཁས་པ་དང་འཇོན་ཐང་ཅན་ལ་འགྱུར་དུ་འཇུག་དགོས་པར་མ་ཟད། དུས་རབས་དང་ཆ་རྐྱེན་འགྱུར་རུང་གུང་ཁྲན་ཏང་མིས་དེའི་ཆེད་དུ་འབད་བརྩོན་བྱེད་པའི་ཕུགས་བསམ་ལ་འགྱུར་བ་མེད་པས། བསམ་བློས་ཏང་འཛུགས་པ་དང་གཞུང་ལུགས་ཀྱིས་ཏང་སྟོབས་ལྡན་དུ་གཏོང་བ་དེ་དུས་རབས་གསར་པའི་ནང་སྔར་ལས་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་སྔར་ལས་ཤེས་རྟོགས་བྱེད་དགོས་པ་དང་། སློབ་སྲོལ་དངོས་གནས་ཚུལ་ལྡན་དང་སློབ་སྲོལ་དངོས་གནས་མཐོར་འདེགས། སློབ་སྲོལ་དངོས་གནས་ལེགས་བཅོས་བཅས་བྱས་ན། ད་གཟོད་འཇོན་ནུས་འཇིགས་ཉེན་སེལ་ཐུབ་པ་དང་ཉམས་སད་ཆེན་པོ་བཞི་ལ་གདོང་གཏོད་ཐུབ་པ། སྲིད་འཛིན་ལེགས་ཆ་ཇེ་བཟང་དུ་གཏོང་ཐུབ་པ་དང་། ད་གཟོད་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དང་སྔར་ལས་ལེགས་པར་ཞབས་ཞུ་སྒྲུབ་པ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དྲང་ནུས་གཅིག་སྒྲིལ་དང་གསར་སྐྲུན་གསར་པ་སྐུལ་སྤེལ་བྱེད་པ། བྱས་རྗེས་གསར་པ་འཇོག་པར་སྣེ་ཁྲིད་བཅས་བྱེད་ཐུབ།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།